༄༅། །ཏ་ཟིག་འ་ཞ་བོན་པོ་ཞེས་པའི་མིང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་གནད་དོན་འགའ་ལ་དཔྱད་པ།

ཚེ་རིང་རྡོ་རྗེ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བལས་དྲངས།། སྤེལ་དུས། 11-21


   [གནད་བཏུས] «བཀའ་ཐང་སྡེ་ལྔ»ལས་བྱུང་བའི“ཏ་ཟིག་འ་ཞ་བོན་པོ”ཞེས་པའི་ཐ་སྙད་གསེད་བཀྲོལ་བྱས་པ་བརྒྱུད། བོད་སྔ་རབས་ཀྱི་ཆོས་འབྱུང་ཁ་ཤས་སུ་འཁོད་པའི་རྒྱལ་པོ་གྲི་གུམ་བཙན་པོའི་རིང་ལ་རྒྱ་གར་གྱི་བྱེ་བྲག་པའི་གཞུང་བྱུང་ཡོད་པར་བཏོན་པ་ལ་ལོ་རྒྱུས་ཀྱི་ཁུངས་བཙུན་པར་བརྗོད་དེ། «རོ་ལངས་གསེར་སྒྲུབ་ཀྱི་སྒྲུང»ནི་སྒྲུང་ལྡེའུ་བོན་གསུམ་གྱི་སྒྲུང་ཞིག་ཡིན་ཚུལ་དང་། དེ་ནས་འ་ཞ་མི་རིགས་ཀྱི་རུས་རྒྱུད་ཀྱི་ཐོག་མའི་མཆེད་ཁུངས་དེ་ཨརྱ་མི་རིགས་སུ་འབྲེལ་ཚུལ། ཁྱད་པར་བོན་གྱི་སྲིད་པ་སྒོ་ང་ལས་གྲོལ་ཚུལ་ནི་བྱེ་བྲག་པའི་གཞུང་ལས་བསྒྱུར་བར་འདོད་པའི་རྩ་བའང“ཏ་ཟིག་འ་ཞ་བོན་པོ”ཞེས་པའི་ཐ་སྙད་ལ་རག་ལས་པར་དཔྱད་ཞིབ་ཕྲན་ཙམ་བགྱིས་ཡོད།

[གནད་ཚིགཏ་ཟིག་འ་ཞ་བོན་པོ། སྒྲུང་ལྡེའུ་བོན་གསུམ། ཨརྱ། སྲིད་པ་སྒོ་ང་།




དང་པོ། མུ་སྟེགས་བོན་པོ་འ་ཞའམ་ཏ་ཟིག་འ་ཞ་བོན་པོ་ཞེས་པའི་ཐ་སྙད་གསེད་བཀྲོལ།

        «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དང«གྲུབ་མཐའ་ཤེལ་གྱི་མེ་ལོང»སོགས་ཆོས་འབྱུང་འགའ་ཞིག་གི་ནང་དུ་བོན་གྱི་སྲིད་པ་སྒོ་ང་ལས་གྲོལ་ཚུལ་ནི་དབང་ཕྱུག་གམ་བྱེ་བྲག་པའི་གཞུང་ལས་བྱུང་བར་འདོད་པའི་རྩ་བ་ནི་སྐབས་འདིའི་འ་ཞ་བོན་པོའམ་ཏ་ཟིག་འ་ཞ་བོན་པོ་ཞེས་པ་ལ་རག་ལས་པས། འདི་ལ་གོ་བ་གཏིང་ཟབ་ཅིག་ལོན་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ།

        གཅིག ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོན་པོ་ཞེས་པ་ནི་བླ་མའི་དོན་ལ་འཇུག་ཚུལ།

        ཨརྱ་ནི་འཕགས་པ་ཞེས་པའི་དོན་དང་འ་ཞ་བོན་པོ་ཞེས་བརྗོད་པའི་འ་ཞ་དེ་ཡང་འཕགས་པའམ་མཆོག་གི་དོན་ལ་འཇུག །འ་ཞ་བོན་པོ་ཞེས་ཐ་སྙད་གཉིས་ལྷན་དུ་སྦྱར་བའི་བོན་པོ་ཡང་ད་ལྟ་འགའ་ཞིག་གི་ངོས་འཛིན་སྟངས་ལྟར་སྟོན་པ་གཤེན་རབ་མི་བོ་ཆེའི་ཆོས་བྱེད་མཁན་ལ་མི་གོ་བར། དེ་ནི་ཆོས་དང་རིག་གནས་གང་རུང་ལ་མཁས་པའི་མིང་སྟེ་དེང་སང་བླ་མ་འཕགས་པའམ་བླ་མ་མཆོག་དང་ཕུལ་བྱུང་གི་དོན་ལ་འཇུག་པ། གཅིག་ནས་ཏུན་ཧོང་ཡིག་རྙིངP.T992ཤོག་དྲིལ་གྱི་ཤོག་ལྷེ27པའི་ཐིག་ཕྲེང1པོར། བོན་པོ་དང་པོན་མོ་གཉིས་ལྷ་བཀའ་ནོད་ཅིང་ཁ་ནས་བྱུང་རྒྱལ་དུ་སྨྲ་བ། ཞེས་དང་། P.T.119ཤོག་དྲིལ་གྱི་ཐིག་ཕྲེང10པར། ལྷ་དང་འདྲེ་ལས་སྩོགས་པ། མྱིའི་སྤྱོད་ཡུལ་དུ་མ་གྱུར་པའི་རྣམས། །ངས་མཐོང་ངོ་ཞེས་ཟེར་བ། དཔེར་ན་བོན་པོ། བོན་མོ་ལྟ་བུ། ཞེས་སྔོན་གྱི་དུས་སུ་བོན་པོ་དང་བོན་མོ་ནི་སྐབས་དེའི་མི་རྣམས་ཀྱིས་བཀུར་ཡུལ་དུ་གྱུར་བའི་ལྷ་མཐོང་འདྲེ་མཐོང་སྨྲ་བའི་མི་སྟེ༑ དེང་སང་ལྷ་བའམ་ཡང་ན་ལེགས་ཉེས་སྤང་བླང་གི་ཁྱད་པར་སྟོན་པའི་བླ་མ་ཞེས་པ་དང་མཚུངས་པ་ལས་ཤེས་ཐུབ་ལ༑ གཉིས་ནས་རྒྱལ་བོ་གྲི་གུམ་བཙན་པོའི་རིང་ལ་བོན་པོ་འ་ཞ་དང་རཏྣ་སིདྡྷ་སོགས་གདན་དྲངས་ཏེ་བོན་ཆོས་ཐོག་མར་བསྣུབས་པ་དང་། མཐར་བཙན་པོ་རང་ཉིད་ལྐོག་གསོད་ཐེབས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལས་ཀྱང་གསལ་པོར་ཤེས་ཐུབ།

        བོན་ཞེས་པའི་མིང་འདིའི་འབྱུང་ཁུངས་རྣལ་མ་ནི་བོད་སྐད་ཀྱི་བརྡ་རྙིང་བཟླས་པའམ་དེའི་བརྗོད་ཚིག་བོན་པ་སྟེ༑ བཟླ་བ་ཞེས་པའི་དོན་ལ་འཇུག་ཅིང་། མིང་དེ་སྐད་དུ་གྲགས་པའི་རྒྱུ་མཚན་ནི་གནའ་དུས་སུ་སྔགས་བཟླ་བའམ་དེར་འབྲེལ་གྱི་ཆོ་ག་དང་རིམ་གྲོ་བྱེད་པ་ལ་བོན་དང་། དེ་ལྟར་བྱེད་མཁན་གྱི་གང་ཟག་དེ་ལ་བོན་པོ་ཞེས་པའི་ཐ་སྙད་ཆགས་འདུག །ཏུན་ཧོང་ཡིག་རྙིང་ཁྲོད་དུ་བོན་དང་བོན་པོ་ཞེས་པའི་ཐ་སྙད་ཀྱི་ཡིག་ཆ་མང་པོ་ཡོད་རུང༌། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་ཆ་ཁྲོད་དུ་བོན་དང་ཐད་ཀར་འབྲེལ་བའི་ཡིག་ཆ་བཅུ་གསུམ་ཙམ་མཆིས། དེ་དག་ལ་མཚོན་ན། བོན་པོ་འབོ་བུ་ལག་ངན་གྱྀས་བྱད་ཁྱིམ་སྲེ་ནྀ་ཕུབ། དཀུ་ཟངས་ནི་བཙུགས་པ་ལུག་དཀུ་ལུག། །བྱད་ལུག། །སྡང་ལུག་ནི་བསད། ཅེས་བྱད་ནི་མཐུ་གཏད་སོགས་གནོད་བྱེད་ཀྱི་ནུས་པ་དང་ལྡན་པ་དཔེར་ན་བན་བྱད་དང་བོན་བྱད་ལྟ་བུ།བོན་པོ་འབོ་བུ་ལག་ངན་ཞེས་པ་ནི་གཏད་རྒྱག་མཁན་ནམ་དམོད་པ་བྱེད་མཁན་ཡིན། དཀུ་ཟངས་ནི་གེ་ཁོད་ཀྱི་ཆོ་གའི་སྐབས་སུ་བཤད་པའི་དབལ་ཟངས་དང་འདྲ་བར་པ་ལུག་དཀུ་ལུག་བྱད་ལུག་སྡང་ལུག་སོགས་བསད་དེ་བྱད་ཁ་ཟློག་པའི་ཆོ་ག་སྤེལ་ཞེས་པའི་དོན་ཡིན། སྐབས་འདིའི་བོན་པོ་ནི་ཆོས་ལུགས་ཀྱི་ཆོ་ག་སྤེལ་བའི་གང་ཟག་གཙོ་བོ་སྟེ་བླ་མ་ལ་གོ་དགོས། ཞང་ཞུང་གི་སྐད་དུ་བོན་ཞེས་པ་འདིའི་སྐད་དོན་ནི་གྱེར་ཡིན་པ་སྣང་གསལ་སྒྲོན་མེ་ལས། “དྲུང་མུ་གྱེར་གྱི་མུ་ཡེ་ཁི་ཁར་ལགས།” ཞེས་པའི་དོན་བོད་སྐད་དུ“གཡུང་དྲུང་བོན་གྱི་མཁའ་དབྱིངས་འོད་ཟེར་ལས།”ཞེས་པ་དང་། ཡང་དེ་ལས། “ངྷེ་ཏུར་ཐ་ཅོ་དི་རོ་གྱེར་མུ་ཡེ།”ཞེས་པའི་དོན་བོད་སྐད་དུ“བདལ་བ་ཆེན་པོ་འགྱུར་མེད་བོན་གྱི་དབྱིངས།”ཞེས་པ་དང་། “ཡོ་ནིང་ལིག་ཞི་གྱེར་གྱི་ཞིག”ཞེས་པའི་དོན་ནི་བོད་སྐད་དུ“ཡོད་ཁམས་སྲིད་པ་འཛིན་གྱི་བོན།”ཞེས་དུ་མ་ཞིག་བཀོད་འདུག་པ་དང་། སྲིད་པ་མཛོད་ཕུག་ལས། “མ་མིག་དྲུང་མུ་གྱེར་མུ་ཡེར།”ཞེས་པའི་དོན་ནི་བོད་སྐད་དུ། “མུ་མེད་གཡུང་དྲུང་བོན་གྱི་དབྱིངས”དང་། “དམུ་རི་ཕྱོད་སངས་གྱེར་མུ་གང་།”ཞེས་པའི་དོན་བོད་སྐད་དུ“མཁའ་ལ་གསལ་རྫོགས་བོན་གྱི་མཛོད།”ཞེས་པ་སོགས་ཞང་ཞུང་སྐད་དུ་ནི་བོན་ལ“གྱེར”ཅེས་སུ་གྲགས་པ་དང་། འདི་ནི་ཞང་བོད་ཐུན་མོང་དུ་གྱུར་བའི་ཚིག་ཅིག་ཡིན་པ་དཔེར་ན། “བསང་གི་ཆོ་ག་འདི་ལྟར་གྱེར”དང་། “གླུད་ཀྱི་ཆོ་ག་འདི་སྐད་དུ་གྱེར”ཞེས་པ་ལྟ་བུ།[19] གང་ལྟར་སྐབས་འདིའི་བོན་ཞེས་པ་ནི་བཟླ་བ་དང་འདོན་པའམ་ཀློག་པ་ཞེས་པའི་དོན་ཡིན་ནོ། །

