༄༅། །དུས་རབས་ཉི་ཤུ་བའི་སྟོད་ཀྱི་འབྲོག་པའི་གཉེན་སྟོན།

གངས་འཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 11-23


དང་པོ། གཉེན་རྟགས།

གནའ་དེང་གང་ཡིན་ཡང་གཉེན་སྒྲིག་པ་ནི་མི་ཚེ་གཅིག་རིང་གི་བྱ་བ་གལ་འགངས་ཆེ་ཤོས་ཤིག་ཆགས་འདུག་པས། དུས་རབས་ཉི་ཤུ་བའི་སྟོད་ཀྱི་བདུད་ཤུལ་ཀླུ་ཚང་ལ་མཚོན་ན། སོ་སོའི་ཕ་མས་ཁྱིམ་ཚང་དང་ཤ་རུས། སྲུང་མ་སོགས་ལ་རྟོག་དཔྱོད་ནན་མོ་བྱས་རྗེས། གཉེན་སྒྲིག་གི་བྱ་བ་སྒྲུབ་ཀྱི་ཡོད་པ་ལས། སྔོན་ཆད་བུ་དང་བུ་མོ་རང་རང་གི་འདོད་མོས་ལྟར་གཉེན་སྒྲིག་བྱས་པའི་གནས་ཚུལ་ཤིན་ཏུ་ཉུང་། བུའི་ཕ་མ་གཉིས་ཀས་ཐོག་མར་ཁྱིམ་ཚང་གང་ཞིག་གི་བུ་མོའི་སྐྱེས་གཟུགས་དང་ལས་ཀའི་འཇོན་ཐང་། མི་གཤིས་སྤྱོད་ལམ་སོགས་བློར་བབས་ཚེ། རྩིས་པ་ལ་རྩིས་བྱེད་དུ་བཅུག་ནས་རང་གི་བུ་དང་ཕ་རོལ་བ་ཚང་གི་བུ་མོ་གཉིས་ཀྱི་ལོ་ཁམས་སྤར་ཁ་སོགས་མཐུན་མིན་ལ་ལྟ་བ་དང་། བླ་སྤྲུལ་སོགས་ལ་ལུང་བསྟན་ཞུས་ནས་ཕྱིས་འབྱུང་གི་བདེ་སྡུག་ལ་བརྟག་པར་བྱེད། བླ་མའི་ལུང་དང་རྩིས་པའི་རྩིས་བཤད་གཉིས་རང་བློ་ཁེངས་པ་ཞིག་བྱུང་ཚེ། ཀུན་གྱིས་བཀུར་ཞིང་ངོ་སོ་ཆེ་བ། ལྷག་པར་དུ་ཁ་ལྕེ་བདེ་ཞིང་བུ་མོའི་ཕ་མ་དང་འབྲེལ་བ་བཟང་བའི་སྐྱེས་པ་ཞིག་མནའ་མ་སློང་བར་མངག་སྲོལ་ཡོད་ལ། དེའི་མིང་ལ་ཀུན་གྱིས་བར་བ་ཞེས་འབོད། བར་བ་དེ་བུ་མོའི་ཕ་མ་དང་དེའི་ཉེ་དུ་རྣམས་ཀྱི་མདུན་ལ་སོང་ནས་གཉེན་སློང་མཁན་ཚང་གི་གནས་ཚུལ་དང་བུ་མོ་གནས་ལ་སྟེར་བའི་རེ་བ་ཡང་ཡང་བཤད། བུ་མོའི་ཕ་མ་དང་ཉེ་དུ་གཙོ་བོ་དག་གིས་གཉེན་སློང་མཁན་ཚང་གི་འབྱོར་བ་དང་ཤ་རུས། ལྷ་སྲུང་དང་ཁྱིམ་མིའི་སྤྱོད་ལམ་སོགས་ལ་རྒྱུས་ལོན་ཞིབ་མོ་ཞིག་བྱས་རྗེས། ད་གཟོད་བར་བ་ལ་བུ་མོ་གནས་ལ་སྟེར་མིན་གྱི་ལན་གསལ་བོ་འདེབས་ངེས་ཡིན། བུ་མོ་གནས་ལ་སྟེར་མིན་གྱི་དབང་ཆ་དེ་ཕ་མ་དང་ཉེ་དུ་གཙོ་བོ་དག་ལ་ཡོད་པ་ལས་ཕྱུག་པོས་རྒྱུ་སྟོབས་དང་དཔོན་པོས་དབང་ཤུགས་བཀོལ་ནས་བུ་མོ་འཕྲོག་པའི་གནས་ཚུལ་ཚོ་བ་འདིར་ཧ་ལམ་མ་བྱུང་བར་སྙམ། དེ་ནི་སྲིད་ཁྲིམས་ཀྱིས་བཙན་སྡོམ་བྱས་པ་ལས་བྱུང་བའི་བདེ་འཇགས་ཤིག་མ་ཡིན་པར་མིའི་ཀུན་སྤྱོད་དྲང་ལམ་དུ་བསྙེགས་པའི་རྟགས་མཚན་ཞིག་ཡིན་པ་སྨོས་མ་དགོས་སོ། །བུ་མོའི་ཕ་མ་དང་ཉེ་དུ་གཙོ་བོ་དག་གིས་གཉེན་གྱི་བྱ་བ་དེ་ཁས་ལེན་བྱེད་འདོད་ཡོད་ཚེ། བར་བའི་ལག་གི་ཆང་དང་ཁ་བཏགས་བླངས་ནས་བུ་མོ་གནས་ལ་བྱིན་པ་ཡིན་ཞེས་ཐག་གཅོད་པ་ཡིན། ཁ་དཔེ་ལ་བོད་ཚིག་ཐོག་ཟེར་བ་ལྟར་ཕྱིས་སུ་གནས་ཚུལ་གང་ལ་ཕྲད་ཀྱང་སྔར་ཁས་བླངས་ཀྱི་སྟེང་ནས་མི་འགྱུར་ཞིང་ཆང་དང་ཁ་བཏགས་དེ་གཉིས་ལ་གཉེན་རྟགས་ཞེས་འབོད་པར་བཤད། གཉེན་རྟགས་བླངས་པའི་ཉིན་ནས་བཟུང་། བུ་མོ་དེ་མི་ཁྱིམ་གཞན་ལ་བག་མར་བརྫངས་ཆོག་གི་མེད་པ་རེད། ཕ་མས་སྔར་ཁས་བླངས་པ་ལྟར་མི་ཁྱིམ་གཞན་ལ་བག་མར་མི་སྟེར་མོད། བུ་མོ་རང་རང་ལ་སྔོན་ནས་མཛའ་བརྩེ་ཟབ་པའི་སྐྱེས་པ་གཞན་ཡོད་ཚེ། བུ་མོ་ལ་ལས་ཕ་མས་བཀོད་སྒྲིག་བྱས་པའི་གཉེན་དེ་དང་ལེན་བྱེད་མ་འདོད་པར་རང་སེམས་ཤོར་བའི་སྐྱེས་པ་དེའི་རྗེས་ལ་གསང་ནས་འབྲོ་བ་ཡིན། གནས་ཚུལ་དེ་ལ་བརྟེན་ནས་གཉེན་སློང་མཁན་ཚང་དང་བུ་མོའི་ཕ་མ། བུ་མོ་ཁྲིད་མཁན་སྐྱེས་པ་སོགས་ཕྱོགས་གསུམ་གྱི་བར་ལ་མི་མཐུན་པའི་ཁ་མཆུ་འབྱུང་སྲིད་ལ། དེར་མོ་གྱོད་ཅེས་འབོད། སྤྱིར་མོ་གྱོད་ཀྱི་རིགས་བྱུང་དུས་སྡེ་བའི་ནང་གི་རྒན་ཤེས་རྒྱ་ཅན་དང་དཔོན་དབང་ཐང་ཅན་དག་བར་བཟླུམ་དུ་བུད་ནས་ཐག་གཅོད་བྱས་རྗེས་སུ་ཁ་མཆུ་དེ་རིགས་སུས་ཀྱང་གླེང་མི་ཆོག་པ་ཡིན། དེ་ནི་བུ་མོའི་ཕ་མའི་ཕྱོགས་ཀྱིས་རང་གི་བུ་མོ་ལ་བདག་དོམ་སློབ་གསོ་བཏང་བ་མ་འདང་བ་དང་སྐྱེས་པ་དེས་གཞན་གྱི་གཉེན་རྟགས་སྣང་མེད་དུ་བསྐྱུར་ནས་གནས་འགྲོ་མ་ཞིག་བསླུ་བྲིད་བྱས་པར་བརྩི་ཞིང་ཁ་མཆུའི་རྩ་བ་བུ་མོའི་ཕ་མ་དང་སྐྱེས་པ་དེ་ལ་ཐུག་ཡོད་པས། ཁྱིམ་ཚང་དེ་གཉིས་ཀྱིས་གཉེན་སློང་མཁན་ཚང་དང་བར་བ་སོགས་ལ་གོས་ཕྲུག་སྔུན་དང་རྟ་ཕོ་རྗེས་སུ་ཁྲིད་ནས་རང་སྐྱོན་ངོས་ལེན་བྱས་ན། མོ་གྱོད་དེ་རིགས་གཞི་ནས་ཞི་བར་གྱུར་བ་ཡིན། ཉིན་དེ་ནས་བཟུང་། བུ་མོ་དེ་རང་གི་མཛའ་བོ་དེའི་རྗེས་སུ་བག་མར་སོང་ཆོག་ལ་བར་ཆད་བྱེད་མཁན་ཀྱང་གཏན་ནས་མེད། མོ་གྱོད་དེ་ཐག་གཅོད་ལེགས་པོ་མ་བྱས་གོང་དུ་བུ་མོ་དེ་ཡང་བསྐྱར་གནས་ལ་བྲོས་པ་ཡིན་ན། ཁ་མཆུ་གཞི་ནས་རྒྱ་ཆེ་རུ་འགྲོ་ངེས་པས་ཐག་གཅོད་མ་བྱས་སྔོན་ལ་གནས་ཡུལ་སྙེག་མཁན་གཏན་ནས་མེད། མདོ་སྨད་ཀྱི་འབྲོག་ཚོ་མང་བོ་ལ་འདི་ལྟ་བུའི་གོམས་སྲོལ་ཡོད་པ་རེད།

