༄༅། །རེབ་གོང་རོང་བོ་ནང་སོ་དང་ཤར་ཚང་བར་གྱི་འབྲེལ་བའི་སྐོར་ལ་དཔྱད་པ།

ཏིང་འཛིན་སྐྱིད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 11-28


ནང་དོན་གནད་བསྡུས] མདོ་སྨད་རོང་བོ་ནང་སོ་དང་རོང་བོ་དགོན་པའི་དགོན་བདག་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་ནི། ཨ་མདོ་རེབ་གོང་ས་ཁུལ་གྱི་ལོ་རྒྱུས་འཕེལ་རིམ་ནང་གོ་གནས་གལ་ཆེན་ཟིན་པའི་གནད་འགག་མི་སྣ་ཡིན་ཏེ། གནས་དེའི་ས་སྐྱོང་གི་ཁྱིམ་རྒྱུད་དུ་གྱུར་པའི་རོང་བོ་ནང་སོ་ཚང་གིས་ཆེན་པོ་ཧོར་གྱི་རྒྱལ་རབས་སྐབས་ཐར་ཐོར་དུ་གནས་པའི་ཚོ་ཤོག་རྣམས་གཅིག་གྱུར་གྱིས་རེབ་གོང་ཡུལ་གྲུ་དབང་འོག་གཅིག་ཏུ་བསྡུས། ཕྱིས་དུས་འགྱུར་དང་སྲིད་དབང་སྲ་བརྟན་དུ་གཏོང་བའི་དགོས་མཁོ་ལ་དམིགས་ཏེ། རོང་བོ་དགོན་པ་བཏབ་ཅིང་དགོན་བདག་ཤར་ཚང་གི་སྐྱེ་སྤྲུལ་མ་ལག་གི་སྲོལ་ཡང་ཕྱེ། དེ་ལ་བརྟེན་ནས་རོང་བོ་དགོན་པ་མ་དགོན་ཡིན་པའི་དགོན་མ་ལག་ཆ་ཚང་ཞིག་རེབ་གོང་ལྟེ་བའི་ས་ཁུལ་དུ་རིམ་གྱིས་གྲུབ། དགོན་པ་སྲོག་ཤིང་བྱས་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེའི་ནང་། རོང་བོ་ནང་སོ་དང་ཤར་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གཉིས་ཀྱི་འབྲེལ་བ་ནི་རྐྱ་འཐབ་དང་རྙོག་འཛིང་གི་ངང་དུ་གནས་ཤིང་། དེས་ཡུལ་གྲུ་འདིའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་སྣེ་མང་རང་བཞིན་དང་ས་གནས་རང་བཞིན་གྱི་ཁྱད་ཆོས་ཀྱང་མངོན་པར་མཚོན།

[གནད་ཚིག] རེབ་གོང་། རོང་བོ་ནང་སོ། ཤར་ཚང་། ཆོས་སྲིད་ཟུང་འབྲེལ།


གླེང་སློང་བ།

        ཨ་མདོའི་ཡུལ་ཁོངས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། རེབ་གོང་ནི་ཡུལ་དབུས་དང་བསྡུར་ན་ས་ཁོངས་དང་རིག་གནས་གཉིས་ཀའི་ཆ་ནས་མཐའ་འཁོབ་ཏུ་གྱུར་མོད། ཡུལ་ཁོངས་ནང་ཁུལ་དུ་ལྟེ་བ་ཡིན་པའི་ཁྱད་ཆོས་ལྡན་ཞིང་། ཡུན་རིང་ལ་ཀྱག་ཀྱོག་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་བརྒྱུད་མྱོང་། འཕེལ་རིམ་དེར་ཞིབ་འཇུག་བྱེད་ཚེ། རོང་བོ་ནང་སོ་དང་ཤར་ཚང་བར་གྱི་འབྲེལ་བ་དང་དེའི་ཁྱད་ཆོས་ལ་ཞིབ་འཇུག་བྱ་རྒྱུ་ནི་དཔྱད་གཞི་གཙོ་བོར་གྱུར་ཡོད་དོ། །

        ལོ་རྒྱུས་ཐོག །རོང་བོ་ནང་སོ་ཞེས་པ་འདི་རེབ་གོང་ས་ཁུལ་གྱི་ས་སྐྱོང་མཐོ་ཤོས་སུ་གྱུར་ཡོད་པ་རེད། ཁྱིམ་རྒྱུད་ཀྱི་ཆ་ནས་སྨྲས་ན། ནང་སོའི་མེས་པོ་ནི་ས་སྐྱ་པས་བོད་སྲིད་སྐྱོང་བའི་དུས་སུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་མངགས་བཀོད་ལྟར་འདམ་ཁོག་རོང་ནས་རུ་སྤོས་ཏེ་ཡོང་བ་དང་། ས་སྐྱའི་སྲིད་དབང་དང་ཆེན་པོ་ཧོར་གྱི་དམག་དཔུང་གི་རྒྱབ་སྐྱོར་ལ་བརྟེན་ནས་ས་བཟུང་ཞིང་ནང་སོའི་སྲིད་དབང་བཙུགས། དེ་ནས་ས་སྐྱའི་དཔེ་སྲོལ་ལྟར་ཁྱིམ་རྒྱུད་ཀྱིས་སྲིད་དབང་འཛིན་པའི་ལམ་ལུགས་ལག་ཏུ་བསྟར་ཏེ་ཀྲུང་གོ་གསར་པའི་དམངས་གཙོའི་བཅོས་སྒྱུར་གྱི་བར་དུ་བསྐྱངས།