      གཉིས། ཏ་ཟིག་ནི་པར་སིག་གི་ས་མཚམས་དང་ཀ་ར་ཀོ་རུམ་རི་རྒྱུད་ཀྱི་ཡུལ་སྡེ་སུམ་ཅུ་རྩ་གཉིས་ཡིན་ཚུལ།

        ཏ་ཟིག་འ་ཞ་བོན་པོ་ཞེས་པའི་ཏ་ཟིག་ནི་དེང་དུས་ཀྱི་པར་སིགགི་ཡུལ་ལ་མི་གོ་སྟེ། བོན་གྱི་ཡིག་རྙིང་དག་ཏུ”སྟག་གཟིག”གི་ཐ་སྙད་སྦྱར་ཡོད་ཅིང་། གནའ་དུས་སུ་གྲགས་ཆེ་བའི་སྟག་གཟིག་གི་ཡུལ་ཞེས་པའི་ཐ་སྙད་དེའི་གདགས་གཞི་གཙོ་བོ་ནི་དེང་དུས་ཀྱི་པར་སིག་གི་ཡུལ་ལམ། དེའི་མངའ་ཁོངས་ཡིན་དགོས་པའི་ངེས་པ་ཡེ་ནས་མེད་དེ། དེང་སྐབས་ཨུ་རུ་སུའི་མངའ་ཁོངས་སུ་གཏོགས་པའི་མི་སྡེ“ཏ་ཇི་ཀ་སྟན” ཞེས་བྱ་བའི་མི་རིགས་དེར་ཏ་ཟིག་གི་ཐ་སྙད་མངོན་གསལ་དུ་སྣང་བ་གཅིག་པུས་ཀྱང་བདེན་དཔང་བྱས་ཆོག །འོ་ན་སྟག་གཟིག་གམ་ཏ་ཟིག་ཅེས་པ་དེ་དོན་གྱིས་ཡུལ་གང་ཞིག་ལ་ངོས་འཛིན་དགོས་ཤེ་ན། བོན་གྱི་ཡིག་ཆ་གཞིར་བཟུང་སྟེ་དཔྱད་ན་ཅུང་གནད་དུ་འཁེལ་བར་འཁུམས་ཏེ། «འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ»ལས།“ཞང་ཞུང་གི་ཡུལ་སྒོ་ཕུག་བར་གསུམ་ལས། ཞང་ཞུང་ཕུག་པ་ནི་གངས་ཏི་སེའི་ནུབ་ཕྱོགས་ཟླ་བ་གསུམ་ལྷག་གི་ལམ་ན་མེ་སག་གི་པར་སིག་དང་། བྷ་དག་ཤན་དང་། བྷ་ལག་སོགས་ཡོད་པའི་ཡུལ་དང་ཉེ་བར་སྔོན་གྲོང་ཁྱེར་རྒྱལ་བ་མཉེས་མཚལ་བྱ་བ་དེར་རི་བོ་ཆེན་པོ་རྩེ་ལྔ་པ་གསང་མཆོག་གི་སྐུ་རང་བྱུང་དུ་ཡོད་པ། རྒྱལ་གཤེན་མི་ལུས་བསམ་ལེགས་བྱོན་སྐབས་རྒྱལ་མཁར་བ་ཆོད་ཅེས་པ་ཆགས།”[20]ཞེས་ཞང་ཞུང་ཕུག་པའི་ཡུལ་ཁམས་དེ་པར་སིག་གི་ཡུལ་དང་ཉེ་བར་ཡོད་པ་ལྟར་ན། བོད་དུ་གྲགས་ཆེ་བའི་ཏ་ཟིག་གམ་སྟག་གཟིག་ཅེས་པ་དེ་པར་སིག་དངོས་ལ་ངོས་འཛིན་གྱི་མེད་པ་དང་། དེར་མ་ཟད་གནའ་རབས་ཞང་ཞུང་གི་མངའ་ཁོངས་སུ་གཏོགས་པའི་ནུབ་མཐའ་ནི་པར་སིག་ཡུལ་དང་ཀ་ར་ཀོ་རུམ་རི་རྒྱུད་ཀྱིས་བར་ཆད་པའི་ས་མཚམས་སུ་སླེབས་པར་བཤད་པའི་དགོངས་དོན་དང་ཡང་མཐུན། ཡང་དེ་ལས།“ཡུལ་སྡེ་སུམ་ཅུ་རྩ་གཉིས་ཡོད། བླ་མ་ཆེ་བཞི་སོགས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པ་སྤེལ་པས་མཁས་པ་དང་། གྲུབ་ཐོབ་ནམ་མཁའ་ལ་འཕུར་ནུས་པ་མང་དུ་བྱོན། དེང་སང་མཐའ་མིས་དབང་བྱས་པས་བསྟན་པ་རྣལ་མ་མེད་ཀྱང་། བོད་དང་རྒྱ་གར་ནག་གི་དགེ་སྦྱོར་བ་རེ་གཉིས་ཡོད་ཅིང་ནང་པ་ལ་དད་པ་ཆེ་འདུག་ཟེར།”[21]ཞེས་ཏ་ཟིག་གི་ཡུལ་ལ་ནང་བའི་བསྟན་པ་དར་ཡོད་པས། «བཀའ་ཐང་སྡེ་ལྔ»ནང་གི་ཏ་ཟིག་འ་ཞ་བོན་པོ་དེ་ཡང་གོང་ནས་གླེང་ཟིན་པ་ལྟར་རྒྱ་གར་བྱེ་བྲག་པའི་ལྟ་བ་འཛིན་མཁན་ཞིག་ཡིན་པ་ར་སྤྲོད་བྱས་སོང་། དེ་ལྟར་ན་སྐབས་འདིའི་གདགས་གཞི་གཙོ་བོ་སྟག་གཟིག་གམ་ཏ་ཟིག་ཅེས་པ་དེ་པར་སིག་གི་ས་མཚམས་དང་། ཀ་ར་ཀོ་རུམ་རི་རྒྱུད་ཀྱི་ནང་ཁོངས་སུ་ཡོད་པའི་ཡུལ་སྡེ་སུམ་ཅུ་རྩ་གཉིས་ལ་ངོས་བཟུང་ན་ཤིན་ཏུ་འོས་པར་སྙམ། དེ་མིན་པར་པར་སིག་གི་ཡུལ་དངོས་ལ་ངོས་འཛིན་གནང་ཚེ་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དང་། ཁོང་གིས་བསྟན་པ་གནང་སའི་གནས་འོལ་མོ་ལུང་རིང་ངམ་འོལ་མོ་གླིང་ཞེས་པ་ཡང་པར་སིག་གི་ཡུལ་ཞིག་ཏུ་འགྱུར་འགྲོ་བས་ལུང་རིགས་གཉིས་དང་འགལ་འདུག །དེ་ཡང«སྲིད་པ་སྤྱི་མདོས»ལས། “བསྭོ་ཡ་ཀི་སྐྱིད་པོ་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞི་འདུས་མགོ །རི་རྒྱལ་ཏི་སེ་མདུན། མཚོ་རྒྱལ་མ་པང་འགྲམ། འོལ་ལུང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར།”[22]ཞེས་གཤེན་རབ་མི་བོ་ཆེ་གང་དུ་བཞུགས་པའི་གནས་དེ་ནི་ཆུ་བོ་ཆེན་པོ་བཞིའི་མགོ་དང་། གངས་རྒྱལ་ཏི་སེའི་མདུན། མཚོ་མ་ཕམ་གྱི་འགྲམ། འོལ་མོ་ལུང་རིང་གཡུ་ཡི་མཁར་ཞེས་གསལ་བར་བསྟན་ཡོད་པ་དང་། དེ་བཞིན་དུ«མདོ་འདུས»སུ། “དེའི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་།དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། ཆུ་བོ་པཀྵུ་སི་ཏས་རབ་བཅད་དེ།[23]ཞེས་དང་། ད་དུང«རྩ་རྒྱུད་ཉི་སྒྲོན»ལས། “རི་བོ་གངས་ཅན་ཏི་ཙིའི་དྲུང་། མཚོ་ནི་མ་པང་གཡུ་མཚོའི་འགྲམ། ཆུ་བོ་བཞི་འདུས་ཀྱི་མགོ །སྤོས་རི་ངད་ལྡན་དང་ཉེ་བའི་སར། རི་ནག་པོ་དགུ་འདུས་ཀྱི་ར་བ། ཆུ་བོ་པཀྵུ་དྭངས་བསིལ་འདུས་པས་བར་བཅད་པ། གནམ་ནི་འཁོར་ལོ་རྩིབས་བརྒྱད་པ། ས་ནི་པད་མ་འདབ་བརྒྱད་བཀྲ། གཡུང་དྲུང་དགུ་རྩེགས་རི་བོ་མཆོག་རབ་ཚུལ། རིན་ཆེན་བཞི་ལས་གྲུབ་སྟེ་དཔག་ཚད་ལྔ་བཅུ་ཡོད།”[24ཅེས་ཞང་ཞུང་གི་ཡུལ་དབུས་སུ་འོལ་མོ་ལུང་རིང་ཆགས་ཡོད་པ་དང་། འོལ་མོ་ལུང་རིང་ཆགས་པའི་གནས་དེར་རི་བོ་གངས་ཅན་ཏི་སེ་དང་མཚོ་མ་ཕམ་གཉིས་ཡོད་ལ། དེ་གཉིས་ནི་ཆུ་བོ་ཆེན་པོ་བཞིའི་མགོ་ཁུངས་ཡིན་པ་གསལ་བར་བསྟན། ཡིན་ནའང་པར་སིག་གི་ཡུལ་དུ་གངས་ཏི་སེ་དང་མཚོ་མ་ཕམ་མེད་པ་མངོན་སུམ་ཚད་མས་གྲུབ་པས་འདི་ལས་ལྷག་པའི་ལུང་ཞིག་ཡོད་ཀྱང་དེ་ནི་སྦྲུལ་ལ་རྐང་ལག་བྲིས་པའི་དཔེ་ལྟར་སོང་བས་ཅིས་ཀྱང་མི་དགོས་སྙམ།