གཉིས་པ། གཉེན་སྟོན་སྔོན་གྱི་སྟ་གོན་གྱི་རིམ་པ།

        གཉེན་རྟགས་བྱིན་པའི་རྗེས་སུ། གཉེན་སློང་མཁན་ཚང་གིས་སྔར་ལྟར་བར་བ་བརྒྱུད་ནས་གཟའ་འཁོར་འཕྲོད་སྦྱོར་ལེགས་པའི་ཉིན་ཞིག་ལ་བག་སྟོན་བྱེད་པར་གཏན་ཁེལ་བྱེད། ཁྱིམ་ཚང་མང་ཤོས་ཀྱིས་གནམ་ལོ་གསར་ཚེས་སྐབས་ཀྱི་ཉིན་ཞིག་ལ་བག་སྟོན་བྱེད་པ་ཡིན། དེ་ནི་གཅིག་ན་ལོ་གསར་བ་ཞིག་གི་མགོ་བརྩམས་པས་རྟེན་འབྲེལ་བཟང་བར་བརྩི་ཞིང་། གཉིས་ན་ལོ་གསར་བའི་ནང་ཕྱོགས་གཉིས་ཀར་ཤི་ཆད་ཀྱི་རིགས་མ་བྱུང་བས་འདུན་རྟགས་མེད་པས་ཡིན། བུ་མོ་གནས་ལ་མ་སོང་བའི་ཡར་སྔོན་དུ། བག་ཆས་གང་དགོས་རྣམས་ཕ་མས་གྲ་སྒྲིག་གྱ་ནོམ་པ་བྱ་དགོས་པ་ཡིན། སྐྲ་ལོ་ནི་ན་ཆུང་བུ་མོ་རྣམས་ཀྱི་མཛེས་ཆས་ཆེ་ཤོས་ཤིག་ཡིན་པས། གནས་འགྲོ་མའི་སྐྲ་ཕབ་སྐབས་སུ་སྡེ་བའི་ནང་གི་སྐྲ་སླེ་མཁས་པའི་བུད་མེད་རྣམས་ཡོང་ཞིང་། ཐོག་མར་སྐྲ་སློང་བ་ཟེར་བའི་བཤད་པ་རིང་བོ་ཞིག་ཁ་ལྕེ་བདེ་བའི་སྐྱེས་པ་ཞིག་གིས་བཤད་རྗེས། བུད་མེད་སྐྲ་སླེ་བྱང་བ་ཞིག་གིས་གནས་འགྲོ་མའི་རལ་བ་བསླེས་ཤིང་དེའི་སྣེ་མོར་ཁ་བཏགས་དཀར་བོ་ཞིག་འདོགས་པ་ཡིན། དེ་ནས་བུད་མེད་གཞན་རྣམས་ཀྱང་གནས་འགྲོ་མའི་གཡས་གཡོན་དུ་བསྡད་ནས་སྐྲའི་ལན་བུ་ཕྲ་ཞིང་གྲིམ་པོར་བསླེ་དགོས། འབྲོག་མོ་རྣམས་ཀྱིས་སྐྲའི་ལན་བུ་རྣམས་ཅི་ཙམ་ཕྲ་ཞིང་དེ་ཙམ་གྲིམ་ན་མཛེས་ཆོས་སུ་བརྩི་བ་ཡིན། བག་གསར་ལ་ཐོག་མར་སྐྲ་ཕབ་སྐབས་སུ་འགྲམ་པ་གཡས་གཡོན་གྱི་ལན་བུ་སྔོན་མ་གཉིས་ལ་བལ་དཀར་བོ་ཞིག་བསྲེས་ནས་སླེ་དགོས། དེ་ནི་བག་གསར་གྱི་བྱ་བ་ལམ་འགྲོ་ཡོང་བའི་རྟེན་འབྲེལ་ཞིག་དང་བག་གསར་ཁོ་ན་མཚོན་པའི་རྟགས་མཚན་ཞིག་ཀྱང་ཡིན། འབྲོག་པ་ཆ་མེད་ཅིག་གིས་འགྲམ་པའི་གཡས་གཡོན་གྱི་ལན་བུ་དཀར་བོ་དང་རལ་བའི་ནང་གི་ཁ་བཏགས་དེ་མཐོང་ཚེ། སྐྲ་ཕབ་མ་ཐག་གི་གནས་འགྲོ་མ་ཞིག་ཡིན་པ་རང་ཤུགས་ཀྱིས་ཤེས་ངེས་ཡིན། བུ་མོ་ལོ་ཆུང་དག་གིས་ལན་བུའི་ཚགས་མགོ་མདུན་དུ་ཡོད་པ་དེ་སྐྲ་ཕབ་སྐབས་སུ་ཚགས་མགོ་རྒྱབ་ཏུ་བསྐོར་ནས་འཇོག་པ་དང་ཚགས་ཀྱི་སྣེ་མོར་ནས་འབྲུ་རྡོག་པོ་འགའ་བསྡམས་ནས་བཙེམ་པའི་སྲོལ་ཀྱང་ཡོད། དེས་གནས་འགྲོ་མ་རང་ཉིད་ད་ནས་འཚོ་བ་གསར་བ་ཞིག་གི་ལམ་ལ་ཞུགས་པ་མཚོན་པ་ཡིན་ནམ་སྙམ། རྒྱུ་མཚན་ཞིབ་མོ་ཤེས་མཁན་ཞིག་མ་རྙེད། བུ་མོ་གནས་འགྲོ་མའི་སྐྲ་ཕབ་པ་ནས་བཟུང་། ལན་བུའི་ཚགས་མགོ་རྒྱབ་ཕྱོགས་སུ་འཇོག་དགོས་ཤིང་། ནམ་ཞིག་ཁྱོ་ག་འདས་གྲོངས་སུ་སོང་བའམ་མོ་རང་རྒས་པར་གྱུར་ཚེ། བྱིས་པའི་གནས་སྐབས་བཞིན་ཚགས་མགོ་མདུན་ཕྱོགས་སུ་འཇོག་དགོས་པ་ཡིན། དེ་མིན་གང་དགར་ཚགས་མགོ་མདུན་ཕྱོགས་སུ་འཇོག་པའི་སྲོལ་མེད།

        བུ་མོ་གནས་འགྲོ་མར་བག་ཞྭ་དང་། བག་གོས་དང་། བག་རྟ་སོགས་ཀྱང་འཛོམས་དགོས་ལ། འབྱོར་བ་ཞན་པའི་ཁྱིམ་ཚང་གིས་ཉེ་དུ་ལ་གཡར་བའམ་རང་གི་ཨ་མའི་རྒྱན་རྣམས་བཏགས་ནས་སོང་ཆོག ཁྱིམ་ཚང་ཕྱུག་པོ་དག་གིས་རང་ཚང་གི་བུ་མོ་གནས་ལ་འགྲོ་སྐབས་བག་ཆས་གང་ལེགས་གྲ་སྒྲིག་བྱེད་པ་ལས་གཞན་ནས་གཡར་བའམ་ཨ་མའི་རྒྱན་གོས་འདོགས་པ་སོགས་མི་བྱེད། བག་ཞྭ་ནི་ཝ་དམར་ཡིན་དགོས་པ་མ་ཟད། ཞྭ་དབྱིབས་ཀྱང་དེང་གི་ཝ་ཞྭ་དང་མི་འདྲ་བར་གྱེན་ལ་མཐོ་ཞིང་ཆེ་བར་བཤད། བག་མའི་ལུས་ལ་ཕྲུག་ཚར་ཆུ་སྲམ་ཅན་གྱོན་པ་དང་། རྒྱབ་ལ་དངུལ་དུང་ཆེ་ཆུང་དུ་མ་བསྒྲིགས་པའི་དམར་གདན་དང་གོས་དཀར་སེར་དམར་ལྗང་སྣ་ཚོགས་འདོགས། དར་ཚོན་དེ་དག་ལ་རྒྱབ་དར་ཞེས་འབོད་ལ་དེ་ནི་བག་ཆས་ཁོ་ན་ཞིག་ཡིན་པས། བུ་མོ་གཞོན་ནུ་མ་རྣམས་ཀྱིས་རང་འགར་རྒྱབ་དར་འདོགས་སྲོལ་མེད། བག་གསར་གྱི་རྐེད་པ་གཡས་གཡོན་དུ་དངུལ་གྱི་བཞོ་ལུང་གློ་བཟུར་གཡུ་བྱུར་གྱི་ཕྲ་རྒྱན་ཅན་འདོགས་ལ། གསེར་དངུལ་གྱི་རྣ་རྒྱན་རྣ་བ་གཡས་གཡོན་དུ་འདོགས་པའང་ཡོད། སྔོན་ཆད་རླངས་འཁོར་གྱི་རིགས་གཏན་ནས་མེད་པར་བག་མ་རྟ་ལ་ཞོན་ནས་འགྲོ་དགོས་པས། དམིགས་བསལ་གྱིས་བག་རྟ་ཟེར་བ་ཞིག་དགོས་པ་ཡིན། བག་རྟ་ནི་རྟ་གཤིས་འཇམ་ཞིང་སྤུ་མདོག་དཀར་བོ་ཅན་ཞིག་དང་། བག་སྒ་ཞེས་བཞོན་ན་བདེ་ཞིང་བལྟས་ན་མཛེས་པའི་སྒ་ཁྱད་པར་ཅན་ཞིག་ཀྱང་དགོས་པ་ཡིན། བག་རྟའི་ཚབ་ཏུ་མཛོ་གཡག་དང་བོང་དྲེལ་སོགས་ལ་ཞོན་ནས་འགྲོ་བའི་གོམས་སྲོལ་གཏན་ནས་མེད། ཁྱིམ་ཚང་དབུལ་བོ་ཞིག་ཡིན་ན་བག་ཞྭ་བག་གོས་བག་རྒྱན་སོགས་གཡར་བ་ལས་གཞན་བག་རྟ་བཟང་བོ་ཡང་གཞན་ནས་གཡར་བཞིན་ཡོད་པ་རེད། ཁྱིམ་ཚང་ཕྱུག་པོ་དག་གིས་རང་གི་རྟ་ཁྱུ་ལས་རྟ་གཤིས་སྤུ་མདོག་སོགས་འོས་འཚམ་གྱི་བག་རྟ་ཞིག་འདེམ་པ་ཡིན། བག་མ་རང་ཁྱིམ་ནས་ཐོག་མར་ཐོན་སྐབས་སུ། ཁྱིམ་མཚེས་དང་ཉེ་དུ་བུ་མོ་རྣམས་ཡོང་ནས་བག་མ་ལ་གོས་རྒྱན་སྤྲས་པ་དང་རྟའི་གོང་ལ་འཇོག་པ་སོགས་བྱས་ནས་སྐྱེལ་མ་ཞུ་བ་ཡིན། ཉིན་དེ་ནས་བཟུང་། ཕན་ཚུན་མཛའ་བརྩེ་ཅི་འདྲ་ཟབ་ན་ཡང་ཕྱིས་སུ་ངོ་འཕྲད་པའི་གོ་སྐབས་ཤིན་ཏུ་ཉུང་ཞིང་ཕན་ཚུན་གྱི་བདེ་སྡུག་གང་བྱུང་ཡང་ཤེས་ཐུབ་མེད་པས། བག་གསར་དང་སྐྱེལ་མ་བྱེད་མཁན་གྱི་བུད་མེད་རྒན་གཞོན་ཐམས་ཅད་སེམས་སྐྱོ་ནས་མིག་ཆུ་མི་བཞུར་བ་ཧ་ལམ་མེད། བག་གསར་གནས་སུ་སྐྱེལ་མཁན་ནི་མིང་བོ་དང་ཉེ་དུ་ཞང་བོ། སྡེ་བའི་ནང་གི་སྐྱེས་པ་རྣམས་ཡིན་ཞིང་མིང་ལ་ཨ་ཞང་ཞེས་འབོད། བག་རྟའི་མཐུར་མདའ་ནས་མིང་བོའམ་ཉེ་དུ་གང་རུང་གིས་བཟུང་ཞིང་སྐྱེལ་མཁན་ཨ་ཞང་རྣམས་ལ་འགྲོགས་ནས་རང་ཁྱིམ་གྱི་སྦྲ་ནག་ལ་བསྐོར་བ་ཐེངས་གསུམ་རྒྱག་དགོས་ལ། སྦྲ་ལ་བསྐོར་བ་བྱེད་སྐབས་སུ་བག་གསར་དེའི་ཨ་མའམ་རྒན་པ་ཞིག་གིས་བུ་མོའི་གཅེས་མིང་ནས་འབོད་བཞིན་དུ་"གཡང་ཞིག་ཡོད་ན་ཨ་མར་ཞོག སྐྱིད་ཅིག་ཡོད་ན་ཁྱོད་ཀྱིས་ཁྱེར"ཞེས་ངག་སྙན་མོས་དབྱངས་ལ་བཀུག་ནས་བཤད་ན། བག་མ་སྐྱེལ་མཁན་གྱི་ཨ་ཞང་རྣམས་ཀྱིས་མཉམ་དུ"ཨོ་ཡ"ཞེས་ལན་འདེབས་པ་རེད། དེ་ནས་བག་མ་ཨ་ཞང་རྣམས་ཀྱིས་བསྐོར་ནས་གནས་ཡུལ་ལ་འགྲོ་བ་ཡིན།