        ཤར་ཚང་ཞེས་པ་ནི་རེབ་གོང་ས་ཁུལ་གྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཏེ། རོང་བོ་དགོན་པའི་དགོན་བདག་ཤར་སྐལ་ལྡན་རྒྱ་མཚོའི་བླ་བྲང་གི་ཆེད་སྤྱོད་ཐ་སྙད་ཡིན་པ་ལ། ཕྱིས་སུ་དེའི་སྤྲུལ་སྐུ་རིམ་བྱོན་གྱི་བསྡུས་མིང་དུ་གྱུར། བཅིངས་འགྲོལ་སྔོན་ལ། ཤར་ཚང་ནི་རེབ་གོང་ས་ཁུལ་གྱི་གྲུབ་མཐའ་མི་འདྲ་བ་སྤྱིའི་བདག་པོ་ཡིན་པར་མ་ཟད། ནང་སོའི་སྲིད་དབང་ལ་མངའ་དབང་བསྒྱུར་བའི་ཆེས་མཐོའི་ལུགས་ཟུང་གི་བདག་པོའང་ཡིན་པས། རོང་བོ་དགོན་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཞེས་ཞིབ་འཇུག་པའི་སྡེར་ཀུན་གྱིས་བརྗོད་པར་བྱེད། འོ་ན། རོང་བོ་ནང་སོའི་སྲིད་དབང་དང་ཤར་ཚང་གི་ཆོས་ཀྱི་བདག་དབང་བར་དུ་འཆམ་མཐུན་གྱི་འབྲེལ་བ་ཇི་ལྟར་ཚུགས་པ་དང་། དེ་ཡུན་རིང་པོར་ག་འདྲ་བྱས་ཏེ་གནས་ཡོང་བ་ཡིན་ཞེ་ན། གཤམ་གྱི་ཞིབ་འཇུག་བརྒྱུད་ནས་དྲིས་ལན་འདེབས་པར་བྱེད་དེ།

དང་པོ། རོང་བོ་ནང་སོ་དང་རོང་བོ་དགོན་པ།

        བོད་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་རྗེས། རེབ་གོང་ཡང་བོད་ཁུལ་གྱི་ས་ཆ་གཞན་དག་དང་འདྲ་བར། ཡུན་རིང་ལ་ས་གནས་སྲིད་དབང་བཅད་བཟུང་གི་རྣམ་པར་གནས། གཅིག་ཁོངས་གཅིག་ལ་མི་གཏོགས་པའི་ཚོ་པའི་སྲིད་དབང་ཆེ་ཆུང་དུ་མ་མཚམས་རེར་སོ་སོར་ཐོར་ཞིང་མཚམས་རེར་གཅིག་ཏུ་འདུས་ཏེ། ཕན་ཚུན་འགྲན་རྩོད་ཀྱི་ངང་ལ་ཧོར་དམག་སླེབས་པའི་བར་དུ་གནས། ས་པཎ་ཀུན་དགའ་རྒྱལ་མཚན་ཧོར་གྱི་ས་གནས་རྒྱལ་ཕྲན་གྱི་རྒྱལ་པོ་གོ་དན་དང་གདན་འཛོམས་ཤིང་། དེའི་འཕྲོ་ཙམ་ལ་འགྲོ་མགོན་འཕགས་པ་སེ་ཆེན་རྒྱལ་པོའི་དབུ་བླར་གྱུར་པ་དང་བསྟུན་ནས། ཆེན་པོ་ཧོར་གྱི་རྒྱབ་སྐྱོར་འོག་ས་སྐྱའི་སྲིད་དབང་དངོས་སུ་བཙུགས། ལོ་རྒྱུས་ཡིག་ཚངས་ཁག་ལ་མཇལ་ན། འགྲོ་མགོན་འཕགས་པའི་དུས་སུ་ས་སྐྱའི་དབང་ཤུགས་ནི་དབུས་གཙང་ནས་མདོ་ཁམས་ལ་སོགས་འདུས་པའི་བོད་ཁུལ་སྤྱི་ལ་བསྐྱེད་འདུག་པ་ཞིག་རེད། སྲིད་དབང་གི་དོ་དམ་ཚགས་ཇེ་ཞིབ་དང་ཇེ་དྲག་ཏུ་གཏོང་ཆེད། ས་སྐྱའི་ནང་ཆེན་གྱི་འོག་ཏུ་ནང་སོའི་ལས་ཚན་བྱ་བ་བཙུགས་ཏེ། ས་སྐྱའི་ཁོངས་གཏོགས་ཀྱི་གཞིས་ཀ་དང་ས་ཁུལ་སོ་སོར་ནང་སོ་རེ་མངགས་གཏོང་གིས་མངའ་འབངས་བདག་སྐྱོང་དང་ཁྲལ་རིགས་སྡུད་པར་བྱེད[1]པས་ན། རོང་བོ་ནང་སོ་ཞེས་པའི་ལས་ཐོབ་དེ་ཡང་ས་སྐྱའི་གཞུང་ནས་གནང་སྟེ་ས་སྐྱའི་བདག་ཁོངས་རྒྱ་བསྐྱེད་པའི་འཐབ་ཇུས་ཤིག་ཡིན་པ་གདོན་མི་ཟའོ། །