        འོ་ན་ཕྱིས་ཀྱི་མི་རྣམས་ཀྱིས་ཅིའི་ཕྱིར་འོལ་མོ་ལུང་རིང་ཞེས་པ་དེ་སྟག་གཟིག་གམ་ཏ་ཟིག་ཡུལ་དུ་ཡོད་པའི་སྲོལ་ཞིག་གསར་དུ་བཏོད་པ་རེད་ཅེ་ན། འདི་ལ་ལོ་རྒྱུས་ཀྱི་རྒྱུ་མཚན་གྱི་ངེས་ཅན་ཞིག་ཡོད་དེ། དུས་ཕྱིས་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན་པའི་དུས་ནས་བཟུང་། བོད་ལ་དམ་པའི་ཆོས་ཀྱི་བསྟན་པ་རྒྱ་ཆེར་དར་བའི་རྐྱེན་གྱིས་བོད་མི་ཚོས་རྒྱ་གར་ནས་བྱུང་བའི་དམ་ཆོས་ཙམ་དུ་མ་ཟད། རྒྱ་གར་ལ་གནའ་རབས་ནས་གྲགས་ཆེ་བའི་ཤེས་རིག་རྙིང་མ་ཇི་སྙེད་ཅིག་ཡོད་པ་དེ་དག་བོད་ཀྱི་མཁས་པ་ཚོའི་བློ་གྲོས་ཀྱི་ཆ་རྐྱེན་དུ་ཆགས་ཤིང་། དམ་པའི་ཆོས་ལ་དད་མོས་དང་། དེ་དང་འབྲེལ་བ་རྒྱ་གར་གྱི་ཤེས་རིག་སྣ་ཚོགས་པ་ལ་དོ་སྣང་གང་ཆེར་གྱུར་སྟབས། བོད་ནས་བྱུང་བའི་ཤེས་རིག་དང་། བོད་མིས་བཟོས་པའི་བསྟན་བཅོས་སོགས་ལ‘བོད་མ’ཞེས་མཐོང་ཆུང་བྱེད་པའི་སྲོལ་ཞིག་དར། བོད་མིས་རྒྱ་ཆོས་སམ་རྒྱ་དཔེའི་དོ་ཟླ་ནམ་ཡང་མི་འོངས་བའི་ལྟ་སྟངས་དང་། ལོ་གྲངས་བརྒྱ་ཕྲག་མང་པོའི་རིང་དུ་འཕེལ་རྒྱས་ཤུགས་ཆེ་བ་ཞིག་ཆགས་ཡོད་པ་དེའི་ཤུགས་རྐྱེན་བོན་པོ་རྣམས་ལའང་ཐེབས་ཏེ། ཕྱིས་ཀྱི་བོན་གསར་མ་བ་རྣམས་ཀྱིས་འོལ་མོ་ལུང་རིང་གི་ཁུངས་སྟག་གཟིག་གི་ཡུལ་ལ་བཅོལ་ཏེ‘སྟག་གཟིག་འོལ་མོ་ལུང་རིང’ཞེས་པའི་ཐ་སྙད་བྱས་པ་ཙམ་ལས་རྒྱུ་མཚན་གཞན་ཅི་ཡང་མེད། མདོར་ན་ཏ་ཟིག་གམ་སྟག་གཟིག་སོགས་ནི་དེང་གི་པར་སིག་ལ་མི་གོ་བ་ཤེས་ཐུབ། ཁྱད་པར་འ་ཞའི་བོན་པོ་ནི་རྒྱ་གར་བྱེ་བྲག་པའི་ལྟ་བ་འཛིན་མཁན་ཞིག་ཡིན་པ་ནི་ལོ་རྒྱུས་དངོས་དང་མཐུན་ཏེ། དེ་ནི་འ་ཞ་མི་རིགས་ཀྱི་རུས་རྒྱུད་ཀྱི་ཐོག་མའི་མཆེད་ཁུངས་དེ་རྒྱ་གར་ཨརྱ་མི་

རིགས་ཡིན་པའི་རྒྱུ་མཚན་གྱིས་ཏ་ཟིག་འ་ཞ་བོན་པོ་ཞེས་པའི་འ་ཞ་དེ་འོག་ནས་ཞིབ་ཏུ་བཤད་པར་བྱ།

གསུམ་པ། འ་ཞའི་རིགས་རྒྱུད་དེ་ཨརྱ་མི་རིགས་སུ་འབྲེལ་ཚུལ།

        ལེགས་སྦྱར་སྐད་དུ་ཨརྱ་ཞེས་འབོད་པ་དེ་བོད་སྐད་དུ་འཕགས་པ་ཞེས་སུ་གྲགས་ཤིང་། དེའི་མི་རིགས་དེ་དང་བོད་ཀྱི་རུས་རྒྱུད་ཁྲོད་ཀྱི་ལྡོང་རིགས་འ་ཞ་གཉིས་ལ་འབྲེལ་བ་ཡོད་ཚུལ་ལོ་རྒྱུས་སྨྲ་བ་དང་མིའི་རིགས་པ་བ་སུ་ཞིག་གིས་ཀྱང་གླེང་སློང་གནང་མེད། དེ་བས་འདིར་ལོ་རྒྱུས་མིའི་རིགས་རིག་པའི་མཐོང་ལམ་ནས་མི་རིགས་དེ་གཉིས་ཀྱི་ཐོག་མའི་རུས་རྒྱུད་གཅིག་ཏུ་ངེས་ཚུལ་དང་། རིམ་གྱིས་ཨརྱ་མི་རིགས་དེ་ལས་གྱེས་པའི་རུས་རྒྱུད་ཅིག་མདོ་དབུས་མཐོ་སྒང་དུ་གཞིས་ཆགས་ཤིང་། ལོ་ཟླའི་བསྐལ་བ་རིང་མོའི་བརྒྱུད་རིམ་ཁྲོད་དུ་རུས་རྒྱུད་གཅིག་ལས་གྱེས་པའི་མི་རིགས་མི་འདྲ་བ་གཉིས་སུ་གྱུར་ལ། ཐ་ན་ཡུལ་དུས་ཀྱི་དབང་གིས་མིང་གི་འབོད་སྟངས་ཀྱང་སོ་སོར་བྱུང་། ཁྱད་པར་དུ་རྒྱའི་ཡིག་ཚང་ནང་གི་ཐུ་ལུ་ཧུན(吐谷浑)དང་བོད་ཀྱི་ལོ་རྒྱུས་ཡིག་རྙིང་དག་ན་འཁོད་པའི་འ་ཞ་གཉིས་ནི་རྩ་བའི་རིགས་རྒྱུད་མི་གཅིག་པའི་མི་རིགས་མི་འདྲ་བ་གཉིས་ཡིན་ཚུལ་སོགས་རགས་ཙམ་བརྗོད་པར་བྱ། 