གསུམ་པ། གཉེན་སྟོན་གྱི་ཆོ་ག་དངོས།

        བག་མ་སྐྱེལ་མཁན་གྱི་ཨ་ཞང་ལ་བསུ་བ་བྱེད་ཚུལ་ནི། འབྲོག་པའི་ཁ་དཔེ་ལ། ང་ཐང་ཆེན་གསུམ་ནས་བསུ་བ་དང་། ལམ་ཆེན་གསུམ་ནས་རྟ་རྒྱུག་ཟེར་བ་ལྟར། བག་མ་ལེན་མཁན་གཉེན་ཚང་ཕྱོགས་ཀྱིས་སྐྱ་མི་མང་བོ་ཡོང་ནས་བསུ་བ་རྒྱ་ཆེན་པོ་བྱེད་སྲོལ་ཡོད། ཐོག་མར་བསུ་བ་བྱེད་མཁན་གྱི་རྟ་བ་མང་བོ་རྒྱང་ཐག་རིང་སར་ཨ་ཞང་ཚང་གི་སྔུན་ལ་བུད་དེ་བཀྲ་ཤིས་པའི་འཚམས་འདྲི་དང་བཅས་ཆང་མཆོད་འཕེན་བཞིན་དུ་ཨ་ཞང་ཚང་ལ་བསྐོར་བ་ཐེངས་གསུམ་བྱེད། ཨ་ཞང་ཚང་ལ་བསྐོར་བ་བྱེད་སྐབས་སུ་བསུ་བ་བྱེད་མཁན་གྱིས་ཀི་རིང་འདེབས་པ་སོགས་མ་གུས་པའི་རྣམ་འགྱུར་བསྟན་མི་ཆོག་ལ། གལ་ཏེ་སུ་ཞིག་གིས་ཀི་བཏབ་པ་ཡིན་ན་ཨ་ཞང་ཚང་ལ་མཐོང་ཆུང་བྱས་པར་བརྩི་བས། ཨ་ཞང་རྣམས་ཁོང་ཁྲོ་ལངས་ཤིང་རྒན་པ་དག་གིས་གཤེ་གཤེ་གཏོང་ངེས་ཡིན། བག་མ་སྐྱེལ་མཁན་གྱི་ཨ་ཞང་དག་གིས་ཀི་འདེབས་པ་རང་དབང་ཡིན་པས་བསུ་བ་བྱེད་མཁན་ལ་མཐོང་ཆུང་བྱས་པར་མི་བརྩི་ལ། ཕོ་གསར་རྟ་བཟང་བོ་ཞོན་པ་དག་གིས་རྟ་རྒྱུགས་ནས་བང་རྩལ་འགྲན་སྲོལ་ཡོད་དེ། ཨ་ཞང་གྲས་ཀྱི་རྟ་བཟང་བོ་ཞོན་པ་ཞིག་གིས་ཀི་འདེབས་བཞིན་དུ་རྟ་ལ་ལྕག་གིས་བྲབས་ཏེ་གཡས་གཡོན་གང་རུང་ནས་བྲོས་ཚེ། ད་གཟོད་བསུ་བ་བྱེད་མཁན་གྱི་གྲས་ནས་རྟ་བཟང་བོ་ཞོན་པ་ཞིག་གིས་རྗེས་དེད་དེ་སྔོན་དུ་འབུད་འེ་ཐུབ་བལྟ་བ་ཡིན། སྔོན་དུ་འབུད་མ་ཐུབ་ན་ཨ་ཞང་རྣམས་རྒྱལ་ཞིང་བསུ་བ་བྱེད་མཁན་གཉེན་ཚང་རྣམས་ཕམ་པ་ཡིན་པས། ཨ་ཞང་རྣམས་ཀྱིས་རང་ཕྱོགས་ཀྱི་ལ་རྒྱ་མ་ཤོར་སྙམ་ནས་འབྲོ་མཁན་གསར་བུ་དེར་བསྟོད་བསྔགས་བྱེད། གལ་ཏེ་བསུ་བ་བྱེད་མཁན་གྱི་ཕོ་གསར་དེས་ཨ་ཞང་འབྲོ་མཁན་གྱི་རྗེས་ཆོད་པ་ཡིན་ན། ཨ་ཞང་རྣམས་ཕམ་ཞིང་གཉེན་ཚང་ཕྱོགས་རྒྱལ་བ་ཡིན་པས། བསུ་མ་བྱེད་མཁན་རྣམས་དགའ་སྤྲོའི་འཛུམ་གྱིས་ཁེངས་ནས་སྔོན་དུ་བུད་འགྲོ་བ་ཡིན། བག་མ་དང་ཨ་ཞང་རྣམས་བག་མ་ལེན་མཁན་ཚང་གི་སྦྲ་དང་ཐག་ཉེ་སར་སླེབས་སྐབས། འབབ་རྟེན་ཟེར་བའི་བསུ་བ་བྱེད་ལུགས་གཞན་ཞིག་ཡོད། དེ་ནི་གཉེན་ཚང་གི་སྐྱ་མི་གཉིས་སྔོན་ལ་ཡོང་ནས་རས་དཀར་བོ་ཞིག་ཕྱོགས་གཉིས་སུ་འཕྲེད་དར་བཞིན་འཐེན་ལ། ཡང་སྐྱ་མི་གཞན་ཞིག་གིས་རྟ་དཀར་དཀར་ཞིག་ཁྲིད་ནས་དེ་གཉིས་ཀྱི་གཡས་གཡོན་གང་རུང་དུ་ཡོང་ནས་འདུག་པ་ཡིན། དེའི་ཚེ་ཨ་ཞང་གྲས་ཀྱི་རྟ་བཟང་བོ་ཞོན་པའི་གསར་བུ་གཉིས་རྒྱུགས་ནས་སྔོན་མས་འབབ་རྟེན་ཟེར་བའི་རས་དཀར་བོའི་དཀྱིལ་ནས་བཟུང་སྟེ་ལེན་པ་དང་། རྗེས་མ་དེས་རྟ་དཀར་བོ་དེ་བླངས་ནས་ཁོ་གཉིས་ཕྱིར་ཨ་ཞང་རྣམས་ཀྱི་གྲས་སུ་བུད་འགྲོ འབབ་རྟེན་ཟེར་བའི་རས་དཀར་བོ་དེ་ལེན་མཁན་ལ་དབང་ཞིང་རྟ་དཀར་བོ་རང་ལ་མི་དབང་བར་གཉེན་ཚང་ལ་ཕྱིར་སྤྲོད་པ་ཡིན། དེའི་རྒྱུ་མཚན་དང་མཚོན་བྱ་སོགས་ཤེས་མཁན་ཞིག་མ་མཐོང་ལ། དེ་ནི་བདག་གཞན་ཐམས་ཅད་སྤྲོ་བའི་རྩེད་མོའི་རིགས་ཤིག་ཏུ་གྱུར་ནས་ད་ལྟའང་མ་ཉམས་པར་གནས་ཡོད་དོ། །