        སྐབས་དེར། མདོ་ཁམས་སུ་ས་སྐྱ་པའི་གྲུབ་མཐའ་དང་ས་སྐྱའི་སྲིད་དབང་གི་དོ་དམ་ལམ་ལུགས་ལེགས་པར་སྤེལ་ཕྱིར། ཆོས་དང་འཇིག་རྟེན་གཉིས་ཀར་མཁས་པའི་སྐྱེས་བུ་མི་ཉུང་བ་ཞིག་ཕྱོགས་སོ་སོར་མངགས་ནས་ས་སྐྱའི་གྲུབ་མཐའ་སྤེལ་བ་དང་འབྲེལ། ས་སྐྱའི་དབང་ཤུགས་ལ་བརྟེན་ནས་ས་ཁུལ་དེ་དག་བདག་སྐྱོང་ཡང་བྱེད་བཞིན་ཡོད། ས་སྐྱ་འཁོན་གྱི་རིགས་རྒྱུད་དུ་གཏོགས་པའི་རྣལ་འབྱོར་བ་ཆེན་པོ་རོང་ཆེན་ཀུན་དགའ་དོན་གྲུབ་སྟེ། ཕྱིས་ཡོངས་གྲགས་སུ་ཨ་མྱེས་ལྷ་རྗེ་ཞེས་འབོད་པ་དེས་ཀྱང་རང་གི་བུ་དང་ཚ་བོའི་རུ་དམག་བཅུ་གཅིག་ལྷ་མི་དཔུང་དང་བཅས་པ་གཉན་ཆེན་ཐང་ལྷའི་འདབས་ཀྱི་འདམ་ཁོག་རོང་ཞེས་པ་ནས་བཏེག་ས་ཏེ་ཨ་མདོ་རེབ་གོང་དུ་ཕྱིན། རི་རྡོ་རྗེ་འདྲ་བའི་སྐེད་པར་གཞི་བཟུང་།[2] ཁོ་ཚོར་གཅིག་ནས་ཆེན་པོ་ཧོར་གྱི་གོང་མའི་གཞུང་དང་ས་སྐྱའི་སྲིད་གཞུང་གི་ལུང་ལས་ཡོད་པ་དང་། གཉིས་ནས་ས་དེ་གར་སྡོད་པའི་ཧོར་དམག་གི་རྒྱབ་སྐྱོར་ཡང་ཐོབ་སྟབས། ཨ་མྱེས་ལྷ་རྗེས་ཁ་ཐོར་དུ་གནས་པའི་ཚོ་ཤོག་ཁག་ཞི་དྲག་གཉིས་ཀའི་ཐབས་ཀྱིས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཚོ་ཤོག་མནའ་འབྲེལ་རྣམ་པའི་རེབ་གོང་སྤྱི་དཔོན་གྱི་ལམ་ལུགས་འཛུགས་ཐུབ་པ་བྱུང་། དེ་ནས་བཟུང་། ཁོང་གི་བུ་རབས་ཚ་རྒྱུད་དག་གིས་ནང་སོའི་ཆོ་ལོ་རྒྱུད་འཛིན་བྱས་ཏེ་རེབ་གོང་ས་ཁུལ་ལ་དབང་བསྒྱུར་པ་ཡིན་ལ། མི་སེར་རྣམས་ཀྱིས་ཕ་རོང་བོ་ཚང་ཞེས་འབོད་པར་བརྟེན། ནང་སོའི་ཁྱིམ་རྒྱུད་ལ“ནང་སོ་ཚང”ཞེས་པའི་རྒྱུན་འཇགས་ཀྱི་མིང་བྱུང་བ་ཡིན་ནོ། །