        གཅིག །འ་ཞ་དང་ཨརྱ་ཞེས་པའི་སྒྲ་གདངས་ཀློག་ཚུལ་གཅིག་ཡིན་པ།

        འ་ཞ་ཞེས་པའི་ཐ་སྙད་འདི་བཀླག་པའི་དུས་སུ་རྟག་ཏུ་ད་ལྟའི་འ་དང་ཞ་ཡིག་གི་སྒྲ་བཞིན་ཀློག་བཞིན་ཡོད་ཀྱང་། མིང་འདིའི་འབྱུང་ཁུངས་ཀྱི་ཕུགས་དེད་ན་རྒྱུ་མཚན་གཞན་ཞིག་སྟེ་འཕགས་པའི་སྐད་དོད་ཨརྱའི་སྒྲའི་བཀླག་སྟངས་ཤིག་ཡིན་པ་ནི། ཏུན་ཧོང་ནས་ཐོན་པའིP.T.849ཤོག་དྲིལ་གྱི་ཐིག་ཕྲེང154དང155གཉིས་ཀྱི་མཚམས་སུ། ཨ་སིད་ཏི་བྱེ་འཛ་ན༑ ཀ་ཁ་ག་འག་ང། ཙ་ཚ་ཛ་འཛའ་ཉ། ཏ་ཐ་འད་ད་ནཱ། ཏ་ཐ་འད་ཐ་ན། པ་ཕ་འབ་བ་མ། འཞ་ར་ལ་འབཱ་ས་ས་ས་ཧ་ཁྱའ། ཞེས་ལེགས་སྦྱར་གྱི་གསལ་བྱེད་སོ་བཞི་བཀོད་པའི་ནང་། འཞ་ར་ལ་འབཱ། ཞེས་ཡི་གེ་བཞི་བྱུང་བ་ནི་སོ་སོར་ད་ལྟའི་གསལ་བྱེད་ཡ་ར་ལ་ཝ་རྣམས་ཡིན་ཞིང་། དེ་ལས། འཞ་ཞེས་གསལ་བྱེད་ཉིས་སྦྲགས་ཀྱི་ཚུལ་དུ་བྱུང་བ་དེ་སྒྲ་མཚམས་གཅིག་གི་ཁོངས་སུ་བསྡུས་པའི་ཡི་གེ་ཡིན་པ་ནི་མཐར་གནས་ཀྱི་ཡི་གེ་བཞིའི་དང་པོ་ཡ་ཡིག་གི་དོད་དུ་འཞ་ཞེས་བྱུང་བ་དེས་ཤེས་ཤིང་། ཞའི་སྔོན་དུ་འ་ཡིག་ཐོན་པར་ད་ལྟ་སེམས་ན་རྒྱུ་མཚན་མེད་པ་ལྟ་བུར་གྱུར་མོད། དེ་ལྟའི་འཇོག་ཚུལ་གྱིས་ཡ་ཡིག་སྟོན་པ་ནི་སྐབས་དེའི་མཁས་པའི་ལག་ལེན་ཏེ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་དུ། ཡི་གེ་ལ་ཞིག་གེ[25]ཞེས་བརྗོད་ཡོད་པ་དང་། དེ་མིན་ད་དུང་སྐད་བརྡ་རིག་པའི་ཁྱབ་ཁོངས་ནས་བལྟས་ནའང་། སྒྲ་གདངས་ལ་འགྱུར་བ་བྱུང་པའི་རྒྱུ་རྐྱེན་གཅིག་ནི་སྡེ་བ་གཅིག་གི་ཡི་གེ་ཕན་ཚུན་བརྗེས་པའི་རང་བཞིན་ཅན་ཏེ། དཔེར་ན། ཨ་མདོའི་ཡུལ་སྐད་དུ་མིང་གཞིའི་ཁ་ནི་ག་ལྟར་ཀློག་པ། ལྗང་ཁུ་ལ་ལྗང་གུ ཆུ་ཁོལ་ལ་ཆུ་གོལ ཉིན་དཀར་ལ་ཉིན་གར ཞེས་མིང་གི་ཆ་ཤས་ཕྱི་མ་ནི་གསལ་བྱེད་ཀ་སྡེ་ལས་སྒྲ་མེད་ཀྱི་ཁ་ཡིག་ཡིན་དུས། སྒྲ་མེད་ཁ་ཡིག་སྒྲ་ལྡན་ག་ལྟར་ཀློག་བཞིན་ཡོད་པ་དང་། སྐད་ཆ་ལ་སྐད་ཅ  དཔེ་ཆ་ལ་དཔེ་ཅ  ས་ཆ་ལ་ས་ཅ ཞེས་ཆ་ནི་སྲོག་ཆུང་ཅ་ལྟར་ཀློག ད་དུང་རང་འཐག་ལ་རང་བཏག སོགས་སྡེ་བ་གཅིག་གི་འ་ཡིག་དེ་ཡ་ཡིག་ཏུ་ཀློག་པ་དང་། ཡ་ཡིག་དེ་ཞ་ཡིག་རུ་ཀློག་པ། འ་ཡིག་དེ་ཡ་རུ་ཀློག་པ་སོགས་གང་བདེར་སྤྱོད་པའི་ངོས་ནས་བརྟག་ན་ཨ་མདོ་ས་ཁུལ་དུའང་སྔོན་གྱི་དུས་སུ་ཞ་ཡིག་དང་ཡ་ཡིག་གཉིས་གང་ལ་གང་བདེར་སྤྱོད་པའི་སྲོལ་ཡོད་ཅིང་། ཏུན་ཧོང་ཡིག་རྙིང་དུ་ཡ་ཡིག་གི་དོད་དུ་འཞ། ཞེས་བཀོད་པའང་ཞ་ཡིག་དེ་ཡ་ཡིག་བཞིན་བཀླག་ཆོག་པའི་རྒྱུ་མཚན་གྱིས་ཡིན་པ་གསལ་པོར་ཤེས་ཐུབ། དེ་བས། ཞ་ནི་ཡ་ཡིག་གི་སྒྲ་ལྟར་ཀློག་པ་རང་རེ་སྐད་ཙམ་དུ་མ་ཟད། རྒྱའི་ཡིག་ཚང་དུ“ཐུ་བྷོད”ཅེས་པའི་བོད་ཀྱི་མིང་ཐོག་མར་བྱུང་བའི་ལོ་རྒྱུས་ཡིག་ཆ་སྟེ། ཐང་རྒྱལ་རབས་ཀྱི«ཐང་ཡིག་རྙིང་མ»རུ། ཞང་ཞུང་གི་མིང་ལཞེས་བྱུང་བའི་ནང་། ཞང་དངགཉིས་ཀྱི་སྒྲ་གདངས་མཐུན་ཡོད་པར་བརྟག་ན། བོད་བཙན་པོའི་དུས་སྐབས་སུ་ཞ་ཡིག་དེ་ཡ་སྒྲ་ལྟར་ཀློག་པ་གསལ་ཐུབ། བོད་ལྗོངས་མངའ་རིས་རྩ་འདའ་ཁུལ་དུ་ད་ལྟའང་ཞ་ཡིག་འདི་ཡ་ཡིག་ལྟར་བཀླག་ཆོག་པའི་ཡི་གེ་ཡིན་པ་ལྟར། ད་ལྟའི་ཁམས་སྡེ་དགེ་ཕྱོགས་སུ་གཡག་ལ་གཞག་དང་། གཡག་ཤ་ལ་གཞག་ཤ་ཞེས་ཡ་ལ་ཞའི་སྒྲ་ལྡན་པའི་སྒོ་ནས་ཀློག་བཞིན་ཡོད། དེ་ལྟར་གཅིག་ཤེས་ཀུན་གྲོལ་གྱིས་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་སུ་འ་ཞ་ཞེས་བྱུང་བ་དེ་སྔོན་གྱི་དུས་སུ་འ་ཡ་ཞེས་བཀླག་པ་ཡིན་ལ། དེའི་བྱུང་ཁུངས་ནི་གང་ཡིན་ཞེ་ན། ལེགས་སྦྱར་གྱི་འཕགས་པའི་སྐད་དོད་ཨརྱ་ཞེས་པ་ལས་འགྱུར་འོང་བ་གོང་གསལ་གྱི་སྒྲ་གདངས་ཀློག་ཚུལ་དང་འ་ཞ་བོན་པོ་ཞེས་པའི་ལོ་རྒྱུས་ལས་ཤེས་ཐུབ་བོ། །

        གཉིས། འ་ཞ་དང་ཨརྱ་མི་རིགས་གཉིས་ཀྱི་ཐོག་མའི་སྡོད་ཁོངས་དང་རིགས་རྒྱུད་གཅིག་ཡིན་ཚུལ།

        «ཆོས་འབྱུང་མཁས་པའི་དགའ་སྟོན»ལས། “དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །གུ་རུ་ཝ་ཏ་ཞེས་བྱའི་ཡུལ་ཁམས་ནས། །མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང་། །”[27]ཞེས་འ་ཞ་བོན་པོ་བྱུང་ཡུལ་ནི་གུ་རུ་ཝ་ཏ་ཡིན་པ་དང་། དེ་བཞིན་རྒྱའི་ཡི་གེར་ཨརྱ་མི་རིགས་ཀྱི་གནས་ཡུལ་ནི་ཨུ་རུ་སུའི་ལྷོ་རྒྱུད་ཀྱི་རི་ཁུལཞེས་འབོད་པའི་ཡུལ་གཉིས་བསྡུར་ཚེ། གུ་རུ་ཝ་ཏ་ནི་རྒྱའི་ཡི་གེརཞེས་པའི་འབྲི་ཚུལ་ཡིན་པ་དང་། དེ་ལས་ཞིབ་ཏུ་བརྗོད་ནཞེས་པ་ནི་བོད་ཀྱི་ཡི་གེར་གུ་ར་ཞེས་བཀོད་པའི་སྒྲ་གདངས་འགོད་ཚུལ་ཡིན་ལ།  ནི་ཡིག་རྙིང་ཁག་ཏུ་ཝ་དང་འྭ་གཅིག་ཏུ་བྱས་པའི་རྣམ་པ་ལསཞེས་པ་ནི་གོང་གསལ་བསྟན་བཅོས་སུ་གུ་ར་ཝ་ཏ་ཞེས་པ་དེ་ཡིན་པ་ཤེས་ཐུབ།[28] དེ་བཞིན «དེབ་ཐེར་དཀར་པོ»རུ།“འ་ཞ་དེ་སོག་རིགས། དིང་སང་ཨུ་རུ་སིའི་ཁོངས་སུ་ཡོད།”[29]ཅེས་འ་ཞའི་རིགས་འཚོ་ཡུལ་ནི་ཨུ་རུ་སུའི་ས་ཁོངས་ཡིན་པར་བཤད་ཅིང་རིགས་ཀྱི་སྤྱི་མིང་ལ་སོག་རིགས་ཞེས་བརྗོད་པ་དེ་སྔོན་གྱི་དུས་སུ་སྟག་གཟིག་དང་ཉེ་བའི་ཡུལ་དུ་སོག་དག་ཅེས་པའི་མི་རིགས་ཤིག་ཡོད་པ་དང་། རྗེས་སུ་ཨུ་རུ་སུའི་འདབས་འབྲེལ་དུ་གནས་པའི་སོག་པོའམ་ཧོར་རིགས་སུ་གྲགས་པ་དག་ལ་འཁྲུལ་མི་རུང་བར། དེའི་བསྟན་ཡུལ་ནི་བྱང་ཕྱོགས་སུ་འཚོ་བའི་ཨརྱ་འམ་འ་ཞའི་རིགས་དེའི་མིང་བརྗོད་ཚུལ་ཡིན། དེ་བས་ཕྱིས་སུ་མི་རིགས་གཉིས་སུ་ངོས་འཛིན་སྣང་བའི་འ་ཞ་དང་ཨརྱ་གཉིས་ཀྱི་ཐོག་མའི་སྡོད་ཁོངས་གཅིག་ཡིན་ལ། མིང་འབོད་ཀྱི་སྒྲ་གདངས་ཀྱང་མཚུངས་བས་ཁོ་ཚོ་ནི་རུས་རྒྱུད་གཅིག་ལས་མཆེད་པའི་མི་རིགས་གཉིས་ཡིན་པ་བློ་ཡིས་དཔག་ཐུབ། ཨརྱའི་བཀླག་ཚུལ་གཞན་ཏེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི«སྒྲ་ཉེར་བ་བསྡུས་པ་བཞུགས»པ་ལས། “འཕགས་པ(ཨརྱ)ཨ་རྒྱར་བཀླགས་པས་འཁྲུལ། །”[30]ཞེས་པ་ལྟར་ཨརྱ་ལ་ཨ་རྒྱ་ཞེས་བཀླགས་མྱོང་བ་ཤེས་ཐུབ་ལ། བཀླག་སྟངས་འདི་དེང་སང་ཡང་ཨ་མདོའི་ཡུལ་སྐད་དུ་ཡོད་དེ། དཔེར་ན། ཨ་ཕ་ལ་ཨ་རྒྱ། ཕུ་བོ་ལ་ཨ་རྒྱ། ཞང་བོའི་སྤུན་ལ་ཨ་ཁུ་རྒྱ་ལྟ་བུའོ། །