        བག་མའི་རྟ་ཁ་ལེན་ཚུལ་ནི། གོས་རྒྱན་འཛོམས་ཤིང་ལོ་ཚད་བག་མ་དང་མཉམ་པའི་གཞོན་ནུ་མ་ཞིག་གིས་ལག་ལ་ཁ་བཏགས་དཀར་བོ་ཞིག་བཟུང་ཡོང་ནས་བག་རྟའི་སྲབ་མདའ་ལེན་པ་ཡིན། སྔོན་ཆད་ཨ་ཞང་དག་གིས་བག་མའི་རྟའི་སྲབ་མདའ་བུ་མོ་གཞོན་ནུ་མ་དེ་ལ་སྤྲོད་མི་སྤྲོད་ཅི་རིགས་ཡོད་དེ། སྦྲ་དང་ཅུང་རིང་ས་ནས་བག་མའི་རྟ་ཁ་བྱིན་ན་བག་མ་རྟ་ལས་འབབ་དགོས་ཤིང་རྐང་ཐང་ལ་མགོ་དང་རྐེད་པ་སྐུར་ནས་སོང་ན་དཀའ་ཚེགས་ཆེ་བས་ཨ་ཞང་རྣམས་ཀྱིས་རྟ་ཁ་ལམ་སེང་སྟེར་འདོད་མེད་པ་དང་། རྟ་ཁ་མ་བླངས་པར་སྦྲའི་ཉེ་སར་སོང་ན་གཉེན་ཚང་དམའ་སར་ལྷུང་བའི་རྟགས་སུ་བརྩི་བས། ཨ་ཞང་རྣམས་དང་རྟ་ཁ་ལེན་མཁན་མ་སྲི་མ་ཚོས་རྟ་ཁ་རྩོད་རེས་བྱེད་པའི་གནས་ཚུལ་མང་བོ་བཤད་རྒྱུ་ཡོད། ཨ་ཞང་གིས་བག་རྟའི་མཐུར་མདའ་དེ་རྟ་ཁ་ལེན་མཁན་གྱི་ལག་ཏུ་བཞག་ཚེ། བག་རྟའི་གཡས་ཕྱོགས་སུ་བལ་གདན་དཀར་བོ་ཞིག་བཏིངས་ནས་དེའི་སྟེང་དུ་བག་མ་རྟ་ལས་འབབ་པ་ཡིན། དེ་ནས་བག་མས་མགོ་དང་རྐེད་པ་སྒུར་ཞིང་གདོང་ཡོངས་རྫོགས་ཕུ་རུང་གིས་གཡོགས་ནས་སུས་ཀྱང་མི་མཐོང་བར་བྱས་ནས་འགྲོ དེ་ནི་རང་གི་གནས་ཡུལ་ཚང་ལ་གུས་པ་བྱས་པའི་རྟགས་མཚན་ཡིན་པར་བཤད་ལ། དེ་ལྟར་མི་བྱེད་པའི་བག་གསར་ཞིག་གཏན་ནས་མེད། སྦྲ་ནང་དུ་མ་ཐོན་སྔོན་ལ་ཨ་ཞང་དང་གཉེན་ཚང་གི་མ་སྲུ་ཚོས་རྒྱབ་ཕྱོགས་སུ་འཐེན་ཙམ་བྱེད་པ་དང་དེར་མཐུད་ནས་ཨ་ཞང་ཞིག་གིས་བག་ཞྭའི་ཐོད་ཁ་ནས་མདུན་ཕྱོགས་སུ་འཐེན་ཙམ་བྱེད་པ་ཡིན། དེ་ནི་གུས་བཀུར་གྱི་རྟགས་ཤིག་ཡིན་ཟེར་མཁན་ཡོད་མོད། དོན་ལ་བག་མའི་ཕ་ཁྱིམ་དང་བག་མའི་གནས་ཁྱིམ་གཉིས་ཀྱིས་དབང་ཐང་འདྲ་མཉམ་ཡིན་པ་སྟོན་བཞིན་ཡོད། བག་གསར་དེ་སྦྲ་ནང་དུ་སྡོད་སྐབས། མོ་ཁྱིམ་གྱི་མར་གཤམ་དུ་ཁ་ཡར་འཁོར་ནས་འདུག་པ་ཡིན།

        གཉེན་སྟོན་གྱི་མཆོད་ཁ་འཕེན་ཚུལ་ནི། བག་མ་སྐྱེལ་མཁན་གྱི་ཨ་ཞང་རྣམས་སྦྲ་ཁྱིམ་གྱི་གཡས་སུ་བཏིངས་པའི་གདན་དཀར་ལ་བདེ་བར་བསྡད་རྗེས། འབྲོག་པ་རྣམས་ཀྱི་ཁ་དཔེ་ལ། ཟས་མཆོད་ཁ་མ་འཕངས་ཟ་སྲོལ་མེད་ཟེར་བ་ལྟར། ཨ་ཞང་རྣམས་ལ་ཇ་མ་དྲངས་པའི་གོང་ལ་བུད་མེད་ཅིག་གིས་ཐོག་མར་ཇ་མཆོད་འཕེན་པ་ཡིན། བུད་མེད་དེ་ནི་བག་མ་ལེན་མཁན་ཚང་གི་ཉེ་དུ་གང་རུང་ཞིག་གི་ཆུང་མ་ཡིན་དགོས་ལ། ཁྱོ་ག་དང་བུ་ཕྲུག་རྣམས་ལ་ཤི་ཆད་མ་བྱུང་བར་བདེ་འཚམས་ཀྱང་ཡིན་དགོས། བུད་མེད་དེས་ཐོག་མར་ཐོམ་བུ་བལ་དཀར་གྱིས་དཀྲིས་པ་ཞིག་གིས་མཆོད་ཁ་འཕེན་མགོ་རྩོམ་སྐབས། བུད་མེད་དེའི་ཕྲག་པ་གཡོན་པར་གཉེན་ཚང་གི་ཁ་བཏགས་དཀར་བོ་ཞིག་འཕེན་པ་ཡིན། དེ་ནི་དེ་རིང་གཉེན་སྟོན་བདེ་ལེགས་ཡོང་བ་དང་། བུ་དང་མནའ་མ་གཉིས་ཀ་འགྲིག་མཐུན་ཡོང་བའི་རྟེན་འབྲེལ་ཡིན་པར་བཤད། བུད་མེད་དེས་ཐོག་མར་ཁྱིམ་ཕུགས་སུ་ཇ་མཆོད་ཐེངས་གསུམ་འཕེན། དེ་ནི་ཁྱིམ་གྱི་ལྷ་སྲུང་ཐུགས་དགྱེས་པའི་ཕྱིར་ཡིན། དེ་ནས་སྦྲ་སྒོར་བུད་དེ་ཕྱོགས་མཚམས་བརྒྱད་དུ་ཇ་མཆོད་འཕེན། དེ་ནི་ལྷ་སྲུང་ཡུལ་ལྷ་གཞི་བདག་རྣམས་ཐུགས་དགྱེས་ནས་འཇིག་རྟེན་གཉེན་གྱི་བྱ་བ་ལ་ཁ་འཛིན་སྡོངས་གྲོགས་མཛད་པ་དང་། བུ་དང་མནའ་མར་མི་ནོར་ཀླུང་རྟ་དར་བའི་ཕྱིར་དུ་ཡིན། མཆོད་ཁ་འཕེན་པའི་བྱ་བ་འདི་རྫོགས་རྗེས་སུ། གཉེན་ཚང་གིས་ཐོག་མར་ཨ་ཞང་རྣམས་ལ་ཇ་འདྲེན་པ་དང་། དཀར་ཡོལ་ལེགས་པོ་ཁ་ཞབས་བལ་དཀར་གྱིས་དཀྲིས་པ་ཞིག་གི་ནང་འོ་ཇ་དཀར་བོ་བླུགས་ནས་བག་གསར་གྱི་མདུན་དུ་འཇོག་པ་དང་དེ་ནས་ཁ་རུ་ཐེངས་གསུམ་ཁྱེར་ནས་འཐུང་བའི་ཚུལ་སྟོན། བལ་དཀར་གྱིས་བོད་ཀྱི་དམངས་སྲོལ་ནང་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་སྐབས་ཤིན་ཏུ་མང་མོད། སྐབས་ཀྱི་བརྗོད་བྱར་མ་བབས་པས་ཞིབ་མོར་མ་བྲིས་སོ། །

