ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པར་མུ་མཐུད་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-18


ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པ་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་མུ་མཐུད་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པ་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་མུ་མཐུད་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།

        གྲངས་འཛིན་ཕྱོགས་སྒྱུར་གནད་དོན་ལ་གྲོས་བསྡུར་བྱེད་སྐབས། ཞི་ཅིན་ཕིང་གིས་མིག་སྔར་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་གོ་ལ་ཧྲིལ་པོའི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་བྱེད་མགྱོགས་སུ་ཕྱིན་ནས་འཛམ་གླིང་གི་དཔལ་འབྱོར་བཀོད་པར་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་གཙོ་གཉེར་བྱས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་རིང་གྲངས་འཛིན་དཔལ་འབྱོར་དེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་རིམ་ནང་ཐོག་མར་བཅུག་ནས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་འཕར་བའི་འགུལ་ནུས་སྔོག་འདོན་བྱ་རྒྱུ་བཏོན་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཉི་ཤུ་ཚོགས་པས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་བསྟུན་པ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་དེ་བས་མང་བ་གཅིག་ཏུ་བསྡུས་ནས་མཉམ་ལས་དེ་བས་མང་བ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། རེ་བར་ཕྱོགས་ཁག་གིས་གྲངས་འཛིན་མཉམ་ལས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་པ་རེད།

        གཅིག་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྒོ་དབྱེ་དང་། བསྟུན་མཁས། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་མཉམ་དུ་བཏོད་དེ་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་གྱི་ཐད་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་གྲངས་འཛིན་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་མ་གཏོང་བའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་དགོས། “སྒོ་ར་ཆུང་ཆུང་གི་མཐོ་གྱང”ཟེར་བ་དོན་གཉེར་བྱེད་པ་དང་ཚན་རྩལ་མཉམ་ལས་ལ་ཚོད་འཛིན་ནམ་འགལ་རྐྱེན་བཟོས་ཏེ་གཞན་ལ་གནོད་པ་དང་རང་ལ་མི་ཕན་པའི་བྱེད་སྤྱོད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་གྱི་མེད། གཉིས་ནས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲངས་འཛིན་ཧེ་བག་ཆུང་དུ་གཏོང་དགོས་ཤིང་། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་གྲངས་འཛིན་དུས་རབས་ཀྱི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་དམངས་ཡོངས་ཀྱི་གྲངས་འཛིན་རྩལ་ནུས་དང་བྱང་ཚད་མཐོ་རུ་གཏོང་བ། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཉམས་ཞན་ཚོགས་སྤྱི་གྲངས་འཛིན་ཅན་གྱི་ཚ་རླབས་ནང་མཉམ་འདྲེས་བྱ་རྒྱུར་རོགས་རམ་བྱས་ནས་གྲངས་འཛིན་གྱི་ཧེ་བག་ཧུར་ཐག་སེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་གྲངས་འཛིན་དར་གོས་ལམ་བུ་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་གྲངས་འཛིན་དཔལ་འབྱོར་དེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་གཙོ་གནད་མཉམ་ལས་ཀྱི་ཁྱབ་ཁོངས་སུ་བརྩིས་ནས་དེའི་ཐད་ཕྱོགས་ཁག་དང་མཉམ་ལས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གསུམ་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ནད་ཡམས་རྗེས་ཀྱི་སླར་གསོར་རམ་འདེགས་བྱེད་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས《རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲངས་འཛིན་གསར་གཏོད་མཉམ་ལས་ཀྱི་བྱ་སྤྱོད་འཆར་གཞི》བཏོན་པའི་དམིགས་ཡུལ་ནི་གྲངས་འཛིན་ལག་རྩལ་གསར་གཏོད་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་གསར་གཏོད་ཀྱི་གྲུབ་འབྲས་ཀུན་ཕན་མཉམ་སྤྱོད་ཐུབ་པ་བྱ་ཆེད་ཡིན་པས་ཕྱོགས་ཁག་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་དང་མུ་མཐུད་མཉམ་ལས་བྱས་ནས་ཀུན་ཕན་དོ་སྙོམས་དང་། མཐུན་སྦྱོར་བསྟུན་མཁས། མཉམ་ལས་གཉིས་ཕན། ཐུན་མོང་དར་རྒྱས་བཅས་ཀྱི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་གྱི་བཀོད་པ་ཞིག་ལག་གདང་སྦྲེལ་ནས་གཏོད་འདོད་ཡོད་ཅེས་གསུངས་པ་རེད།

        དབུ་ཚོགས་ཐོག 《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་པཱ་ལི་གླིང་ཕྲན་དབུ་ཚོགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད།

        ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་དགོང་མོ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་དང་སྐུ་ཟླ་དབྱིན་ལི་ཡ་ནཱས་པཱ་ལི་གླིང་ཕྲན་ཧྲེན་དབྱིང་ཐང་ཆེན་དུ་གཉེར་བའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཀྱི་དགའ་བསུའི་དགོང་མོའི་གསོལ་སྟོན་ལ་ཞུགས་པ་རེད།

        ཝང་དབྱི་དང་ཧོ་ལི་ཕུང་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1