        གསུམ། བོད་ཡུལ་དུ་བྱུང་བའི་འ་ཞ་མི་རིགས་དང་རྒྱའི་ཡིག་ཚང་དུ་བཀོད་པའི་ཐུ་ལུ་ཧུན།

        རྒྱ་གར་གྱི་ཡུལ་དུ་ཨརྱ་མི་རིགས་བྱུང་བའི་ལོ་རྒྱུས་ནི་ཤིན་ཏུ་རིང་སྟེ། སྤྱི་ལོ་སྔོན་གྱི1200དུས་སུ་ཁོ་ཚོར་ཨུ་རྒྱན་གྱི་ཡུལ་བརྒལ་ཏེ་རྒྱ་གར་ཆུ་བོ་སིནྡྷུའི་འགྲམ་དུ་སླེབས་པ་དང་། དུས་ཡུན་རིང་པོར་ས་དེ་གའི་མི་དང་འཐབ་རྩོད་བྱས། མཐར་སྤྱི་ལོ་རྗེས་ཀྱི་དུས་རབས6པའི་དུས་སུ་ཨརྱ་མི་རིགས་རྒྱལ་ཏེ་ཡུལ་ཁམས་དེའི་བདག་པོར་གྱུར། དེ་ལ«དེབ་ཐེར་ལྗང་གུ»ལས། “ཀ་ཀ་སུ་སའིབྱང་ཕྱོགས་སུ་གནས་གཞི་ཆགས་པའི་རྒྱ་གར་གྱི་འཕགས་པའི་མི་རིགསརྣམས་ཀྱི་ཕྱི་ལོའི་གོང་ཧིན་དུ་ཀུ་ཤརི་རྒྱུད་བརྒལ་ནས་བཙན་འཛུལ་བྱས། སྣ་གུག་ཆུང་ལ་ཤ་མདོག་ནག་པོའི་གདོད་མའི་མི་རིགས་རྣམས་བཙན་གནོན་དང་འབྲེལ་ད་ལྟའི་པཉབ་ཏུ་གཞིས་ཆགས། དེ་ནས་རིམ་གྱིས་རྒྱ་བསྐྱེད་དེ་ནང་ཆོས་དར་སྐབས་ཆུ་མོ་གངྒཱའི་བར་དཀྱིལ་བར་མངའ་འོག་ཏུ་བསྡུས་ཡོད།”[31]ཅེས་བཀོད་ཡོད། རྒྱ་བོད་ལོ་རྒྱུས་ཡིག་ཆ་གང་ནའང་འ་ཞའམ་ཨརྱའི་རིགས་དེ་བོད་ལ་ཇི་ལྟར་བྱུང་ཚུལ་གྱི་ཁུངས་དངོས་སུ་བསྟན་མེད་ཀྱང་། རྒྱ་གར་གྱི་རིགས་རྒྱུད་བོད་དུ་བྱུང་བ་ནི། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»ལས། “རུ་པ་ཏི་བྱ་བའི་རྒྱལ་པོ། དཔུང་གི་ཚོགས་ཤིག་དང་བཅས་པས་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་བྱས་ནས་བྲོས་ཏེ། རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ། གནས་པའི་རིགས་དེ་ལ་བོད་ཅེས་གྲགས་པ་ཡིན་ནོ།”[32]ཞེས་དང་། ཡང་དེ་ལས། “དམག་རྒྱལ་པོའི་བུ་ཆུང་ཤོས་རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་འཁོར་དང་བཅས་པས། སྲིད་སྒྲུབ་ཀྱི་དམག་གིས་འཇིགས་ཏེ། བུད་མེད་ཀྱི་ཆས་སུ་ཞུགས་ཏེ། རང་གི་ཇོ་བོ་བསད་པའི་འཁོར་མི་བྱའོ། །ཞེས་བརྗོད་ནས་རི་གངས་ཅན་གྱི་ཁྲོད་དུ་བྲོས་ནས་འདུག་པས། དེའི་རིགས་འཕེལ་བ་དང་། བོད་ཡུལ་ཁ་བ་ཅན་གྱི་མི་ཞེས་བྱ་བར་གྲགས་པ་ཡིན་ནོ།”[33]ཞེས་བོད་ཀྱི་རིགས་རྒྱུད་ཀྱི་འབྱུང་ཁུངས་ལ་བཤད་ཚུལ་གཉིས་བྱུང་ཞིང་། རྗེས་མ་དེ་བོད་ཀྱི་རྗེ་བོ་ཐོག་མ་ཡིན་པར་འཆད་པ་ལ༑ «ཆོས་འབྱུང་མཁས་པའི་དགའ་སྟོན»དུ། “ཐ་ཆུང་རུ་པ་ཏི་མཚན་དང་ལྡན་པ་དེ་བཙོན་དུ་ཁྲིད་ནས་འོངས། །སྐྱ་སེང་གིས་གསོད་པར་ཕངས་ནས་ཟངས་ནང་དུ་ཟས་སྐོམ་དང་གོས་དང་བཅས་ཏེ་ཆུར་བསྐྱུར་བ་ཞིང་པས་རྙེད་ནས་གསོས། ཕྱིས་བོད་ཡུལ་དུ་བྱོན་ནས་རྗེ་མཛད་ཟེར།”[34]ཞེས་བཀོད་ཡོད་པ་དང་། ཡང་དེ་ལས། “ཤཱཀྱ་ལི་རྩྭ་ཝི་ལས་འཕེལ་བ་ནི། །མཚན་དཔེ་རྫོགས་པ་སྐྱེས་བུ་ཆེན་པོ་ཞིག །ལྷ་ཡིས་སྤྱན་དྲངས་བོད་རྗེའི་ཐོག་མ་མཛད། །འོད་གསལ་ལྷ་ལས་བབ་དང་ཤཱཀྱ་ཡི། །རྒྱལ་རྒྱུད་ཡིན་པའང་འགལ་བ་མ་ཡིན་ཏེ། །ཟས་གཙང་སྲས་དང་དགའ་ལྡན་ལྷ་གནས་ནས། །བབས་པ་འགལ་བ་མེད་པ་ཇི་བཞིན་ནོ། །”[35]ཞེས་ཤཱཀྱ་ལི་རྩྭ་ཝིའི་རིགས་ལས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པར་བཤད་པ་སོགས་བོད་མིའི་འབྱུང་ཁུངས་དང་བོད་རྗེ་ཐོག་མའི་ཁུངས་རྒྱ་གར་ལ་གཏུགས་འདུག །འདི་ལ་དཔའ་བོ་གཙུག་ལག་ཕྲེང་བས། “དེ་དག་ནི་བོད་དང་ཉེ་བ་མོན་ཡུལ་ཁ་ཅིག་ལ་བོད་ཀྱི་སྒྲར་བྱས་པ་དུ་མ་སྣང་བའི་དེ་ལྟ་བུ་ཞིག་ཏུ་ཟད་དོ། །”ཞེས་དང་། ཉང་ཉི་མ་འོད་ཟེར་གྱིས། “དེ་ནས་མངའ་རིས་སྟོད་ཀྱི་མི་རྣམས་དེ་ལས་འཕེལ་ཟེར་བ་ཡོད་ཏོ། །”[37]ཞེས་པ་སོགས་བོད་མིའི་འབྱུང་ཁུངས་རྒྱ་གར་ལ་གཏུགས་པར་སྔོན་བྱོན་མཁས་པ་རྣམས་ཀྱིས་དགག་བཞག་མཛད་ཡོད། ཡིན་ནའང་ཕྱོགས་གཞན་ཞིག་ནས་རྒྱ་གར་གྱི་རིགས་རྒྱུད་གང་རུང་ཞིག་ཡུལ་གྱར་ཏེ་བོད་ཀྱི་རིགས་རྒྱུད་ཁྲོད་བྱུང་ཡོད་པ་ཤེས་ཐུབ་ལ། «བོད་བཙན་པོའི་རྒྱལ་རབས»ནང་། དེང་དུས་ཀྱི་མི་ནི། མི་ལོ་ཆིག་འབུམ་ལྔ་ཁྲིཡས་མས་ཀྱི་སྔ་རོལ་ཏུ། ཤར་ཨ་ཧྥི་རི་ཁའི་ཤར་ཁུལ་རྒྱལ་ཁབ་ཀྱི་ཀླུང་རོང་ལུང་ཐུང་ཆེན་པོཟེར་བའི་ས་ཁུལ་ནས་བྱུང་ཞིང་། དེར་རྒྱས་འགྱུར་དུ་སོང་བའི་དེང་དུས་ཀྱི་མི་དེ་ཚོས། ས་གནས་དེར་ལོ་ངོ་འབུམ་ཕྲག་གཅིག་ཙམ་རིང་ལ་འཚོ་སྡོད་བྱས་རྗེས། ཕྱི་ཕྱོགས་སུ་གནས་སྤོ་བྱེད་འགོ་ཚུགས་ཤིང་། དེ་ལས་རུ་ལག་གཅིག་རྒྱ་གར་ལྷོ་ཕྱོགས་སུ་ཟུར་དུ་གྱེས། དེ་ནས་རུ་ཤོག་ཨ་མ་དེ་མུ་མཐུད་དེ་ཨི་རན་དང་། ཨ་ཧྥ་གྷ་ནི་སི་ཐན་གཞུང་གཤག་གིས་བོད་ཀྱི་ནུབ་ཕྱོགས་སྟོད་མངའ་རིས་ཁུལ་དུ་འབྱོར། དེ་ནས་རིམ་བཞིན་ཡར་ཀླུང་གཙང་པོའི་ཀླུང་རོང་ཁུལ་བརྒྱུད་དེ། བོད་ཀྱི་ཤར་ལྷོའི་ཕྱོགས་སུ་བསྐྱོད་ཐོག །རྒྱལ་མོ་རྔུལ་ཆུ་དང་། རྫ་ཆུ། འབྲི་ཆུ་བཅས་ཀྱི་འཇུག་ངོགས། འཇང་ས་ཐམ་ཁུལ་གྱི་འབྲི་ཆུའི་བྱང་ཕྱོགས་ཀྱི་འཁྱོག་མཚམས་ནས། རུ་ལག་འབར་མའི་ཕྱོགས་སུ་བསྐྱོད།[38]ཅེས་རྒྱ་གར་གྱི་ཨརྱའི་རིགས་དེ་བོད་ལ་བྱུང་བའི་ཚུལ་བརྗོད་ཡོད་པ་དང་། དེ་འདྲའི་ཡུལ་དུས་ཀྱི་དབང་གིས་འ་ཞའི་རིགས་འདི་བྱུང་བས། «རུས་མཛོད་མེ་ཏོག་སྐྱེད་ཚལ»དུ། “མི་ནི་སེང་རྒ་འ་ཞ་ཞེས་དང་། ལྡོང་ལ་རུས་ཆེན་བཅོ་བརྒྱད་གྲོལ། སེང་རྒྱལ་འ་ཞ་བུ་དགུ་གྲོལ།”[39]ཞེས་འ་ཞ་ནི་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ལྡོང་གི་ཁོངས་སུ་གཏོགས་པའི་ལོ་རྒྱུས་དེ་བྱུང་བར་འཁུམས། 

