༄༅།།ཐང་རྩེ་གཡུང་དྲུང་གིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 11-22


      གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

     གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

    གླུ་མཁྱེན་པས་གཟིགས་དང་ཧོར་གྱི་ལྷ། །

    ང་ཤན་པའི་ལྕོག་ལྷ་མཚལ་རྩེ་མཁྱེན། །

   ཚུར་ཉོན་དང་ཧོར་སྡེ་གནམ་གྱི་བུ། །

   གཏམ་ཁ་ཡ་མེད་དེ་དཔོན་གྱི་གཏམ། །

   གསུང་ཐོས་པ་སྙན་ཡང་ཆག་ཉེན་ཆེ། །

   ཐུགས་བདེན་ནི་བདེན་ཏེ་སྐྱོ་ཞད་ཆེ། །

   བུ་བསོས་བསོས་འོ་མས་བསོས་ལེ་དེ། །

   དགྲ་བྱུང་ཉིན་མཁོ་སྟེ་སྔོན་ལ་སྡུས། །

   གཉེན་ཡི་ཐང་ཆད་ལ་ལ་ཐང་མེད། །

   རྟ་འདོ་བ་ཆས་ཀྱིས་བསོས་ལེ་དེ། །

   བང་རྒྱུག་ཉིན་མཁོ་སྟེ་སྔ་ན་རྩོག །

   རྟ་རྔུལ་ཆུ་འབྱིན་ལ་ལ་ཐང་མེད། །

   བྱང་འབྲོང་གཡག་དབྱར་ལ་བུད་ལེ་དེ། །

   སྟོན་ཤ་ཚང་མཁོ་སྟེ་སྔ་ན་རྩོག །

   ནང་ཤ་འབུས་གང་ལ་ལ་ཐང་མེད། །

   ཕྱུགས་ཟལ་དཀར་འབྲི་མོའི་མར་དཀར་དེ། །

   ཇ་བསུ་ཉིན་མཁོ་སྟེ་སྔ་ན་རྩོག །

   ཞག་ཉ་མིག་གཤར་ལ་ལ་ཐང་མེད། །

   ཁྱོད་གུར་དཀར་རྒྱལ་པོའི་གསུང་ལུགས་ལ། །

   ང་སྡིག་གཅོད་ཤན་པ་རྨེ་རུ་རྩེ། །

   ཐང་ཆེན་ནས་ཆོས་སྐལ་ཆད་དོ་ཟེར། །

   ཆོས་བརྟགས་ཤིང་ཞུས་ན་བྱིན་རླབས་ཆེ། །

   ཁ་སྒོམ་རྒྱུ་མེད་ཀྱང་ཕུག་ཐག་ཆོད། །

   ས་སྐྱ་རེངས་ཁུག་ནས་ཡ་ཐོད་ཤོར། །

   རྨ་བྱུང་ཡང་སྲོག་མགོ་ཐོན་ལེ་ཡིན། །

   རྐྱེན་ཆག་སྒོ་ཆེ་ཡང་རང་ཚོད་ཤེས། །

   སྐུ་ཆེ་ལ་ཁྲི་བཙུན་སྐུ་མཆེད་དང་། །

   ངར་མ་བཙན་རྒྱལ་མན་ཡན་ནས། །

   ཧོར་ཟམ་སྐྱ་མོའི་ཕར་ཁ་ནས། །

   ངར་རྒོད་རྒོད་རྡོ་ལ་གཏུགས་ནས་ཐལ། །

   དཔའ་ཞན་ཞན་ཉོབ་བརྡུང་རྩི་ཚོད་མེད། །

   ང་ཤན་པ་སྤུན་གསུམ་ཐང་རྩེ་བཞི། །

   མགར་ཆོས་དར་མཆོང་ལྷ་སྨུག་པོ་དྲུག །

   ཧོར་གུར་ནག་ག་མའི་གེར་བཙན་བརྒྱད། །

   ཧོར་ཕྲུག་ག་མ་གཟི་མགོ་དགུ། །

   དེ་མིན་པ་ཆག་སྒོ་བཟོས་ནས་ཐལ། །

   ལས་དེ་ཚོའི་ཚོད་ལ་འཚམ་པོ་ཡིན། །

   སྣ་བཅད་ནས་ཚར་གསོད་ཨེ་ཡིན་བསམས། །

   ཁ་བཤགས་ནས་རྣ་རྩར་མ་གཏུགས་ན། །

   ཁྲིམས་བཅད་ལེ་ཚོད་ཀྱིས་འཁྱམས་པོ་ཡིན།

   ང་ཤན་པའི་སྲོག་དམར་མ་ཤོར་ན། །

   ཧོར་གུར་དཀར་བློན་གོ་ཆོད་པས་ན། །

   ཧོར་གཞན་གྱི་ཚོ་ལ་ཆེན་པོ་ཡིན། །

   དེ་ནས་གནམ་རྗེ་གུར་དཀར་ལུ། །

   དགུན་ས་ཆུ་སྦུབས་ལ་ཚུད་ཉིན་མོ། །

   མི་དྲན་དགུ་དྲན་ཐན་པ་དྲན། །

   གླིང་དཀར་སྟོད་ལ་གྲགས་ནས་ཐལ། །

   ཆབ་བཞུ་ལེའི་སྔ་ལྟས་ཚང་ལེ་ཡིན། །

   སྟོན་འབྲུ་དྲུག་རྒྱན་ལ་འཁྲུངས་ས་ནས། །