        ཨ་མྱེས་ལྷ་རྗེའི་ཚ་བོ་རོང་ཆེན་མདོ་སྡེ་འབུམ་གྱིས་ནང་སོའི་འགན་སྐྱོང་སྐབས། ཧོར་གོང་མས་ཁོང་ལ་སྤྱི་དཔོན་རོང་བོ་ནང་སོའི་ལུང་དང་བ་སོའི་ཐམ་ག་གནང་། དེ་ལ་བརྟེན་ནས། ཁོང་གིས་གསེར་ལྗོངས་རྒྱལ་ཐང་དུ་ནང་སོའི་ཁྲིམས་སྒོ་ཡ་མོན་ཞེས་པ་ཁང་བཟང་ཀ་མགོ་སུམ་བརྩེགས་ཅན་ཞིག་བཞེངས་ཤིང་། ཤོག་ཆེན་བཅུ་གཉིས་དང་ཤོག་ཆུང་དྲུག་སྟེ་བསྡོམས་པས་ཤོག་ཁ་བཅོ་བརྒྱད་ཀྱི་སྒྲིག་གཞི་གཏན་ལ་ཕབ། ཤོག་ཁ་བཅོ་བརྒྱད་ཀྱི་སྟོང་དཔོན་དང་བརྒྱ་དཔོན་དག་སྲིད་འདེགས་ཀྱི་བློན་དུ་བསྐོས་ཏེ། ཡུལ་རེབ་གོང་གི་ཁང་སྐྱ་ལེབ་ཅན་གྱི་ཁྲི་སྡེ། སྦྲ་རོག་རོག་ཅན་གྱི་ཁྲི་སྡེ། གུར་དཀར་པོ་ཅན་གྱི་སྟོང་སྡེ། སྨད་རྒྱ་ནས་ཆད་པའི་སྟོང་སྡེ། བྱང་ཧོར་ནས་ཆད་པའི་སྟོང་སྡེ། གཙང་ལ་སྟོད་ནས་འོངས་པའི་ལྷ་བཟོའི་སྡེ[3]བཅས་ལ་ཡོངས་སུ་དབང་བསྒྱུར་ཏེ་མངའ་ཐང་དར་རྒྱས་ཀྱི་རྩེར་སོན།

        ནང་སོའི་དཔོན་རབས་གསུམ་པའི་སྐབས་རོང་ཆེན་མདོ་སྡེ་འབུམ་གྱི་སྲས་ཏེ། རོང་བོ་བླ་མ་བསམ་གཏན་རིན་ཆེན་འཁྲུངས། ཁོང་ཆུང་ངུའི་དུས་ནས་མཁན་སློབ་མཚན་ཉིད་དང་ལྡན་པའི་སྤྱན་སྔར་རབ་ཏུ་བྱུང་ཞིང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བས་མཁས་པའི་ཡང་རྩེར་སོན། ས་དཀྱིལ་ཏཱ་བེ་ཧུ་དང་མཆོད་ཡོན་དུ་འབྲེལ་ནས་རྒྱལ་ཐང་གི་དབུས་སུ་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་ཐོག་མའི་གཞི་བཏིང་། དེ་ནས་རེབ་གོང་སྟོད་སྨད་ཀྱི་གནས་དབེན་པ་རྣམས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ཅིང་། དེའི་བར་གསེང་དུ་སྐལ་ལྡན་གྱི་གདུལ་བྱ་མང་པོར་ལེགས་བཤད་ཀྱི་ཡོ་ལང་དཀྲིགས། དམ་པའི་ཆོས་ཀྱི་སྦྱིན་པས་རོང་འབྲོག་གི་ཁྲི་སྡེ་མང་པོ་མངའ་འོག་ཏུ་བསྡུས། སྲིད་ཀྱི་ཆ་ནས་རོང་བོ་ནང་སོའི་སྤྱི་འགན་ཕྲག་ཏུ་བཞེས་ཤིང་འཇིག་རྟེན་མི་ཆོས་ཀྱི་ཞི་དྲག་གཉིས་ཀའི་ཐབས་ལ་བརྟེན་ནས་མངའ་འབངས་ལེགས་པར་བསྐྱངས་སྟབས། ཆོས་སྲིད་གཉིས་ཀའི་བདག་པོར་གྱུར་པ་དང་། རོང་བོ་ནང་སོ་དང་རོང་བོ་དགོན་པའི་དགོན་བདག་གཞི་གཅིག་ཏུ་འབྲེལ་བའི་ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་གཞི་ཐུན་མོང་མ་ཡིན་པ་ཞིག་གསར་དུ་ཚུགས་པའོ། །