        རང་རྒྱལ་གྱི་མི་རིགས་འབྲེལ་བའི་ལོ་རྒྱུས་ནང་དུ་འ་ཞ་དེ་ཐུ་ལུ་ཧུན་གི་ཁོངས་སུ་བསྡུས་པ་ནས་བཟུང་། དེང་གི་རྒྱའི་མཁས་པ་ལ་ལས་འ་ཞ་ཞེས་པ་ནི་ཐུ་ལུ་ཧུན་གི་བོད་སྐད་ཀྱི་མིང་བརྡ་ཡིན་པར་འཁྲུལ་བ་ལ་རྗེས་ཟློས་བྱེད་མཁན་མང་ཡང་མ་བརྟག་མ་དཔྱད་པའི་འདོད་ལུགས་ཁོ་ནར་ཟད་དོ། །དེར་མ་ཟད་ཏུན་ཧོང་ནས་ཐོན་པའིP.T.1263ཤོག་དྲིལ་རྒྱ་བོད་ཤན་སྦྱར་གྱི་ཐིག་ཕྲེང7པའི་ནང་གི་འ་ཞ་དང退浑ཤན་སྦྱར་གྱི་ཚུལ་དུ་བཀོད་པའིཡངཡི་མགྱོགས་པའི་སྒྲ་འབྱིན་སྟངས་ཙམ་ལ་ངོས་བཟུང་སྟེ། འ་ཞ་དང་ཐུ་ལུ་ཧུན་གཉིས་རིགས་རྒྱུད་གཅིག་ཏུ་འཁྲུལ་འདུག །དོན་དམ་པར་མིང་འདོགས་དེ་ནི་འ་ཞ་མི་རིགས་ཀྱི་གྲས་སུ་ཞན་ཕའེ་རིགས་ནས་མཆེད་པའི་ཚོ་ཁག་གི་ཚོ་དཔོན་ནམ་རྗེ་བོའི་མིང་དེ་མི་རིགས་དེའི་མིང་དུ་བྱས་པ་ཡིན་ཏེ། «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ»ལས། “ཞན་ཕའེ་རིགས་ཀྱི་ཚོ་བ་ཞིག་དེང་གི་ལའོ་ཉིན་ཞིང་ཆེན་ཅིན་ཞན་རྫོང་ཁོངས་ནུབ་བྱང་གི་སར་འབྲོག་རུའི་འཚོ་བ་སྐྱོང་བཞིན་གནས་ཡོད་པ་ལ། སྤྱི་ལོ་དུས་རབས་བཞི་པའི་སྟོད་ཙམ་ལ་འཁྲུག་རྐྱེན་གྱིས་མགོ་དཔོན་ཐུའུ་ཡོས་ཧོན་བྱ་བས་མི་སྡེ་མང་ཙམ་ཁྲིད་དེ་ནུབ་ཕྱོགས་སུ་ཡུལ་བྱོལ་ནས་མདོ་སྨད་ཀ་ཆུ་བརྒྱུད་དེ་དེང་གི་ཀན་སུའུ་དང་མཚོ་སྔོན་ས་ཆར་གཞི་བཟུང་སྟེ་ཡུལ་དེ་གའི་ཚོ་དཔོན་དང་བསྡོངས་ནས་སྲིད་བཙུགས་ཏེ་དབང་བྱས་པ་དང་། ཕྱིས་སུ་དེའི་བུ་ཡེ་ཡན་བྱ་བའི་རིང་ནས་བཟུང་ཐུའུ་ཡོས་ཧོན་བྱ་ཞེས་པ་རང་གི་རིགས་རུས་དང་རྒྱལ་ཁབ་ཀྱི་མིང་བྱས་ནས་དངོས་སུ་བཀོལ།”[40]ཞེས་པ་ལས་ཤེས་ཐུབ། དེར་མ་ཟད་རྒྱའི་ཡིག་ཆ«ཞན་ཕའེ་ཐུ་ལུ་ཧུན་»རུ། “སྤྱི་ལོཡས་མས་སུ། ཞན་ཕའེ་ཚོ་བ་ནང་འཁྲུགས་བྱུང་སྟེ་མགོ་བ་ཐུ་ལུ་ཧུན་གིས་དུད་ཚང་བདུན་བརྒྱ་ཁྲིད་དེ་དེང་གི་ནང་སོག་ཧོ་ཐའོ་དབྱིན་ཧྲན་དུ་གནས་སྤོས་པ་དང་། དབྱིན་ཧྲན་རི་རྒྱུད་དུ་ལོ་ངོ་ཉི་ཤུའི་རིང་ལ་འཚོ་བ་སྐྱེལ་རྗེས། སྤྱི་ལོ313ལོར་དེང་གི་ཀན་སུའུ་དང་མཚོ་སྔོན་ས་ཆར་སླེབས།”[41]ཞེས་བཀོད་ཡོད་པ་དང་། ལྷག་པར་རྒྱའི་མཁས་པ་ཀྲོའུ་ཝེ་ཀྲོའུ་ཡིས«ཅིན་ཡིག»སོགས་རྒྱའི་ལོ་རྒྱུས་ཡིག་ཆ་རུ་འཁོད་པའི་འ་ཚེ་ལུའུའམ་ཡང་ན་ཡེ་ལུའུནི་དོན་དམ་དུ་ནུབ་བྱང་མི་རིགས་སྤྱིས་ཐུ་ལུ་ཧུན་ལ་བཏགས་པའི་མིང་ངན་ཡིན[42]ཞེས་པ་ལ་གཞིགས་ན། འ་ཚེ་ཞེས་པའི་མིང་ནི་དུས་རབས་བཞི་པའི་རྗེས་སུ་བྱུང་བའི་མིང་ཞིག་ཡིན་པ་གསལ་པོར་མཐོང་ཐུབ། འདི་ཡང་ཞིབ་ཏུ་བཤད་ན། མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་ནིནསལོར་བཞེད་པ་ཀུན་གྱིས་ཁས་ལེན་པ་དང་། «རྒྱལ་རབས་གསལ་བའི་མེ་ལོང»དུ་སྟག་རི་གཉན་གཟིགས་ཀྱི་སྲས་གནམ་རི་སྲོང་བཙན་ཡིན་ལ། ཆབ་སྲིད་ལོ་དྲུག་ཅུ་བཟུང་ནས་འདས་སོ། །[43] «དེབ་ཐེར་ཀུན་གསལ་མེ་ལོང»དུ་སྟག་རི་གཉན་གཟིགས་ཀྱིས་རང་ལོ་བཞི་བཅུ་བར་སྲིད་བསྐྱངས།ཞེས་དང་། བོད་ཀྱི་ལོ་རྒྱུས་ཡིག་ཆ་དག་ན་གྲགས་པའི་སྟག་རི་གཉན་གཟིགས་སྲིད་ཁྲིར་བཀོད་ནའང་མིག་ལོང་བས། རྒྱལ་སྲིད་དངོས་སུ་སྐྱོང་མ་ནུས་པར་བཙན་པོའི་རྒྱལ་ས་ལོ་ཉེར་གཅིག་ལ་སྟོང་བར་གྱུར་ཞེས་པ་སོགས་ལ་རིགས་འདེད་བྱས་ན་སྟག་རི་གཉན་གཟིགས་སྲིད་ཁྲིར་བཞུགས་པའི་དུས་ནི་སྤྱི་ལོ440ལོར་ཡིན་པ་ཤེས་ཐུབ། དུས་སྐབས་འདི་ནི་ཏག་ཏག་ཐུ་ལུ་ཧུན་གི་ཚོ་དཔོན་དགུ་བ་འ་ཚེ་ཡི་སྐབས་ཡིན་ལ། རྒྱའི་ལོ་རྒྱུས་སུ“འ་ཚེ་དར་འགོ་བྱུང་ཚུལ་ཟེར། དེ་བས་འ་ཚེ་ནི་འདི་ནས་བཟུང་ཐུ་ལུ་ཧུན་གྱི་མིང་ཞིག་ཏུ་ཆགས་པར་སྙམ། ཕྱོགས་གཞན་ཞིག་ནས་བོན་གྱི་ལོ་རྒྱུས་ཡིག་ཆ་དག་ཏུ་སྟོན་པ་གཤེན་རབ་མི་བོ་ཆེ་ཡི་དུས་སུ་འ་ཞ་གསང་བ་བདུད་འདུལ་ཞེས་པ་བྱུང་ཡོད་པ་དང་། ཁྱད་པར་རྒྱལ་པོ་གྲི་གུམ་བཙན་པོའི་སྐབས་སུ་འ་ཞ་བོན་པོ་གདན་དྲངས་པ་ནི་ལོ་རྒྱུས་དངོས་ཡིན་ལ། དེ་ཡང་གྲི་གུམ་བཙན་པོ་ནི་སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་ནང་བྱོན་པ་དང་ཐུ་ལུ་ཧུན་གནས་སྤོ་བྱས་པའི་ལོ་རྒྱུས་ལས་ལོ་སུམ་བརྒྱ་ཡིས་སྔ། «དེབ་ཐེར་དམར་པོ»རུ། “བླ་མ་རིན་ཆེན་གྲགས་གུ་ཤྲིས་ཤིང་མོ་གླང་ལ་བོད་ཡིག་ཏུ་སྤར་དུ་བཏབ་བོ། །འདིའི་ལོའི་དབང་ཐང་ནོར་བ་འགའ་རེ་སྣང་། ཐུ་ལུ་ཧུན་ཧོར་སེར་ཡིན།”ཞེས་དང་། «རྒྱ་བོད་ཡིག་ཚང་ཆེན་མོ»རུ། “བླ་མ་རིན་ཆེན་གྲགས་གུ་ཤྲཱིས། ཤིང་མོ་གླང་ལ་བོད་ཡི་གེ་སྤར་དུ་བཏབ། འདི་ལ། ལོའི་དབང་ཐང་ནོར་བ་འགའ་རེ་སྣང་། ཐུ་ལུ་ཧུན། ཧོར་སེར་ཡིན།” ཞེས་འ་ཞ་དང་ཐུ་ལུ་ཧུན་གཉིས་ནི་རིགས་རྒྱུད་མི་གཅིག་པའི་མི་རིགས་གཉིས་ཡིན་པ་གསལ་པོར་ཤེས་ཐུབ། ཞིབ་ཏུ་བསམས་ན་བོད་ཀྱི་ལོ་རྒྱུས་ཡིག་ཆ་དག་ན་འཁོད་པའི་འ་ཞ་ཞེས་པ་ནི་རྒྱའི་ཡིག་ཚང་དུ་ཐོག་མརཞེས་བསྒྱུར་ཡོད་པ་དང་། དེ་ཨརྱའི་སྒྲ་འགྱུར་བའི་འ་ཞའི་མིང་འབོད་དང་ཤིན་ཏུ་མཐུན། རྗེས་སུཞེས་པའི་མིང་བོད་ལ་འགྱུར་དུས་ཨན་སེ་ཞེས་བསྒྱུར་འདུག་པ་དང་། «དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ»ལས། “མཁན་པོ་ན་རེ་ཨན་སེ་དང་། ཤུ་ལིག་དང་། བྲུ་ཤ་དང་། ཁ་ཆེ་ཞེས་བྱ་བའི་ཡུལ་ན་འདི་འདྲ་བར་མཁས་པའི་དགེ་འདུན་མང་དུ་ཡོད་དོ། །” ཞེས་བཀོད་པ་རྒྱའི་ཤོག་དྲིལནང་དུ། ཞེས་བཀོད་པ་ལས་ཨན་སེ་ནིཞེས་པའི་སྒྲ་སྒྱུར་ཡིན་པ་ཤེས་ཐུབ། གང་ལྟར། ཨརྱའི་རིགས་ནས་མཆེད་པའི་འ་ཞ་མི་རིགས་དེ་བཙན་པོའི་རྒྱལ་རབས་སྔོན་དུ་མིང་ལ་འ་ཞ་ཟེར་བ་འ་ཞ་གསང་བ་བདུད་འདུལ་སོགས་བོན་གྱི་ཡིག་ཆ་དག་ལས་མཐོང་ཐུབ་པ་དང་། རྒྱའི་ཡི་གེརཞེས་འབྲི་བ་རེད། རྗེས་སུ་ཞན་ཕའེ་རིགས་ནས་མཆེད་པའི་ཚོ་ཁག་གི་ཚོ་དཔོན་ཐུ་ལུ་ཧོང་བྱ་བས་དབང་བསྒྱུར་རྗེས་རྗེ་མིང་རིགས་ལ་ཐོགས་ཏེ༑ འ་ཞའི་མིང་དེ་ཡང་སྔོན་གྱི་ཨན་སེ་ནས་ད་ལྟའི་ཐུ་ལུ་ཧོང་དུ་གྱུར་བས། འ་ཞ་དང་ཐུ་ལུ་ཧོང་གཉིས་ནི་འབོད་སྟངས་མི་འདྲ་བའི་ཁྱད་པར་ཙམ་ཡེ་ནས་མ་ཡིན་པར། དེ་གཉིས་རིགས་རྒྱུད་མི་གཅིག་པའི་མི་རིགས་སོ་སོ་གཉིས་ཡིན་པ་གསལ་པོར་རྟོགས་ཐུབ། དེ་ལྟའི་འགྱུར་ལུགས་ཀྱི་ཁྱད་པར་མ་ཤེས་པར་ལོ་རྒྱུས་ཀྱི་ཁུངས་ལ་དཔྱོད་པ་ནི་ལོང་བས་གླང་ཆེན་སྤམ་ཉུག་བྱེད་པའི་དཔེ་ལས་མ་མཆིས་པས། བདེན་པ་དང་དྲང་པོའི་ལམ་ལ་འཇུག་རྒྱུ་ནི་གལ་ཆེ་བར་མཐོང་།