        མཆོད་ཁ་གཉིས་པ་ནི་ཆང་མཆོད་ཡིན། ཨ་ཞང་དང་བག་མ་སོགས་སྦྲ་སྒོར་བུད་དེ་ཅུང་ཟད་བསྡད་ནས་སླར་ཡང་ཁྱིམ་གྱི་གདན་ལ་འཁོད་རྗེས། གཉེན་ཚང་ཕྱོགས་ཀྱི་རྒན་པོ་ངོ་སོ་ཆེ་ཞིང་ཁ་ལྕེ་བདེ་བ་ཞིག་གིས་ཆང་དཀར་ལག་ལ་བཟུང་ནས། ཐོག་མར་ཐབ་ལྷ་གཙོས་གཞིས་ཁྱིམ་གྱི་ཕུག་ལྷ་རྣམས་ཐུགས་དགྱེས་པའི་ཕྱིར་དུ་ཐབ་ཀའི་ནང་ཆང་མཆོད་ཐེངས་གསུམ་འཕེན་པ་དང་དེ་ནས་ཁྱིམ་ཕུགས་སུ་འཕེན། དཔེ་རྙིང་ཁ་ཤས་ལས་བྱུང་བ་ལྟར། ཕུག་ལྷ་རྣམས་ནི་ཁྱིམ་གྱི་ཕུག་རྟེན་ལ་རྟག་པར་བཞུགས་པ་དང་། ཁྱིམ་མི་རྣམས་ལ་སྡོངས་གྲོགས་བྱེད་པ་དང་ཁྱིམ་གྱི་ཕྱྭ་གཡང་སོགས་ལ་དབང་མཛད་བཞིན་ཡོད་པར་གསུངས། ཁ་དཔེར་ཡང་། ཕུག་གི་ལྷ་མ་བདེ་ན་ཁྱིམ་གྱི་མི་མི་བདེ་ཞེས་བཤད་སྲོལ་ཡོད་པ་དང་། འབྲོག་པ་རྣམས་ཀྱིས་ཕུག་ལྷ་དགྱེས་པའི་ཕྱིར་དུ་མཆོད་འབུལ་དང་སྲུང་མདའ་འཛུགས་པ། ཕུག་ལྷ་མནོལ་གྲིབ་རིགས་མི་འགོས་པའི་ཕྱིར་དུ་ཕྱི་རྫས་ལ་འཛེམ་དོགས་དང་གཙང་སེལ་སྣ་ཚོགས་བྱེད་སྲོལ་ཡོད། གཉེན་སྟོན་སྐབས་སུ་ཡང་ཁྱིམ་དེའི་མཆོད་དཔོན་གང་རུང་ཞིག་གིས་བསྲུང་མདའ་ལག་ཏུ་བཟུང་ནས་ཕུག་ལྷ་གསོལ་བསྟོད་དང་ཁྱིམ་ལ་ཕྱྭ་གཡང་འགུག་བཞིན་ཡོད། གཉེན་སྟོན་གྱི་ཆང་མཆོད་ཐོག་མ་ཡང་ཐབ་ཀའི་ནང་དང་ཁྱིམ་གྱི་ཕུགས་སུ་འཕེན་པ་དེ་ཡང་། བུ་དང་མནའ་མ་གཉིས་ཀར་ལྷས་སྡོངས་གྲོགས་དང་ཁྱིམ་ལ་བཀྲ་ཤིས་ཕྱྭ་གཡང་སྩོལ་བའི་ཕྱིར་དུ་ཡིན་པ་སྨོས་ཅི་དགོས། གོང་བཞིན་དུ་རྒན་པོ་དེ་སྦྲ་སྒོར་བུད་ནས་ཕྱོགས་བཞི་མཚམས་བརྒྱད་དུ་ཆང་མཆོད་འཕེན་པ་དང་སྐྱེས་པ་རྒན་གཞོན་མེད་པར་ཐམས་ཅད་ཀྱིས་བསང་འབོད་བྱེད། ཆང་མཆོད་ཀྱི་བྱ་བ་མཇུག་རྫོགས་རྗེས་སུ། ད་གཟོད་ཨ་ཞང་རྣམས་ལ་ཇ་ཆང་འདྲེན་པ་དང་། བར་བ་རྒན་པོ་དེས་གཉེན་གྱི་བྱ་བ་འདིའི་བརྒྱུད་རིམ་མ་ལུས་པར་སྡེབ་ལེགས་པའི་གཏམ་དཔེ་སྣ་ཚོགས་ཀྱི་ལམ་ནས་ཀུན་ལ་མཚམས་སྦྱོར་བྱེད་པ་ཡིན་ནོ། །

        ཤ་འཐེན་དང་བུ་རས་རྩོད་པ་ནི། འབྲོག་པའི་བག་སྟོན་དེ་སྟོན་མོ་གཞན་དག་དང་བསྡུར་ན་གོ་རིམ་མང་ཞིང་མི་ཚོགས་འདུས་པ། རྩེད་མོ་སྣ་ཚོགས་འཛོམས་ཤིང་འཁྲུགས་ཆ་ཆེ་བ་ཞིག་ཆགས་ཡོད་པས་འབྲོག་པ་རྣམས་ཀྱིས་ཧ་ཅང་དགའ་བོ་བྱེད་པ་ཡིན། བག་སྟོན་གྱི་གོ་རིམ་ནང་ཤ་འཐེན་དང་བུ་རས་གཉིས་ནི་ན་གཞོན་ཕོ་མོ་རྣམས་ལ་མཚོན་ན། བག་སྟོན་རྩེད་མོའི་ནང་གི་གལ་ཆེ་ཤོས་ཤིག་དང་ཐམས་ཅད་དགའ་བོ་བྱེད་ས་འབའ་ཞིག་ཡིན། དེ་ནི་ཐོག་མར་ལུག་ཤ་ཧྲིལ་བོ་འགའ་ཁྱེར་ཡོང་ནས་ཨ་ཞང་རྣམས་ཀྱི་མདུན་དུ་སྒྲིག་འཇོག་བྱེད་པ་དང་། དེའི་འཕྲོར་གཉེན་ཚང་གི་སྐྱེས་པ་སྨྲ་ལྕེ་བདེ་བ་ཞིག་གིས་དཀར་ཡོལ་འབྲུག་རིས་མ་བདུད་རྩི་ཆང་གིས་བཀང་བ་ཞིག་ལག་རྩེར་བཏེགས་ནས་སྟོན་བཤད་བཤད། སྟོན་བཤད་བྱས་ཚར་བ་དང་ལྷན་ཏུ་སྨན་ཁྲ་མོ་གླག་མོ་འཁོར་འཁོར་བྱོས། ཕོ་ཁྲ་རྒོད་ལུ་གུ་རྩེ་རྩེ་བྱོས། ཞེས་བཤད་མ་ཐག གཉེན་ཚང་གི་གསར་བུ་རྣམས་དང་མ་སྲུ་ལོ་ཆུང་རྣམས་བརྒྱུགས་ནས་ཤ་ཁོག་དག་ཕྱོགས་བཞིར་འཐེན་དེ་འཕྲོག་རེས་བྱེད་པ་ཡིན། དེའི་མིང་ལ་ཤ་འཐེན་ཞེས་འབོད། ཨ་ཞང་རྣམས་དང་གཉེན་ཚང་ཕྱོགས་ཀྱི་རྒན་བྱིས་ཐམས་ཅད་ཀྱིས་ཤ་འཐེན་གྱི་ལྟད་མོ་ལ་བལྟས་ནས་འདུག་དགོས། ཤ་ཁོག་རྣམས་དུམ་པ་དུམ་བར་བཏང་རྗེས། གསར་བུ་རྣམས་ཀྱི་ལག་ཏུ་ཡོང་བ་དེ་གསར་བུ་ཡོད་ཚད་ལ་མཉམ་བགོ་བྱེད་པ་དང་མ་སྲུ་རྣམས་ཀྱི་ལག་ཏུ་ཐོབ་པ་དག་མ་སྲུ་ཐམས་ཅད་ལ་མཉམ་བགོ་བྱེད་པ་ཡིན། གཉེན་ཚང་ཕྱོགས་ཀྱི་གསར་བུ་དང་གསར་མོ་རྣམས་ཀྱིས་ཤ་འཐེན་བྱེད་པའི་ལྟད་མོ་མཇུག་རྫོགས་རྗེས་སུ། ད་གཟོད་ཨ་ཞང་རྣམས་དང་གཉེན་ཚང་གི་མ་སྲུ་བར་གྱི་རྩེད་མོ་ཞིག་སྟེ་བུ་རས་རྩོད་པའི་མགོ་རྩོམ་པ་ཡིན། ཐོག་མར་གཉེན་ཚང་གི་མ་སྲུ་སྐད་ངག་བདེ་ཞིང་སྤོབས་པ་ཆེ་བ་ཞིག་གིས་ཨ་ཞང་རྣམས་ལ་བུ་རས་སྟེར་དགོས་པའི་གླེང་སློང་བ་དང་། ཨ་ཞང་གྲས་ཀྱི་ཁ་བདེ་ལྕེ་བདེ་བ་དག་གིས་དགོད་ཁ་སློང་བའི་ཀུ་རེ་དང་སྡེབ་སྦྱོར་ལེགས་པའི་གཏམ་དཔེ་སྣ་ཚོགས་ཀྱི་ལམ་ནས་མ་སྲུ་རྣམས་ལ་བུ་རས་མེད་ཚུལ་བཤད་དེ་ཕན་ཚུན་ལ་རྩོད་པ་བྱེད། འབྲོག་པ་ཚོས་ཁ་དཔེ་ལ། རྟ་རིན་ཞིག་རྩེད་དགོས། ལུག་རིན་ཞིག་དགོད་དགོས་ཞེས་བརྗོད་སྲོལ་ཡོད་པ་ལྟར། མ་སྲུ་རྣམས་ཀྱིས་"སྟོད་དབུས་གཙང་ཡུལ་གྱི་ཕྲུག་ཅིག་དགོས། ཕྲུག་གཅིག་རུང་ཁ་ཐེའུ་མི་གཅིག་པ་ཞིག་དགོས། སྨད་རྒྱ་ནག་ཡུལ་གྱི་གོས་ཤིག་དགོས། གོས་གཅིག་རུང་རི་མོ་མི་གཅིག་པ་ཞིག་དགོས། "ཞེས་བུ་རས་ལ་གཞན་དང་མི་མཚུངས་པའི་གོས་ཁྱད་པར་བ་ཞིག་དགོས་ལུགས་བཤད་པ་དང་། ཕན་ཚུན་ལ་ཀུ་རེ་སྣ་ཚོགས་ལབ་ནས་ཐམས་ཅད་དགའ་སྤྲོས་འུར་ཆལ་ལེར་བུད་འགྲོ ཨ་ཞང་རྣམས་ཀུ་རེ་གཏམ་གྱིས་ཕམ་དུ་འཇུག་མ་ཐུབ་ཚེ། མ་སྲུ་ལོ་ཆུང་རྣམས་ཀྱིས་དཔུང་བསྒྲིགས་ནས་ཨ་ཞང་རྣམས་སྒོར་འདྲུད་ཅི་ཐུབ་བྱེད། རྩེད་མོ་འདིའི་སྐབས་སུ་རྒྱན་ཆ་ཆག་སྐྱོན་དང་གོས་ཚར་ལ་འཐེན་གཤག་བྱུང་ན་ཡང་། ཁོང་ཁྲོ་ལངས་པ་དང་ཚིག་ངན་སྨྲ་བ་སོགས་གཏན་ནས་མི་བྱེད། ད་གཟོད་ཨ་ཞང་གྲས་ཀྱི་ལོ་མཐོ་ཞིང་ཁ་ལྕེ་བདེ་བ་ཞིག་ཡར་ལངས་ནས་བུ་རས་ལ་བསྟོད་པ་དང་བཅས་མ་སྲུ་རྣམས་ལ་སྟེར་སྲོལ་ཡོད། བུ་རས་རྩོད་པ་ནི་བག་སྟོན་ནང་གི་འུར་ཟིང་ཆེ་ཤོས་དང་ཨ་ཞང་མ་སྲུ་གཉིས་ཀ་ཆེས་དགའ་བའི་རྩེད་མོ་ཞིག་ཡིན་པས། ད་ལྟའང་མ་ཉམས་པར་ཡོད་དོ། །