        སྒྲིག་གཞི་དེ་ས་སྐྱ་གོང་མའི་ལུགས་དང་གཉིས་སུ་མ་མཆིས་ཞེས་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཀྱང་བཞེད་ཅིང་། ཁྱིམ་ཚང་གཅིག་གི་མིས་ཆོས་སྲིད་གཉིས་ཀའི་དབང་ཆ་གཅིག་འཐུས་དང་སྦྲགས་མར་བཟུང་བ་དེས། སྐབས་དེའི་རེབ་གོང་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དང་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པར་གྱུར། སྐབས་ཤིག་ས་སྐྱའི་སྲིད་དབང་རིམ་བཞིན་ཉམས་དམས་སུ་གྱུར་ཏེ། མདོ་ཁམས་ཕྱོགས་ལ་དབང་སྒྱུར་པའི་ནུས་སྟོབས་ཉམས་ཞན་དུ་གྱུར་ཅིང་། ཆེན་པོ་ཧོར་གྱི་རྒྱལ་རབས་ཀྱང་འཇིག་ལ་ཉེ་བར་གྱུར་མོད། རེབ་གོང་ནི་དེ་ལས་ལྡོག་སྟེ་ནང་སོའི་སྲིད་དབང་དང་དགོན་པའི་སྟོབས་ཤུགས་ལ་གནོད་པ་ཅི་ཡང་མ་བྱུང་བར་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་གྱུར། དེ་ནས་ཏཱ་མིང་རྒྱལ་རབས་སྐབས། ཏཱ་གོ་ཤྲི་བློ་གྲོས་སེང་གེ་དགུང་ལོ་ཉེར་དགུའི་ཐོག་རྒྱ་ནག་ཏུ་ཕེབས་ནས་རྒྱལ་པོའི་བླ་མཆོད་ལོ་བཞིར་མཛད། ཏཱ་གོ་ཤྲིའི་ལས་ཐམ་ཐོབ། ཕྱིར་རང་ཡུལ་དུ་ཕེབས་ནས་ཆོས་སྲིད་གཉིས་ཀའི་བདག་པོར་གྱུར། རེབ་གོང་སྟོད་སྨད་བར་གསུམ་མངའ་འོག་ཏུ་བཅུག །གྲགས་པ་ཀུན་ལ་ཁྱབ། བཙུན་ཁྲལ་བསྡུས་པའི་ལོ་རྒྱུས་ཀྱང་ཡོད། དེའི་གཅུང་དཀོན་མཆོག་རྒྱལ་མཚན་ཡང་རྒྱ་ནག་ཏུ་ཕེབས་ཤིང་། གོང་མ་ཟོན་ཏེས་ཏཱ་གོ་ཤྲིའི་ལས་ཐོབ་དང་རོང་བོ་ནང་སོའི་དཔོན་པོ་དཀོན་མཆོག་རྒྱལ་མཚན་ཞེས་པའི་ལས་ཐོབ་གནང་སྐད།[4] དེར་བལྟས་ན། ཁོང་ཉིད་ཀྱང་རེབ་གོང་ས་ཁུལ་གྱི་སྲིད་ཀྱི་བདག་པོ་ཡིན་པར་མ་ཟད། ཆོས་ལུགས་ཀྱི་བདག་པོའི་དབང་ཡང་གཅིག་ལྕོགས་སུ་འཁུར་བའི་དབང་སྒྱུར་མི་སྣ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་བོ། །

གཉིས་པ། ཤར་ཚང་གི་སྤྲུལ་སྐུ་རིམ་བྱོན་གྱི་རྒྱུད་ཁོངས་གསར་དུ་ཚུགས་པ།

        ཀརྨ་བཀའ་བརྒྱུད་པའི་བླ་མ་ཞྭ་ནག་པ་ཀརྨ་པཀྵི་སྐུ་གཤེགས་རྗེས། བཀའ་བརྒྱུད་པས་སྤྲུལ་སྐུའི་ལམ་ལུགས་གསར་གཏོད་བྱས་ཏེ། དེ་ནས་བཟུང་བོད་ཀྱི་ཆོས་ལུགས་གྲུབ་མཐའ་གཞན་དག་གིས་ཀྱང་བཀའ་བརྒྱུད་པའི་སྤྲུལ་སྐུའི་ལམ་ལུགས་ལ་ལད་མོ་བྱས་ཏེ་རང་རང་གི་བླ་མའི་སྤྲུལ་སྐུ་ངོས་འཛིན་བྱེད་པའི་སྲོལ་བཏོད། དེ་ལ་དམིགས་ཡུལ་ཡོད་དེ། སྤྲུལ་སྐུ་ངོས་འཛིན་བྱས་ཚེ་སྐུ་གོང་མའི་མཚན་སྙན་དང་དབང་ཤུགས། རྒྱུ་ནོར། ཆོས་འབངས་སོགས་ཅི་ཡོད་ཐམས་ཅད་ཁབ་དང་སྐུད་པ་ཙམ་ཡང་མ་ལུས་པར་ཕྱི་མས་རྒྱུན་འཛིན་བྱས་ཆོག་ཅིང་། ཆོས་ལུགས་གྲུབ་མཐའ་རང་ཉིད་ཀྱི་སྟོབས་ཤུགས་སྲུང་འཛིན་དང་གོང་དུ་སྤེལ་བ་ལའང་ཐབས་ལམ་མེད་དུ་མི་རུང་བ་ཞིག་ཡིན་ནོ། །