བཞི་བ། སྲིད་པ་སྒོ་ང་ལས་གྲོལ་ཚུལ།

        བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁ་ཤས་སུ་མུ་སྟེགས་བྱེ་བྲག་པའི་ལྟ་བ་འཛིན་པའི་འ་ཞའི་བོན་པོ་ཞིག་ཡོང་བ་ཐམས་ཅད་སྒོ་ང་ལས་སྲིད་པར་འདོད་པ་ལ་རྐྱེན་བྱས་ཏེ། བོན་གཞུང་གི་སྲིད་པ་སྒོ་ང་ལས་གྲོལ་ཚུལ་ནི་བྱེ་བྲག་པའམ་དབང་ཕྱུག་པའི་ལུགས་ལས་བསྒྱུར་ཚུལ་དང་ཁོངས་སུ་གཏོགས་པར་འདོད་པའི་ལོ་རྒྱུས་ཀྱི་གནས་ཚུལ་དངོས་ལ་གོ་འཛོལ་བྱུང་བའི་རྩ་བའང“རྗེ་དྲི་གུམ་བཙན་པོའི་སྐུ་རིང་ལ། རྒྱ་དང་ཏ་ཟིག་གི་ས་མཚམས་ནས་མུ་སྟེགས་བྱེ་བྲག་པའི་ལྟ་བ་འཛིནད་པའི་འ་ཞའི་བོན་པོ་ཞིག་བྱུང་སྟེ།”ཞེས་པ་འདིའི་སྟེང་ན་མཆིས་པར་སྙམ་པས་རིམ་བཞིན་བཤད་པར་བྱ།

        གཅིག བོན་གྱི་སྲིད་པ་སྒོ་ང་ལས་གྲོལ་བ་རྒྱ་གར་བྱེ་བྲག་པའི་གཞུང་ཅིག་ཏུ་འཁྲུལ་ཚུལ།

        ད་ལྟ་ང་ཚོས་ལག་སོན་བྱུང་བའི་བོན་གྱི་སྲིད་པ་སྒོ་ང་ལས་གྲོལ་བའི་ལྟ་ཚུལ་དེ་རྒྱ་གར་བྱེ་བྲག་པའི་གཞུང་ལས་བྱུང་བར་འདོད་པའི་ཆོས་འབྱུང་ལོ་རྒྱུས་དེ་དག་གི་རྩ་བའི་འབྱུང་ཁུངས་སམ་ཕུགས་ནི། དུས་རབས་བཅུ་བའི་དུས་མགོ་ལ་བྱུང་བའི་མངའ་རིས་ནས་རྙེད་པའི་རྒྱལ་རབས་ཟླ་རིགས་མའི་ཤོག་ལྡེབ9པའི་ཐིག་ཕྲེང5པ་ནས7པའི་བར་ན་གསལ་བའི“དེའི་རྗེས་ལ་རྗེ་དྲི་གུམ་བཙན་པོའི་སྐུ་རིང་ལ། རྒྱ་དང་ཏ་ཟིག་གི་ས་མཚམས་ནས་མུ་སྟེགས་བྱེ་བྲག་པའི་ལྟ་བ་འཛིནད་པའི་འ་ཞའི་བོན་པོ་ཞིག་བྱུང་སྟེ།”ཞེས་པ་འདི་ཡིན་ཏེ། ལར་དེ་དག་ཀྱང་དམིགས་ཀྱིས་བསལ་ཏེ་བཤད་ན། ཉང་ཉི་མ་འོད་ཟེར་ལགས་ཀྱིས། གནམ་ཕྲུ་བོ་གཞུང་བཙན་ལྷའི་སྐུ་རིང་ལ་གནམ་གྱིརྡོར་བོན་བྱུང་སྟེ་ཨུ་རྒྱན་གྱི་ཚུ་རོལ། ཁ་ཆེའི་ཡུལ་གྱི་ཕ་རོལ། སྟག་གཟིག་གི་བར་ན་ཡུལ་འགྱུར་སྣང་བར་སྣང་བྱ་བ་རུ་ས་ཞའི་བོན་པོ། མུ་སྟེགས་ཉི་ཚེ་བའི་སྟོན་པ། སྟོང་པ་དོན་དམ་དུ་འདོད་པ་དང་ལྟ་བ་མཐུན་པ་གཅིག་བྱུང་། དེས་འཇིག་རྟེན་པའི་ལྷ་འདྲེ་ཀུན་གྱི་སྲོག་སྙིང་ནས་འདྲེན་ནུས་པ། མི་དང་ལྷ་སྲིན་དུ་དམངས་སྡུམ་ཤེས་པས་ཀུན་རྫོབ་ཏུ་ཐམས་ཅད་སྒོ་ང་ལས་སྐྱེས་པར་འདོད་པས་སྔ་རྟགས་དང་། ཞེས་བྱེ་བྲག་པའི་མིང་དངོས་སུ་ཐོན་མེད་ཀྱང་དོན་ལ་རྒྱལ་རབས་ཟླ་རིགས་མའི་ཚིག་དེ་ཐོག་མར་སྤྱད་དེ་བོན་གྱི་སྒོང་སྐྱེས་ཀྱི་འབྱུང་ཁུངས་ལ་དོགས་དྲི་མཛད་ཡོད་པ་དང་། དེ་བཞིན་དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་བཅོམ་ལྡན་རིགས་རལ་གྱིས་ཀྱང་། ཡང་འདིའི་ལྟ་བ་ལ། དང་པོ་ཡེ་མེད་སྟོང་པ་ལ། །དེ་ནས་ཡེ་ཡོད་ཅུང་ཟད་བྱུང་། །ཞེས་སྲིད་པ་ཐམས་ཅད་སྒོ་ང་གཉིས་ལས་སྐྱེས་པར་འདོད་ཅིང་བྱེད་པའི་སྐྱེས་བུ་རྣམས་ཀྱང་འདོད་དེ༑ དེ་ནི་མུ་སྟེགས་བྱེ་བྲག་པ་དང་མཐུན་པར་སྣང་ངོ་།[48]ཞེས་གསུངས་ཏེ་བོན་གྱི་སྒོང་སྐྱེས་ཀྱི་འབྱུང་ཁུངས་ལ་དོགས་དྲི་མཛད་འདུག །ཞིབ་ཏུ་བརྟགས་ན་ལོ་རྒྱུས་ཆོས་འབྱུང་འདི་དག་གིས་གོང་དུ་གླེང་ཟིན་པའི་རྒྱལ་རབས་ཟླ་རིགས་མའི་ཚིག་དེ་ལ་གོ་འཛོལ་བྱུང་བར་སྙམ་པ་དང་། ཐམས་ཅད་གངས་ཏི་སེ་ལྟེ་བར་གྱུར་བའི་ཧི་མ་ལ་ཡའི་རིག་གནས་ཀྱི་རྒྱུད་ཁོངསཡིན་པས་གཅིག་ཁོངས་གཅིག་ལ་སྡུད་དགོས་པའི་ངེས་པ་ཡེ་ནས་མེད་པ་དང་། དེ་གཉིས་ཆུ་མགོ་གཅིག་ནས་བཞུར་བའི་ཆུ་རྒྱུན་གཉིས་སམ་རྩ་བ་གཅིག་ནས་སྐྱེས་པའི་ཡལ་ག་གཉིས་སུ་ངེས་པས་བློ་ལྡན་རྣམས་ཀྱིས་ད་དུང་དཔྱད་དགོས་སོ། །

        གཉིས། སྲིད་པ་སྒོ་ང་ལས་གྲོལ་ལུགས།

        མི་རིགས་ཀུན་ལ་མཚོན་ན། མེས་པོ་གོང་མ་རྣམས་ཀྱི་དམིགས་པ་གཏད་ཡུལ་དང་དམིགས་པ་གཏད་སྟངས་མ་འདྲ་བས་ལྷ་རབས་ཀྱི་འབྱུང་རྐྱེན་མི་གཅིག་པ་དང་། དམིགས་པ་གཏད་ཡུལ་གྱི་འགྱུར་ལྡོག་དང་འགྱུར་ལྡོག་གོ་རིམ་མ་འདྲ་བས་སྲོག་དང་བརྗོད་བྱའང་མི་འདྲ། བོད་ལ་མཚོན་ན། མེས་པོ་གོང་མ་རྣམས་ཀྱིས་གནམ་དང་བར་སྣང་ལ་དམིགས་པ་གཏད་པ་དང་། རྗེས་སུ་བྱ་ནི་འཕུར་ཐུབ་པ་རྟོགས་རྗེས་འདབ་ཆགས་ལ་ཡིད་སྨོན་དང་གོང་བཀུར་བྱེད་པའི་སྲོལ་བྱུང་། དེར་མ་ཟད་འདབ་ཆགས་ཀྱི་མེས་པོ་སྲིད་པའི་ལྷ་རབས་མཆེད་བཞི་ཁྲོད་ཀྱི་འོད་དེ་གུང་རྒྱལ་ལ་གཏུགས་ཡོད་དེ། «མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ»ལས། “ཕ་དང་ཡབ་ཀྱི་མཚན། འོད་དེ་གུང་རྒྱལ་ལགས། མ་དང་ཡུམ་གྱི་མཚན། སྨན་དག་བཙུན་མོ་ལགས། དེ་གཉིས་བཤོས་པའི་སྲས། སྒོ་ང་ལྔ་རུ་སྲིད། མཆོང་སྒོང་སྨུག་པོ་དང་། དུང་སྒོང་དཀར་པོ་དང་། གཡུ་སྒོང་སྔོན་པོ་དང་། ཟངས་སྒོང་དམར་པོ་དང་། ལྕགས་སྒོང་ནག་པོ་དེ་དང་ལྔ་རུ་བྱུང་། མཆོང་སྒོང་རྡོལ་པའི་ནང་ཤེད་ན། བྱ་མ་བྱིའི་འདབ་གཤོག་ཅན། གནམ་ལྕགས་དབལ་གྱི་མཆུ་སྡེར་ཅན། སྒམ་ཕ་ཝང་ཡེར་ཟུར་ལགས། དུང་སྒོང་ནང་ནས་ཁྲུང་ཁྲུང་བྱུང་། གཡུ་སྒོང་ནང་ནས་ཁུ་བྱུག་བྱུང་། ཟངས་སྒོང་ནང་ནས་ནེ་ཙོ་བྱུང་། ལྕགས་སྒོང་ནང་ནས་ཅོ་ཀ་བྱུང་། ཞེས་སེམས་ཅན་རིགས་གཅིག་ལས་རིགས་གཞན་ཞིག་བསྐྱེད་དགོས་ཚེ་སྒོ་ང་བརྒྱུད་དགོས་པར་བརྗོད་ཡོད།