        གླུ་ལེན་ཚུལ་ནི། ཨ་མདོ་འབྲོག་པའི་གླུ་འདི་ལ་དམངས་གླུ་དང་ལ་གཞས་གཉིས་སུ་དབྱེ་བ་ཡོད་པ་ལྟར། བག་སྟོན་གྱི་སྐབས་སུ་ཡང་གླུ་དེ་གཉིས་ལེན་སྲོལ་ཡོད་མོད། སྐབས་སུ་སླེབས་ཚེ་ད་གཟོད་ལེན་པ་ལས་རང་འདོད་ལྟར་འཛེམ་མེད་དུ་བླངས་ན་ངོ་ཚ་ཞིག་ཏུ་བརྩི་བ་ཡིན་པས། སྐབས་སུ་མ་སླེབས་གོང་ལ་ལེན་མཁན་མེད། ཐོག་མར་གཉེན་ཚང་ཕྱོགས་ཀྱི་སྐད་ངག་བདེ་བའི་གླུ་བ་རེ་གཉིས་ཀྱིས་ཨ་ཞང་རྣམས་ལ་གླུ་རེ་འབུལ་སྲོལ་ཡོད། དེའི་མིང་ལ་ལྟ་བ་ཟེར། དེའི་རྗེས་མཐུད་དེ་མ་སྲུ་སྐད་ངག་བདེ་བ་རྣམས་ཀྱིས་ཀྱང་དེ་བཞིན་ཨ་ཞང་རྣམས་ལ་ལྟ་བ་བྱེད། དེ་ནས་ཨ་ཞང་དང་མ་སྲུ་རྣམས་ཀྱིས་ཕན་ཚུན་ལ་དམངས་གླུ་ལེན་པའི་མགོ་བརྩམས་པ་ཡིན། སྤྱིར་བོད་ཀྱི་དམངས་གླུ་འདི་ལ་ཁ་མཚར་དང་སྲིད་པ། གླུ་ཤགས་བཅས་སུ་དབྱེ་སྲོལ་ཡོད་པ་ལྟར། ཕན་ཚུན་ལ་དམངས་གླུ་བླངས་ནས་འགྲན་སྐབས་ཀྱང་གོ་རིམ་དེ་བཞིན་དུ་ལེན་པ་དང་། གླུ་བ་དང་གླུ་མ་ཡིན་མིན་ཀྱང་སྐད་ངག་བདེ་མིན་ལ་འབྲེལ་བ་ཆེར་མེད་པར་གཙོ་བོ་གླུ་མང་ཉུང་དང་ལན་ཐེབས་མིན་ལ་ལྟ་བ་ཡིན། ས་རུབ་པ་ན་བག་མ་བག་གུར་དུ་བསྐྱལ་ཞིང་རྒན་པ་དག་ཀྱང་ཕྱིར་སོང་རྗེས། ད་གཟོད་ཨ་ཞང་དང་མ་སྲུ་རྣམས་ཀྱིས་ཕན་ཚུན་ལ་འདོད་བརྩེ་བརྗོད་པའི་ལ་གཞས་ལེན་པ་ལས། རྒན་གཞོན་ཐམས་ཅད་འདུས་སར་ལ་གཞས་ལེན་མཁན་མེད་པར་བཤད། ལ་གཞས་ནི་བོད་རིགས་གཞོན་སྐྱེས་ཕོ་མོ་རྣམས་ཧ་ཅང་དགའ་བའི་གླུའི་རིགས་ཤིག་ཡིན་པས་རེ་གཉིས་ཙམ་ལེན་མི་ཤེས་པ་གཏན་ནས་མེད། བག་སྟོན་གྱི་མཚན་མོ་ལ་གཞས་མང་ཉུང་འགྲན་ཞིང་དེའི་ཁྲོད་ནས་ཕན་ཚུན་ངོ་ཤེས་པ་དང་། རིམ་གྱིས་མཛའ་བརྩེ་ཆགས་པའི་གཏམ་རྒྱུད་ལྟ་བུའི་སྣང་ཚུལ་ཀྱང་ཐོན་མྱོང་བར་བཤད།

        ཨ་ཞང་རྣམས་ལ་སྐེ་རགས་བཅིང་ཚུལ། སྔོན་ཆད་ཁྱིམ་ཚང་གི་འབྱོར་བ་མི་འདྲ་བའི་དབང་གིས་སྐེ་རགས་ལ་མང་ཉུང་དང་བཟང་ངན་ཡོད་པ་ལས་ཨ་ཞང་རྣམས་ལ་སྐེ་རགས་མི་བཅིང་བའི་སྲོལ་གཏན་ནས་མེད། དེ་ནི་གཉེན་ཚང་གིས་ཨ་ཞང་རྣམས་ལ་གོས་རས་ཀྱི་རིགས་གང་འཚམ་ཞིག་བྱིན་ན་དེ་ལ་སྐེ་རགས་བཅིང་བ་ཞེས་འབོད། གཉེན་ཚང་འབྱོར་བ་ལྡན་པའི་ཁྱིམ་ཚང་ཞིག་ཡིན་ན། སྐེ་རགས་བཅིང་བ་མ་ཟད། མནའ་མའི་མིང་བོ་ལ་མིང་རྟ་དང་མནའ་མའི་ཞང་བོ་ལ་ཞང་རྟ་ཞེས་པའི་རྟ་གཉིས་ཀྱང་སྟེར་སྲོལ་ཡོད། གཉེན་ཚང་འབྱོར་བ་ཞན་པ་ཞིག་ཡིན་ཚེ། མིང་རྟ་ཞང་རྟའི་ཚབ་ཏུ་གོས་ཕྲུག་གང་རུང་ཞིག་བྱིན་པས་ཆོག་པ་ཡིན། སྐེ་རགས་བཅིང་བའི་སྲོལ་འདི་ཉིད། ལོ་རབས་དྲུག་ཅུ་བའི་རྙིང་བཞི་གཙང་གཏོར་སྐབས་སུ་ཉམས་པར་གྱུར་མོད། ལོ་རབས་བརྒྱད་ཅུ་བའི་ནང་འཚོ་བ་ཇེ་བཟང་དུ་སོང་བ་དང་བསྟུན་ནས་སྲོལ་དེ་སླར་ཡང་དར་བ་རེད།

        བག་མའི་རལ་བ་སླེ་ཚུལ། ཕྱི་ཉིན་ཞོགས་པར་བག་མ་གཉེན་ཚང་ནས་རང་ཡུལ་ལ་ཆས་སྐབས། གཉེན་ཚང་གི་བུད་མེད་ཅིག་གིས་བག་མའི་རལ་བ་བཤིག་ནས་ཡང་བསྐྱར་སླེ་ཞིང་སྔོན་གྱི་ཁ་བཏགས་དེ་བླངས་ནས་དེའི་ཚབ་ཏུ་ཁ་བཏགས་གསར་བ་ཞིག་འདོགས་པ་ཡིན། དེ་ནི་གཉེན་ཚང་གི་ཁྱིམ་མི་ཞིག་ཏུ་གྱུར་བའི་རྟགས་མཚན་ཡིན་པར་བཤད། དེའི་རྐྱེན་གྱིས་ཁ་བཏགས་དེ་རང་འགར་བླངས་ཆོག་གི་མེད་ལ། གལ་ཏེ་བླངས་ན་རྟེན་འབྲེལ་ངན་པར་བརྩི་བ་ཡིན། རལ་བའི་ནང་གི་ཁ་བཏགས་བརྗེ་རེས་བྱེད་པའི་སྲོལ་འདི་བར་སྐབས་ཞིག་ནས་ཉམས་པར་གྱུར་མོད། ལོ་རབས་བརྒྱད་ཅུ་བའི་ནང་དུ་སླར་དར་བ་རེད། ད་ལྟ་རལ་བའི་ནང་གི་ཁ་བཏགས་གསར་རྙིང་གཉིས་ཀ་མི་ལེན་ཞིང་དེས་མེ་ཏོག་གི་དབྱིབས་ལྟ་བུ་བཟོས་ནས་རལ་བའི་ནང་གི་རྒྱན་ཆ་བཞིན་དཔྱང་ནས་འགྲོ་མཁན་ཡང་ཡོད། བུ་མོ་ཁ་ཤས་ཀྱིས་སྣང་དོགས་ཅི་ཡང་མེད་པར་རལ་བའི་ནང་གི་ཁ་བཏགས་བླངས་ནས་འགྲོ་བཞིན་འདུག སྣང་ཚུལ་དེ་ལས་མཐོང་ཐུབ་པ་ནི། སྣེ་མང་རྙོག་འཛིང་གི་སྤྱི་ཚོགས་གསར་བས་མི་རྣམས་ཀྱི་ལྟ་སྤྱོད་དང་འཚོ་བ་ལ་ཤུགས་རྐྱེན་ཅི་རིགས་ཐེབས་པར་བརྟེན། གོམས་སྲོལ་འདི་ལྟ་བུ་དག་ནི་སྐབས་བབ་ཀྱི་འགྲོ་སྟངས་ཤིག་ཏུ་བརྩི་བ་ལས་གནའ་མི་བཞིན་མི་ཚེ་གཅིག་གི་རྟེན་འབྲེལ་ལྟ་བུར་ངོས་འཛིན་བྱེད་ཀྱི་མེད་པ་ཤེས་ཐུབ་བོ། །