        རོང་བོ་ནང་སོའི་ཁྱིམ་རྒྱུད་དུ་འཁྲུངས་པའི་རོང་བོ་བླ་མ་བསམ་གཏན་རིན་ཆེན་དང་ཏཱ་གོ་ཤྲི་བློ་གྲོས་སེང་གེའི་དུས་སུ་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་ད་དུང་བྱུང་མེད་སྟབས། སྤྲུལ་སྐུའི་ཐ་སྙད་ཀྱང་བརྗོད་དུ་མེད་མོད། ཡིན་ནའང་སྐབས་དེར་རོང་བོ་ནང་སོ་ཚང་གི་ཁྱིམ་རྒྱུད་ནང་ཁུལ་དུ་ས་སྐྱོང་གི་དཔོན་པོ་རེ་དང་། ཆོས་ལུགས་སྐྱོང་བའི་བཙུན་པ་རེ་ཅིས་ཀྱང་བར་མ་ཆད་པར་འབྱུང་དགོས་པ་གཏན་ལ་ཕབ་ཡོད་དེ། ཕྱོགས་གཉིས་ཀའི་གཅིག་ཆད་ཀྱང་ཁྱིམ་རྒྱུད་ཀྱི་དབང་སྒྱུར་ལ་གནོད་པ་ཐེབས་ངེས་པར། ངོས་འཛིན་བྱུང་ཡོད་པ་རེད། རྒྱུ་མཚན་དེའི་ཕྱིར། རོང་བོ་བླ་མ་བསམ་གཏན་རིན་ཆེན་དང་ཕྱིས་ཀྱི་ཏཱ་གོ་ཤྲི་བློ་གྲོས་སེང་གེ། དེ་ནས་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་བརྒྱུད་པའི་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་། མཁས་བཙུན་གཉིས་ལྡན་གྱི་དགེ་སློང་དོན་གྲུབ་རིན་ཆེན་དང་བློ་གྲོས་མཆོག་གྲུབ། བློ་གྲོས་དཔལ་ལྡན། རོང་བོ་བླ་མ་བསམ་གྲུབ་རིན་ཆེན་ལྟ་བུ་ཟམ་མ་ཆད་པར་བྱོན་པ་ཡིན་ནོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐབས་སུ། རོང་བོ་དགོན་པ་ནི་ས་སྐྱའི་གྲུབ་མཐའ་ནས་དགེ་ལུགས་པའི་གྲུབ་མཐར་བསྒྱུར་ཟིན་པ་དང་། སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་དེའང་དགེ་ལུགས་པའི་དགོན་པར་གྱུར་པ་དང་བསྟུན་རིམ་གྱིས་བྱུང་། ཆོས་པ་རིན་པོ་ཆེས་རང་གི་གཅུང་སྐལ་ལྡན་རྒྱ་མཚོ་ལ་ཆུང་དུས་ནས་བདག་སྐྱོང་ལེགས་པོ་མཛད་དེ་རབ་ཏུ་འབྱུང་བར་བྱས། དེ་ནས་དབུས་སུ་ཁྲིད་ཅིང་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་ལ་བཞག །གཅུང་པོས་སྟག་ལུང་བྲག་པ་དང་རྒྱལ་རོང་བ་བསྟན་པ་དར་རྒྱས་སོགས་བླ་མར་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལ་མཁས་པར་སྦྱངས། གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད་ནས་མཁས་པའི་གྲགས་པ་རྒྱས། ཕྱིར་རང་ཡུལ་དུ་ལོག་མཚམས་དགོན་ཆེན་དུ་མཚན་ཉིད་དང་བཀྲ་ཤིས་འཁྱིལ་དུ་སྒྲུབ་སྡེ་བཙུགས། དབེན་གནས་བརྒྱ་ཕྲག་དུ་མར་སྒོམ་སྒྲུབ་མཛད་པས། མདོ་སྨད་སྒྲུབ་རྒྱུད་བསྟན་པའི་ཤིང་རྟ་བ་ཆེན་པོར་བསྔགས། སློབ་རྒྱུད་ཀྱིས་མདོ་སྨད་ལྷོ་བྱང་ཕལ་ཆེར་ཁྱབ། དེ་ལ་བརྟེན་ནས། ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་དགོན་བདག་གི་འགན་ཤར་སྐལ་ལྡན་རྒྱ་མཚོར་སྤྲད་དེ། རང་ཉིད་གནས་ངེས་མེད་ཀྱི་རི་ཁྲོད་འགྲིམས་པ་ལས། རོང་བོ་དགོན་པ་འདི་ཤར་སྐལ་ལྡན་རྒྱ་མཚོས་བདག་སྐྱོང་བྱེད་པའི་ཕྱོགས་སུ་འཕེལ་བའོ། །སྐལ་ལྡན་རྒྱ་མཚོས་རོང་བོ་དགོན་པ་བདག་སྐྱོང་བྱེད་པའི་སྐབས་སུ། དགོན་པའི་གཞི་རྒྱ་ཆེ་རུ་བསྐྱེད་དེ་གྲྭ་བཙུན་མང་དུ་འཕེལ་ཅིང་། ཆོས་འཆད་ཉན་གྱི་ལམ་ལུགས་ཀྱང་ཚད་ལྡན་དུ་བཏང་བས། རིམ་བཞིན་རོང་བོ་དགོན་པའི་མཚན་སྙན་མདོ་སྨད་ཡུལ་གྲུ་ཀུན་ཏུ་ཁྱབ། ཁོང་ཡབ་སྲས་གཉིས་ཀྱི་རྗེས་ནས་བཟུང་། རོང་བོ་དགོན་པར་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་ཡང་ཚུགས་པ་ཡིན་ཏེ། ཤར་སྐལ་ལྡན་རྒྱ་མཚོ་ནི་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱི་སྐུའི་སྐྱེ་བ་ཡིན་པར་བཤད་ཅིང་། དེ་ལ་བརྟེན་ནས་ཤར་ཚང་གི་སྤྲུལ་སྐུའི་ལམ་ལུགས་དངོས་སུ་བྱུང་བ་ཡིན་ནོ། །

གསུམ་པ། རོང་བོ་ནང་སོ་དང་ཤར་ཚང་བར་གྱི་འབྲེལ་བ།

        རོང་བོ་ནང་སོ་དང་ཤར་ཚང་བར་གྱི་འབྲེལ་བ་ནི་ལྐོག་གྱུར་དང་རྙོག་འཛིང་ལྡན་པ་ཞིག་རེད་དེ། ཕན་ཚུན་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འཕེལ་རིམ་མི་འདྲ་བའི་ནང་དང་། དུས་སྐབས་མི་འདྲ་བ་སོ་སོར་རྣམ་པ་ཡང་མི་མཚུངས་པ་བྱུང་འདུག །