        བོད་ཀྱི་མེས་པོས་འདབ་ཆགས་བྱ་ལ་ཡིད་སྨོན་དང་གོང་བཀུར་བྱེད་པའི་གོ་རིམ་ཁྲོད་དུ། འདབ་ཆགས་བྱ་ནི་སྒོ་ང་ལས་བྱུང་བར་རྟོགས་པ་ན་སྒོ་ང་མཆོག་ཏུ་འཛིན་པའི་འདུ་ཤེས་བྱུང་བ་དང་། སྔར་མེད་ཀྱི་སེམས་ཅན་དང་སེམས་མེད་དངོས་པོ་ཐོག་མར་འབྱུང་དགོས་ན་སྒོ་ང་ལ་བརྟེན་དགོས་པར་འདོད་དེ༑ «དབུ་ནག་མིའུ་འདྲ་ཆགས»སུ།  དང་པོ་ཡེ་མེད་སྟོང་པ་ལ། དེ་ལ་ཡེ་ཡོད་ཅུང་ཙམ་སྲིད། དེ་ལ་འོད་དང་ཟེར་དུ་སྲིད། འོད་ནི་ཕ་ལ་ཟེར་ནི་མ། དེ་ལ་སྨག་དང་སྨྲིག་ཏུ་སྲིད། དེ་ལ་སེར་བུ་ངེད་ཙམ་སྲིད། དེ་ལ་བ་མོ་སྤུ་ཙམ་སྲིད། དེ་ལ་ཟིལ་པ་ཁྲོམ་ཙམ་སྲིད། བ་མོདང་ཟིལ་པ་བསྡེབས་པ་ལས། མཚོ་མེ་ལོང་ཙམ་ཅིག་དེ་ལ་སྲིད། དེ་ལ་ཞགས་སུ་ཆགས། སྒོང་དུ་འདྲིལ། སྒོ་ང་རྡོལ་བའི་ནང་ཤེད་ནས། བྱ་གླག་དཀར་ནག་གཉིས་སྲིད་པ་ལ། སྣང་བ་འོད་ལྡན་དང་། མུན་པ་ཟེར་ལྡན་དང་གཉིས་སྲིད། སྣང་མུན་གཉིས་པོ་བསྡེབས་པ་ལས། སྒོ་ང་དཀར་ནག་ཁྲ་གསུམ་སྲིད། ཅེས་བྱ་གླག་གི་ཐོག་མའི་འབྱུང་ཁུངས་ནི་ཆུ་ཞག་གི་སྒོ་ང་ལ་གཏད་པ་དང་། ཡང་དེ་ལས”སྒོ་ང་ཁྲ་བོ་རྡོལ་བ་ལས། སྨོན་མི་ལམ་ལམ་ལུམ་ལུམ་སྲིད། དེ་ལ་ལྟ་བའི་མིག་མེད། ཉན་པའི་རྣ་བ་མེད། སྣོམ་པའི་སྣ་མེད། མྱོང་བའི་ལྕེ་མེད། རྙོབ་པའི )ལག་པ་མེད། འགྲོ་བའི་རྐང་པ་མེད། བསམ་པའི་ཡིད་རྒྱུ་བ་ཙམ་ཅིག་ཡོད་པ་ལ། ལྟ་བའི་མིག་དོད། ཉན་པའི་རྣ་བ་དོད། སྣོམ་པའི་སྣ་དོད། མྱོང་པའི་ལྕེ་དོད། རྙོབ་པའི་ལག་པ་དོད། འགྲོ་བའི་རྐང་པ་དོད། དེ་ལ་རང་མིང་རང་གི་བཏགས་པ་ལ། སྲིད་པ་སངས་པོ་འབུམ་ཁྲི་བཏགས། སྲིད་པ་སངས་པོ་འབུམ་ཁྲི་ལ། ཡེ་མོན་རྒྱལ་པོ་ཞེས་ཀྱང་བྱ།” ཞེས་བརྗོད་དེ་སངས་པོ་འབུམ་ཁྲིའི་བྱ་གླག་གི་སྒོ་ང་ཁྲ་བོ་ལ་གཏད། ད་དུང«མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག»ཏུ།  ཀྱེ། ཡབ་གཅིག་སྲིད་བྲག་རྩེ་མཐོ་དང་། ཡུམ་ནི་སྲིད་མཚོ་འཕྲུལ་མོ་ཆེ། དེ་གཉིས་ཐུགས་ཀྱི་སྤྲུལ་བ་ལས། སྲིད་པའི་སྒོ་ང་བརྒྱད་དུ་བྱུང་། ཞེས་ལྷ་རྣམས་ཀྱི་འབྱུང་ཁུངས་སྒོ་ང་ལ་གཏད་འདུག་པ་དང་། ཁྱད་པར་དུ«རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ»ལས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ལུགས་གླེང་སྐབས། “འབྱུང་བ་སྣ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་མོ་ཆགས། ནང་གི་སྒོ་ཆུ་ལ་དུང་མཚོ་དཀར་མེར་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་འབྲིང་བ་དེ༑ དུང་སྒོང་གཅིག་ཏུ་ཡར་ནས་བྱུང་།” ཞེས་གསུངས་པ་འདིའང་དོན་དུ་འབྱུང་བའི་ཁམས་ཀྱི་སྙིང་པོ་འདུས་པ་སྲིད་པའི་ཀློང་གི་སྒོ་ང་བཅོ་བརྒྱད་དུ་སྲིད་པ་ལས་འཇིག་རྟེན་ཁམས་འདི་བྱུང་བ་དང་། ཁྱད་པར་དུང་གི་སྒོ་ང་གཅིག་ལས་བོད་ཀྱི་ཡུལ་ཁམས་ཆགས་ཚུལ་བསྟན་པའོ། །

        མདོར་ན། གདོད་མའི་མི་རྣམས་ཐོག་མར་འདབ་ཆགས་ཀྱི་འཕུར་རྩལ་ལ་ཡ་མཚར་ཏེ་བྱ་ལ་ཡིད་སྨོན་དང་གོང་བཀུར་བྱས་པ་དང་། དེ་ནས་བྱ་ནི་སྒོ་ང་ལས་བྱུང་བར་རྟོགས་པ་ན་སྒོ་ངའི་བྱེད་ལས་ལ་ཧ་ལས་ཏེ་སྲིད་པའི་ཁྱོན་གྱི་དངོས་པོ་རྣམས་ནི་སྒོ་ང་ལས་བྱུང་བར་འདོད་དོ། །

མཇུག་བསྡུ་བའི་གཏམ།

        རོ་ལངས་ནི་དང་པོ་རྒྱ་གར་དུ་ཕྱི་ནང་གང་གི་ཆོས་སུའང་མི་གཏོགས་པར་གནའ་བོའི་རྒྱ་གར་གྱི་ཡུལ་ཆོས་ཉི་ཚེ་བ་ཞིག་ཡིན་པ་ཕྱིས་སུ་ནང་པ་དང་། དབང་ཕྱུག་པ་སོགས་ཀྱིས་རང་རང་གི་ཆོས་ལུགས་སུ་བླངས་པ་དང་། རྒྱལ་བོ་གྲི་གུམ་བཙན་པོའི་སྐུ་རིང་ལ་རྒྱ་གར་དང་ཏ་ཟིག་གི་མཚམས་སྟེ། གུ་ར་ཝ་ཏའི་ཡུལ་ནས་མུ་སྟེགས་བྱེ་བྲག་པའི་ལྟ་བ་འཛིན་པའི་འ་ཞའི་བོན་པོ་ཞིག་ཡོང་བ། གསོན་གྱི་ལྷ་མཆོད་དང་གཤིན་གྱི་འདྲེ་འདུལ་བའི་ཆོས་ཀྱི་ཆོ་ག་བྱེད་མཁན་ཞིག་ཡིན་པས། རྒྱལ་པོའི་རྒྱལ་སྲིད་དང་འབངས་ཀྱི་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་འདུག «རོ་ལངས་གསེར་སྒྲུབ་ཀྱི་སྒྲུང»འདིའི་ཆོས་ལུགས་ཀྱི་རྒྱབ་ལྗོངས་ནི་བྲམ་ཟེའི་ཆོས་ལུགས་ཡིན་པ་དང་། འདིས་བོད་ལ་སངས་རྒྱས་ཆོས་ལུགས་མ་དར་གོང་དུ་དམངས་ཁྲོད་དང་ངག་ཐོག་བརྒྱུད་དེ་རྒྱ་གར་གྱི་བྲམ་ཟེའི་རིག་གནས་དར་བའི་དུས་རིམ་ཞིག་ཡོད་པ་ཤེས་ཐུབ། དེ་བཞིན་རྒྱའི་ཡིག་ཚང་དུ་བཀོད་པའི་ཐུ་ལུ་ཧུན་ནི་འ་ཞ་མིན་པར་ཧོར་སེར་ཡིན་པ་དང་། འ་ཞ་མི་རིགས་ཀྱི་ཆེས་ཐོག་མའི་སྡོད་གནས་ནི་གུ་ར་ཝ་ཏ་དང་དེའི་རུས་རྒྱུད་ཀྱི་ཐོག་མའི་མཆེད་ཁུངས་དེའང་ཨརྱ་མི་རིགས་ཡིན་པ་རྗེས་སུ་ཨ་ཤེ་ཡ་གླིང་གི་ས་ཆ་ཁག་ལ་སླེབས། གནའ་བོའི་བོན་གྱི་སྲིད་པ་སྒོ་ང་ལས་གྲོལ་ཚུལ་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཤིག་ཡིན་ནའང་། ཕྱིས་ཀྱི་ཆོས་འབྱུང་ལོ་རྒྱུས་ཁ་ཤས་སུ་རྒྱ་གར་གྱི་བྱེ་བྲག་པའི་གཞུང་ལས་བསྒྱུར་བར་འདོད་པའི་རྩ་བ་ནི་མངའ་རིས་ནས་རྙེད་པའི་རྒྱལ་རབས་ཟླ་རིགས་མའི་ནང་གི“དྲི་གུམ་བཙན་པོའི་སྐུ་རིང་ལ། རྒྱ་དང་ཏ་ཟིག་གི་ས་མཚམས་ནས་མུ་སྟེགས་བྱེ་བྲག་པའི་ལྟ་བ་འཛིནད་པའི་འ་ཞའི་བོན་པོ་ཞིག་བྱུང”ཞེས་པ་ལ་གོ་འཛོལ་བྱུང་སྟེ་རྒྱུན་འབྱམས་སུ་གྱུར་པ་ལས་མ་མཆིས་སོ། །

]


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1