   མི་འོང་དགུ་འོང་ཁུ་འཕང་དེ། །

   ཧོར་གུར་དཀར་རྒྱལ་པོས་ཕབ་ནས་ཐལ། །

   དགུན་བསེར་བུའི་སྔ་ལྟས་ཚང་ལེ་རེད། །

   ཧོར་སེར་པོ་ཉ་བདེ་ཆུ་སྐྱིད་ལ། །

   དཔོན་མི་དྲན་དགུ་དྲན་འབྲུག་མོ་དྲན། །

   སྨན་ཁྲ་ཟི་བ་འདི་མ་ཐོབ་ནས། །

   གྱོད་རི་བོ་ཙམ་འདི་གཡོས་ལེ་རེད། །

   སྡུག་ཐང་ཆད་སྔ་ལྟས་ཡོང་ལེ་རེད། །

   ང་ཤན་པས་བསམ་དཀར་བྱས་ལམ་ནས། །

   ཁྱོད་འཕྱི་ཁུང་ནང་ལ་སྡོད་དུ་བཅུག །

   ཤར་གླིང་པའི་འཕྱི་ཁུང་བཙན་ལེ་དེ། །

   དཔོན་གུར་དཀར་རྒྱལ་པོ་ཚོད་ཚོད་རེད། །

   དེ་སྟེ་མཐོང་བ་ཀུན་སྨོན་ན། །

   རྨོག་ཐལ་བ་ཚུབས་ཡེ་གབ་ལེ་དེ། །

   རུས་ཧོར་སེར་མིན་པ་ཞིབ་ས་མེད། །

   ཧོར་ཟམ་རིང་མོའི་ཁུག་ཟུར་ནས། །

   རྗེས་ར་རིལ་ཙམ་ཞིག་བཏོད་ལེ་དེ། །

   གླིང་དཔའ་བརྟུལ་མིན་པས་གསལ་ས་མེད། །

   ཞལ་དཀར་སྒོ་རྒྱུགས་བྱས་ཉིན་མོ། །

   ཁྱི་རྔམ་པ་འབྲུག་གྲགས་སྔ་ཞབས་ནས། །

   དཔོན་དར་འབུམ་མིན་པས་ཤེས་ས་མེད། །

   དཔའ་རྒྱ་ཚ་སེང་སྟག་འདན་མ་ཚོས། །

   བུ་རོང་ཚའི་ཤ་ལན་ལེན་ཉིན་མོ། །

   ཧོར་ས་ལ་ཐོག་རྒྱུག་བྱུང་ཉིན་མོ། །

   སྐྱབས་ཞུ་ས་ཐང་རྩེ་ངེད་གཉིས་ཡིན། །

   བློ་འདྲི་ས་རྟ་རྫི་མགོ་དམར་རེད། །

   ཧོར་རྗེ་གནམ་གྱི་རྒྱལ་པོ་ལགས། །

   རང་མཚང་བཏོན་ནས་དགོས་པ་མེད། །

   གླུ་ལེན་རན་མ་རེད་གསང་རན་རེད། །

   ཁྱོད་གུ་ཡང་གནམ་གྱི་རྒྱལ་པོ་ཡིས། །

   ཚོད་འཛིན་མིའི་ཁ་ལ་ཉན་འདོད་མེད། །

   ཟིན་ཐག་ཆོད་གཅིག་གིས་ཟིན་ལེ་ཡོད། །

   ང་ཤན་པ་འཕྱི་ཁུང་འཛུལ་ཀྱང་རུང་། །

   ཁུང་དུ་བས་བདུག་ཉེན་ཁྱོད་ལ་འོང་། །

   ང་དོགས་པ་ཆེ་བས་བསྡད་ལེ་ཡིན། །

   ངས་རྔ་མས་མགོ་ལ་མི་འབྲབ་སྟེ། །

   མགོ་གཡོ་རྒྱུ་མེད་ལེ་གཉའ་ཤིང་གཅིག །

   ངས་བསམས་ན་གཞན་ནས་འོང་ལེ་གདའ།

   སྤྲེལ་ཨ་རྒས་བསྐོར་བའི་བསྐོར་ཐག་གཅིག །

   ཁྱེ་ཞེའུ་བསྐོར་པའི་སྐོར་ཐག་གཉིས། །

   ར་ཆེན་པོ་བཤའ་བའི་རལ་གྲི་གསུམ། །

   གླང་གཉའ་བ་བཅའ་བའི་ཐག་པ་བཞི། །

   ངས་བསམས་ན་གཞན་ནས་འོང་ཞིང་གདའ། །

   དཔོན་བཀུར་ཆ་ཆེ་བ་ཁྱོད་འདྲ་ཅིག །

   གཡོག་རང་ཆེ་བྱེད་པ་ང་འདྲ་གཉིས། །

   སྡེ་མགོ་བ་བྱེད་པའི་ཧོར་འདྲ་གསུམ། །

   ཕར་བལྟར་ཚུར་གཟིགས་མཚར་ཤུགས་ཡིན། །

   ཁྱི་ཞེའུ་ངོ་དེ་ལི་ལིས་བསྲུང་། །

   སྡར་མའི་ངོ་དེ་ཁྱི་ཡིས་བསྲུང་། །

   ཨ་མཚར་པོ་ཨ་ཆེན་ཧོར་ཡུལ་སྟོད། །

   མཚར་ཐག་ཆོད་གུར་དཀར་ར་སྐད་ཁ། །

   གླུ་གོ་ན་རྣ་བའི་བུ་རམ་གྱིས། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1