        དེ་ཡང་དུས་རིམ་དང་པོའི་ནང་རོང་བོ་ནང་སོའི་ཁྱིམ་རྒྱུད་ནི་སྲིད་དབང་དང་ཆོས་ལུགས་ཀྱི་ལྟེ་བར་གྱུར་ཡོད་པས། བླ་དཔོན་གཉིས་ཕན་ཚུན་ཆུ་དང་འོ་མ་ནང་བཞིན་གཞི་གཅིག་ཏུ་འདུས། རོང་བོ་ཚང་ཡུལ་འདམ་ཁོག་ནས་རེབ་གོང་དུ་སླེབས་ཏེ། ས་དེ་གའི་དབང་སྒྱུར་པར་གྱུར་པའི་རྗེས་སུ། རོང་བོ་ཚང་གི་ས་སྐྱོང་གི་གོ་གནས་བརྟན་པོར་ཚུགས་ཤིང་། ས་སྐྱ་གོང་མའི་ཁྱིམ་རྒྱུད་ཀྱིས་སྲིད་ཀྱི་ཁ་ལོ་སྒྱུར་བའི་ལམ་ལུགས་དེ་རྒྱུན་འཛིན་བྱས་པར་བརྟེན་ནས། རོང་བོ་དགོན་པ་མ་བྱུང་གོང་ནས་རེབ་གོང་ས་ཁུལ་གྱི་ཆབ་སྲིད་དབང་ཆ་སྒེར་སྡོམ་བྱས་པར་མ་ཟད། ཆོས་ལུགས་ཀྱི་དབང་ཆ་ཡང་ལྷན་དུ་འཛིན་འདོད་བྱུང་བ་རེད། རེབ་གོང་གི་སྤྱི་དཔོན་ཨ་མྱེས་ལྷ་རྗེ་བྲག་སྣ་བ་ནི་ས་སྐྱའི་ཆོས་ལུགས་ལ་མཁས་པའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་སྟབས། ཁྱིམ་རྒྱུད་ཀྱི་སྲོལ་ལྟར་ཕྱི་རབས་པ་སྐྱེད་སྲིང་ལ་དོ་སྣང་ཆེན་པོ་བྱས་ཏེ། རང་གི་སྲས་ལ་ཆུང་དུས་ནས་བཤེས་གཉེན་མཚན་ཉིད་དང་ལྡན་པ་དག་གི་མདུན་ནས་སློབ་གཉེར་བྱེད་དུ་བཅུག་ཅིང་། ཡོན་ཏན་ལ་བརྟེན་ནས་སློབ་མ་སྐྱོང་བ་དང་འཆད་ཉན་སྤེལ་ཏེ། འཕྲིན་ལས་རྒྱ་ཆེར་འཕེལ་བར་བྱེད་པ་བཅས་ལ་བརྟེན། ཁྱིམ་རྒྱུད་ཀྱི་ཆོས་སྲིད་དབང་ཆ་སྔར་ལས་སྲ་བརྟན་དུ་བཏང་།