        བག་རིན་ལེན་ཚུལ་ནི། གནའ་དེང་གང་ཡིན་ཡང་བག་རིན་ཟེར་བའི་རྒྱུ་ནོར་གང་འཚམ་ཞིག་བག་མའི་ཕ་ཁྱིམ་ལ་བག་མ་ལེན་མཁན་ཚང་གིས་སྟེར་དགོས་མོད། རྒྱུ་ནོར་གྱི་མང་ཉུང་དང་རྒྱུ་ནོར་གྱི་སྟེར་ལུགས་སོགས་གཏན་ནས་མི་འདྲ་སྟེ། སྔོན་ཆད་བག་སྟོན་ལེགས་པོར་གྲུབ་ནས་བག་མ་དང་ཨ་ཞང་རྣམས་ཕྱིར་ཕ་ཁྱིམ་ལ་འགྲོ་བའི་ནངས་ མོར། ད་གཟོད་བག་རིན་ལེན་པ་ཡིན། ནངས་མོར་གཉེན་ཚང་གིས་རང་གི་སྒོ་ཟོག་ཆེ་བ་རྟ་ནོར་ནས་ཆུང་བ་ར་ལུག་ཡན་ཆད་ལྷས་སུ་བརྒྱབ་པ་ན། ཨ་ཞང་རྣམས་ལྷས་སུ་ཡོང་ནས་སྒོ་ཟོག་ལ་རྟགས་རྒྱག་པ་ཡིན། བག་རིན་ལེན་པའི་སྐབས་སུ་གཉེན་ཚང་མི་སུ་འདྲ་ཞིག་གིས་ཀྱང་བཀག་འགོག་དང་རེ་ཞུ་བྱས་མི་ཆོག་ལ། ཐ་ན་རྣམ་འགྱུར་མི་ལེགས་པ་ཞིག་བསྟན་ཚེ། ཨ་ཞང་རྣམས་མ་དགའ་བར་བག་རིན་མང་བོ་ལེན་པ་ལས་ངོ་སོ་ལ་ཅུང་ཟད་མི་ལྟ། གཉེན་ཚང་ཕྱུག་པོ་དང་དབུལ་བོ་གང་ཡིན་ཡང་བག་རིན་ངེས་པར་དུ་སྟེར་དགོས་མོད། ཕྱུག་པོ་ལ་ཕྱུག་པོ་དང་མཐུན་པའི་བག་རིན་ཞིག་དང་། དབུལ་བོ་ལ་དབུལ་བོ་དང་འཚམ་པའི་བག་རིན་ཞིག་ལེན་གྱི་ཡོད་པ་ལས་དབུལ་བོས་སྒོ་ཁྱི་ཡན་ཆད་བག་རིན་ལ་ཤོར་བའི་ལོ་རྒྱུས་གཏན་ནས་མེད། ཨ་ཞང་རྣམས་ཀྱིས་གཉེན་ཚང་གི་འབྱོར་བ་ལ་བལྟས་ནས་བག་རིན་ལེན་པ་ཡིན་ཏེ། ཐར་ཤུལ་ཚོ་གསུམ་ན་མིང་དུ་གྲགས་པའི་ཕྱུག་པོ་རུ་མང་བན་ནག་ཚང་གིས་ཀླུ་ཞོལ་མ་སྡེ་བ་ནས་མནའ་མ་ལེན་སྐབས། བག་རིན་ལ་རྟ་ནོར་དྲུག་ཅུ་དང་ལུག་ཉིས་བརྒྱ་ལྷག་བྱིན་ཟེར། ཁོ་ཚང་ལ་ལུག་སྟོང་ཕྲག་ལྔ་དང་རྟ་ནོར་ལྔ་བརྒྱ་ལྷག་ཡོད་པས། ཨ་ཞང་རྣམས་ཀྱིས་ཁོ་ཚང་གི་འབྱོར་བ་ལ་བལྟས་ནས་བག་རིན་མཐོན་པོ་བླངས་པ་ཡིན་ལ། གཉེན་ཚང་དབུལ་བོ་དག་གི་ས་ནས་བག་རིན་ཆེ་ན་འབྲི་གཡག་ཙམ་དང་ཆུང་ན་ལུག་ཙམ་ལས་ལེན་གྱི་མེད་དེ། ཡུལ་འདིའི་འབྲོག་པ་རྣམས་ཀྱི་ཁ་དཔེ་ཞིག་ལ། ཤ་ལག་གཡས་ཤིག་གིས་ཁུགས་ནོ་ཡིན། །ཚོང་འདི་འདྲ་བརྒྱབ་ན་བཤད་རྒྱུ་མེད། །ཅེས་ཁ་དཔེ་ཞིག་ཆུང་བྱིས་པ་ཡན་ཆད་ཀྱིས་ཁ་མཚར་ལྟ་བུར་བརྩིས་ནས་ད་ལྟའང་སྒྲོག་བཞིན་ཡོད། དེ་ལས་གཉེན་ཚང་དབུལ་བོ་དག་གི་ལག་ནས་བག་རིན་མཐོན་པོ་ལེན་གྱི་མེད་པ་གསལ་བོར་ཤེས་ཐུབ། བག་སྟོན་ལེགས་པོར་མཇུག་རྫོགས་རྗེས་ཀྱི་ནངས་མོར། ཨ་ཞང་རྣམས་ཀྱིས་བག་རིན་དུ་བླངས་པའི་སྒོ་ཟོག་རྣམས་དེད་དེ་རང་ཡུལ་དུ་འགྲོ་བ་ཡིན།

བཞི་བ། གཉེན་སྟོན་རྗེས་ཀྱི་གོས་རྒྱན་དང་རྫོངས་པ་སྟེར་ཚུལ།

        བག་མ་ལ་གོས་རྒྱན་དང་རྫོངས་པ་སྟེར་ཚུལ་ནི། བུ་མོ་དེ་ཐེངས་གཉིས་པར་གནས་ཡུལ་ཚང་ལ་འགྲོ་དུས། བག་མའི་མིང་ལ་འཕྲད་མ་ཞེས་འབོད་སྲོལ་ཡོད་ལ། ཁྱོ་ག་དང་ཐོག་མར་ངོ་འཕྲད་པའི་སྐབས་ཡིན་པས་དེ་ལྟར་བརྗོད་པ་ཡིན་སྙམ། དེ་དུས་ཕ་ཁྱིམ་ནས་བག་མ་ལ་རང་གི་གོས་རྒྱན་དང་རྫོངས་པ་གང་འཚམ་ཞིག་སྟེར་དགོས་པ་ཡིན། སྔོན་བག་རིན་བླངས་པའི་མང་ཉུང་ལྟར་གོས་རྒྱན་དང་རྫོངས་པ་སྟེར་སྲོལ་ཡོད་དེ། བག་རིན་ཉུང་ངུ་ཙམ་ལས་བླངས་མེད་ན། ཕྱིས་སུ་གོས་རྒྱན་དང་རྫོངས་པ་ཡང་ཉུང་ངུ་ཙམ་ལས་མེད། བག་རིན་མང་བོ་བླངས་ཡོད་ན། སྤྲང་བོའི་ཟས་དང་བུ་མོའི་རིན་ཟེར་ནས་ཧམ་བཟུང་མི་བྱེད་པར་བུ་མོ་ལ་གོས་རྒྱན་གང་བཟང་དང་སྒོ་ཟོག་མང་བོ་ཞིག་རྫོངས་པ་ལ་སྟེར་བ་ཡིན། སྔོན་བག་རིན་ལ་རྒྱུ་ནོར་ཉུང་ཉུང་ཞིག་ལས་བླངས་མེད་ན་ཡང་བུ་མོའི་ཕ་ཁྱིམ་ཧ་ཅང་ཕྱུག་པོ་ཡིན་ན། གསེར་དངུལ་གྱི་རྒྱན་ཆ་དང་གོས་ཕྲུག་སྣ་ཚོགས། བག་རྟ་བཟང་བོ་དང་སྒོ་ཟོག་ཆེ་ཆུང་དུ་མའི་རྫོངས་པ་སྟེར་བའང་ཡོད། ཁྱིམ་ཚང་གི་འབྱོར་བ་ལྟར་ཧ་ཅང་སྐྱོ་བོ་ཡིན་ན་ཡང་། མ་མཐའ་ཤ་ཐུད་ཀྱི་རྫོངས་པ་ངེས་པར་དགོས། བག་གསར་འཕྲད་མ་སུ་ཞིག་ལ་རྫོངས་པ་མེད་ན་དེ་ནི་ངོ་ཚ་ཆེན་པོ་ཞིག་ཏུ་བརྩི་བ་ཡིན་པས། བག་གསར་ཐམས་ཅད་ཐེངས་གཉིས་པར་གནས་ཡུལ་ལ་འགྲོ་སྐབས་སུ། ཤ་ཐུད་ཀྱི་རྫོངས་པ་རྣམས་ཁལ་རྟ་ལ་བཀལ་ཞིང་། སྒོ་ཟོག་གི་རྫོངས་པ་ཡོད་ན་མིང་བོ་ཉེ་དུ་སོགས་ཀྱིས་དེད་དེ་འགྲོ་བ་ཡིན། གནས་ཡུལ་དུ་མིང་བོ་ཉེ་དུ་སོགས་ཞག་གཅིག་ལ་བསྡད་རྗེས་ད་གཟོད་ཕྱིར་རང་ཁྱིམ་དུ་ཡོང་བ་ཡིན། དེ་དུས་བག་མའི་ཕ་ཁྱིམ་གྱིས་ཀྱང་མག་པ་རང་ཁྱིམ་དུ་བོས་ནས་སྟོན་མོ་བྱེད་པ་དང་། མག་ལྭ་དང་མག་རྟ་སོགས་སྟེར་སྲོལ་ཡོད། བུ་མོ་ཐེངས་གཉིས་པར་གནས་ཡུལ་དུ་སོང་བ་འདི་ཁྱོ་ཤུག་གཉིས་ཀ་ཐོག་མར་འཕྲད་པ་ཡིན་པས། སོ་སོའི་སྐྱེས་གཟུགས་དང་ལོ་ཚད་སོགས་འདོད་བློ་ཁེངས་ཐུབ་མིན་ཅི་རིགས་ཡོང་གི་ཡོད་པ་ལྟར། བུ་མོས་ཁྱོ་གའི་སྐྱེས་གཟུགས་སོགས་བློར་མ་བབས་པར་གནས་ཡུལ་དུ་ཡོང་མ་འདོད་ན། བག་རིན་གྱི་སྒོ་ཕྱུགས་དང་གོས་རྒྱན་རྣམས་ཀྱང་མ་ལུས་པར་ཕྱིར་སྤྲོད་དགོས། ཁྱོ་གས་བག་གསར་གྱི་སྐྱེས་གཟུགས་དང་ལོ་ཚད་སོགས་བློར་མ་བབས་པར་ཕྱིར་ཕུད་པ་ཡིན་ན། སྔོན་གྱི་བག་རིན་དང་གོས་རྒྱན་རྣམས་གཅིག་ཀྱང་ཕྱིར་སྤྲོད་མི་དགོས་པའི་ཡུལ་ཁྲིམས་ལྟ་བུའི་གོམས་སྲོལ་ཡོད། སྔོན་ཆད་གཙོ་བོ་ཕ་མའི་བཀོད་སྒྲིག་ལྟར་གཉེན་སྒྲིག་བྱས་པ་ཡིན་པས། ཐོག་མར་སོ་སོའི་འདོད་བློ་ཁེངས་མིན་གྱི་གནས་ཚུལ་ཡོད་ན་ཡང་། རིམ་གྱིས་འགྲོགས་ཤིང་འདྲིས་པའི་བརྒྱུད་རིམ་ནང་སྐྱིད་སྡུག་མཉམ་རོལ་གྱི་འདུན་པ་དང་ཡིད་ཆེས་བློ་རྟོན་རུང་བའི་མཛའ་བརྩེ་ཆགས་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། སྔོན་ཆད་གཉེན་འཐོར་བའི་གནས་ཚུལ་དེང་སྐབས་དང་བསྡུར་ན་ཧ་ཅང་ཉུང་ཉུང་ཞིག་ལས་མེད་པར་བཤད།

        ལོ་རབས་ལྔ་བཅུ་བའི་མཇུག་ཙམ་ནས་བཟུང་། སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གཉེན་སྒྲིག་གི་གོ་རིམ་དང་རྣམ་པ་སོགས་ཀྱི་ཐད་ལ་འགྱུར་ལྡོག་སྣ་ཚོགས་ཤིག་ཐོན་ཡོད། ལོ་རབས་དྲུག་ཅུ་བའི་སྟོད་དུ་བདུད་ཤུལ་ཀླུ་ཚང་བ་རྣམས་ལ་ཡང་བོད་ཚོ་གཞན་དག་དང་འདྲ་བར་མུ་གེ་ཡ་ང་བ་ཐེབས་པའི་གནས་ཚུལ་འོག་ཏུ། གཉེན་སྒྲིག་གི་གོ་རིམ་སོགས་ལ་སུས་ཀྱང་དོ་སྣང་མི་བྱེད་དེ། བཟའ་ཟླ་དེ་ཉིད་ཀྱི་སྲུང་མ་འདྲ་མིན་དང་ཤ་རུས་གཙང་མིན། སྐྱེས་གཟུགས་ཡག་རྩོག་སོགས་གཙོ་བོ་མི་བྱེད། ཐ་ན་བར་བ་དང་མོ་རྩིས། ཕ་མའི་བཀོད་སྒྲིག་སོགས་ཀྱང་མེད། སུ་ཚང་ལ་བཟའ་བཏུང་ཅུང་ཟད་ཡོད་ན་དེ་ཚང་དུ་མག་པའང་བག་མར་འགྲོ་བ་ཡིན། ལོ་རབས་བདུན་ཅུ་བའི་དུས་འགོར་འཚོ་བའི་ཐད་ཀྱི་དཀའ་ཁག་ཆེ་ཤས་དག་མེད་པར་སོང་ན་ཡང་། རྙིང་བཞི་གཙང་སེལ་སོགས་སྲིད་ཕྱོགས་ཀྱི་བྱ་འགུལ་སྣ་ཚོགས་རིམ་པར་ཐོན་པར་བརྟེན་ནས། སྔོན་གྱི་གཉེན་སྒྲིག་བྱེད་ལུགས་དང་བསྡུར་ན་གོ་རིམ་ཉུང་བ་དང་གྲ་རྒྱས་ཀྱི་རྣམ་པ་མེད། བག་ཆས་ཞན་ཞིང་སྟོན་མོ་ལ་ཟས་རིགས་ཉུང་བ། སྔོན་གྱི་སྐེ་རགས་བཅིང་བ་དང་མིང་རྟ་ཞང་རྟ་སོགས་ཚབ་ཏུ་མའོ་ཙེ་ཏུང་གི་འདྲ་པར་རེ་སྟེར་བ་དང་། ཤ་འཐེན་བུ་རས་རྩོད་པ་དང་རྟ་རྒྱུག་མཆོད་ཁ་སོགས་ཡུལ་ཆོས་དང་འབྲེལ་བའི་སྲོལ་ལུགས་ཁག་མེད་པས། བག་སྟོན་ཐམས་ཅད་ལ་འུར་ཟིང་དང་རོལ་རྩེད་ཀྱི་རྣམ་པ་ཞིག་མཐོང་དཀོན་པ་རེད། ལོ་རབས་བརྒྱད་ཅུ་བའི་ནང་དུ་སྒོ་ཟོག་འགན་གཙང་ལེན་བྱས་པ་དང་སྲིད་ཇུས་དོན་ཐོག་ཏུ་བབས་པར་བརྟེན་ནས་ཁྱིམ་ཚང་སོ་སོའི་ཡོང་སྒོ་གོང་འཕེལ་དུ་སོང་ནས། སྔོན་གྱི་གཉེན་སྒྲིག་གི་གོ་རིམ་ཁག་ཅིག་རྒྱུད་འཛིན་དང་སྲོལ་ལུགས་གསར་བ་ཁག་ཅིག་དང་ལེན་བྱས་ཡོད་པ་ནི། སྔོན་ཆད་བཞིན་བར་བ་མངག་པ་དང་མོ་རྩིས་བྱེད་པ། ཤ་རུས་སྲུང་མ་བརྟག་པ་སོགས་གཙོ་བོར་འཛིན། བག་རིན་ལེན་སྟངས་དང་བག་མའི་གོས་རྒྱན་སོགས་ཀྱི་ཐད་སྔོན་དང་མི་འདྲ་སྟེ། གཉེན་ཚང་གིས་བག་སྟོན་མ་བྱས་པའི་ཡར་སྔོན་དུ་བག་རིན་སྒོར་མོ་དང་གོས་ཆང་དུ་མ། བག་མའི་གོས་རྒྱན་སོགས་བུ་མོའི་ཕ་མ་དང་ཉེ་དུ་རྣམས་ཀྱི་འདོད་བློ་ཁེངས་པ་ཞིག་ཁྱེར་ཡོང་དགོས། གལ་ཏེ་འདོད་བློ་མ་ཁེངས་པ་ཡིན་ན། བག་མ་ལེན་མཁན་གཉེན་ཚང་གིས་མེད་ལ་ཡོད་བཏོད་ནས་བག་རིན་ལ་ཁ་སྣོན་དང་བག་གོས་ཇེ་ལེགས་སུ་གཏོང་དགོས། དེའི་མིང་ལ་གཉེན་རྟགས་ཞེས་འབོད་སྲོལ་ཆགས་འདུག གཉེན་རྟགས་རྣམས་བྱིན་རྗེས་སུ་ད་གཟོད་བག་སྟོན་གྱི་ཉིན་མོ་གཏན་ཁེལ་བྱས་ནས་སྟོན་མོ་བྱེད། དེ་སྔོན་དང་མི་འདྲ་བར་བག་སྟོན་གྱི་མཚན་མོ་བག་མ་ཞག་སྡོད་ཀྱང་བྱེད་མི་དགོས་པར་ཉིན་དེར་ཕྱིར་རང་ཁྱིམ་དུ་ལོག་པ་སོགས་སྔོན་གྱི་སྟོན་མོ་དང་བསྡུར་ན་སྟབས་བདེ་ཞིང་གྲོན་ཆུང་གི་རྣམ་པ་ཐོན་ཡོད། ཡིན་ན་ཡང་། ལོ་རབས་བརྒྱད་ཅུ་བའི་དཀྱིལ་ཙམ་ལ་བག་རིན་སྒོར་མོ་ལྔ་བརྒྱ་ལེན་པ་ནི་ཆེས་མཐོ་གྲས་སུ་བརྩི་ཞིང་སྒོར་མོ་སུམ་བརྒྱ་ཡས་མས་ལེན་པ་ནི་སྤྱིའི་ལེན་ཚད་ལྟ་བུ་ཡིན། དེ་ནས་རིམ་གྱིས་བག་རིན་ལེན་ཚད་མཐོ་རུ་སོང་ནས་སྒོར་མོ་སུམ་སྟོང་ལེན་པ་ནི་ཆེས་དམའ་ཤོས་སུ་བརྩི་ཞིང་ཐུན་མོང་གིས་སྒོར་བཞི་སྟོང་ནས་ལྔ་སྟོང་བར་ལེན་གྱི་ཡོད་པ་དང་། ཁྱིམ་ཚང་ཁ་ཤས་ཀྱིས་བག་རིན་ལ་སྒོར་ཁྲི་ལེན་པའི་གནས་ཚུལ་ཀྱང་འབྱུང་བཞིན་ཡོད། བུ་མོའི་ཕ་མ་ཁ་ཤས་ཀྱིས་བག་རིན་ཅི་ཙམ་མཐོ་ན་ཁྱིམ་ཚང་གི་སྙན་གྲགས་ཀྱང་དེ་ཙམ་ཆེ་བའི་གླེན་འདང་རྒྱག་གི་ཡོད་པ་དང་། ཁ་ཤས་ཧམ་སེམས་ཀྱི་དབང་ལ་ཤོར་ནས་བག་རིན་མང་བོ་ལེན་གྱི་ཡོད་པ་རེད། སྤྱིའི་གནས་ཚུལ་ལ་བརྟགས་ན། ཁྱིམ་ཚང་གི་འབྱོར་བ་དང་བསྟུན་ནས་རིན་ལེན་པ་ལས་གླེན་འདང་དང་ཧམ་སེམས་ཀྱི་དབང་དུ་ཤོར་བ་ཉུང་ལ། བུ་མོར་གནས་ཡུལ་གྱི་བུ་དང་བུ་མོ་གང་རུང་ཞིག་ཐོག་མར་སྐྱེས་དུས་སུ་འབྲི་གཡག་དང་ལུག་མང་བོ་སྟེར་མཁན་ཀྱང་ཡོད་པ་རེད། དེ་ནི་སྔོན་ཆད་ཀྱི་རྫོངས་པ་སྟེར་བའི་ལུགས་སྲོལ་གྱི་རྒྱུན་བསྐྱངས་པ་ཞིག་ཡིན་པར་ངེས།འ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1