        ཏཱ་མིང་ཞོན་ཙུང་ཁྲི་ལོ་གཉིས་པར། གོང་མ་ཟོན་ཏེས་རོང་བོ་ནང་སོ་དཀོན་མཆོག་རྒྱལ་མཚན་ལ“རོང་བོ་ནང་སོ”ཡི་ཆོ་ལོ་བསྩལ་བ་དང་། གཅེན་བློ་གྲོས་སེང་གེ་ལ“宏修妙悟国师”(འཇིགས་མེད་དམ་ཆོས་རྒྱ་མཚོ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་པ་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ། [M] དན་ཏིག་མཐུ་བ་དགོན་གྱི་ཤིང་དཔར)སྟེ། བོད་ཡིག་ཏུ“རྒྱ་ཆེན་སྒྲུབ་པའི་རྟོགས་ལྡན་རྒྱལ་ཁབ་ཆེན་པོའི་སློབ་དཔོན”ཞེས་པའི་ལས་ཐོབ་གནང་། ཚུལ་འདི་ལ་བལྟས་ན། སྐབས་དེར་རོང་བོ་ཚང་ལ་སྟོད་དབུས་གཙང་གི་ས་སྐྱའི་སྲིད་དབང་གི་རྒྱབ་སྐྱོར་ཐོབ་ཡོད་པའི་སྟེང་། སྨད་རྒྱ་ནག་གི་ཏཱ་མིང་གོང་མའི་བདག་རྐྱེན་ཡང་ཐོབ་ཡོད་པ་ཤིན་ཏུ་གསལ། རོང་བོ་བླ་མ་བསམ་གཏན་རིན་ཆེན་སྤུན་མཆེད་ཀྱི་སྐབས་སུ་བཙུན་ཁྲལ་བསྡུས་ཤིང་། རྟེན་དང་བརྟེན་པ་བཞེངས་ནས་དགོན་པ་རྒྱ་ཆེར་བསྐྱེད། སྲིད་ཀྱི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། རེབ་གོང་སྟོད་སྨད་བར་གསུམ་ལ་བཀའ་ཕབ་ཀྱི་ནང་སོ་གཅིག་སྟེ་རོང་བོ་ནང་སོ་དང་། བཀའ་འཁྱེར་གྱི་ནང་སོ་གཉིས་ཏེ་རྡོ་སྦིས་ནང་སོ་དང་མར་ནང་ནང་སོ[5]བཅས་གཏན་ལ་ཕབ་ཅིང་། བེ་ཧུ་བཅུ་གཉིས་སོགས་ས་ཁུལ་དབང་སྒྱུར་གྱི་ལམ་ལུགས་བཙུགས་ཏེ་ནང་སོའི་དབང་སྒྱུར་གྱི་འཁོར་ལམ་ཡངས་པོར་བཏང་། སྟོད་དབུས་གཙང་ལ་མཆོད་མཇལ་དུ་ཕེབས་ནས་ཇོ་བོ་རིན་པོ་ཆེར་ཞལ་གསེར་ཕུལ། གྲྭ་བཙུན་ཚོགས་ལ་འགྱེད་སྤམ་མཐོར་བཏེགས་པས“ནང་སོ་གུ་རུ”ཞེས་མཚན་སྙན་རྒྱས།[6] ཚུལ་འདི་དག་ལས་དཔགས་ན། སྐབས་དེར་ནང་སོའི་ཁྱིམ་རྒྱུད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་དེ་ཡར་ངོའི་ཟླ་བཞིན་རྒྱས་པའི་དུས་བཟང་དུ་ཁེལ་ཡོད་པ་འདྲ། དེ་བཞིན་རོང་བོ་ནང་སོའི་གཞུང་ཁང་རྒྱལ་ཐང་ནས་དགོན་པའི་ནང་དུ་སྤོས་པ་འདིས། ནང་སོའི་སྲིད་དབང་གི་ལྟེ་གནས་རོང་བོ་དགོན་པར་གཞི་བཅས་ཡོད་པའང་བསྟན། སྐབས་དེར་རོང་བོ་ནང་སོ་ཡིན་ན་གྲྭ་ཆས་མནབས་ནས་དགོན་པར་བཞུགས་ཆོག་པ་དང་། དགོན་པའི་ཚོགས་འགྱེད་རེ་རེར་ཤར་ཚང་མན་དང་བླ་མ་དཀྱུས་མའི་ཡན་གྱི་བཙུན་སྐལ་ཡོད་ལ། སྐྱ་ཆས་མནབས་ནས་ཁྱིམ་ཐབ་བཞེས་ཏེ་འཁོར་བ་སྐྱོང་བའི་ཁྱད་དབང་ཡང་མཆིས། ཐ་ན་རོང་བོ་ཚང་གི་བུ་ཕྲུག་ཅིག་ཡིན་ཕྱིན། གྲྭ་ཆས་བསྐྱོན་ནས་དགོན་པའི་ཚོགས་ལ་ཞུགས་ཏེ་ཚོགས་འགྱེད་ལེན་པའི་སྲོལ་ཡང་ཡོད། བྱིས་པ་ལོ་བཞི་ལྔ་ཅན་གོམ་པའི་འདེགས་འཇོག་འཁྱར་འཁྱོར་ཡིན་པ་ཡང་། ཕ་མས་རྒྱབ་ཏུ་ཁུར་ནས་ཚོགས་ལ་བསྐྱལ་ཏེ་ཚོགས་སྐལ་ལེན་པའི་ལུགས་སྲོལ་འདི་དམངས་གཙོའི་བཅོས་སྒྱུར་མ་བྱས་བར་མ་ཉམས་པར་ཡོད་དོ། །

        ཤར་སྐལ་ལྡན་རྒྱ་མཚོ་ནས་བཟུང་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་ཚུགས་པར་གྱུར་མོད། སྐུ་ཕྲེང་དང་པོ་ཤར་སྐལ་ལྡན་རྒྱ་མཚོ་དང་གཉིས་པ་ངག་དབང་འཕྲིན་ལས་གཉིས་ཀ་སྔ་ཕྱིར་རོང་བོ་ཚང་ནས་འཁྲུངས་པ་ཡིན་སྟབས། ནང་སོའི་ཁྱིམ་རྒྱུད་ཀྱི་ལུགས་ལྟར་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་ཀྱིས་ཤར་སྐལ་ལྡན་རྒྱ་མཚོའི་ཆོས་ཀྱི་དབང་ཆ་དང་དགོན་པའི་བདག་དབང་། ལྷ་སྡེ་མི་སྡེ། མཚན་སྙན་གྲགས་སོགས་སྔ་མའི་ཤུལ་བཞག་ཡོད་ཚད་རྒྱུན་འཛིན་བྱས་ཐོག །ཁྱིམ་རྒྱུད་ཀྱི་ཁེ་ཕན་དང་ཆོས་ལུགས་ཀྱི་ཁེ་ཕན་གཉིས་གཞི་གཅིག་ཏུ་བསྡུས་ཏེ། རོང་བོ་ནང་སོ་དང་ཤར་ཚང་ཐུན་མོང་གིས་ཁྱིམ་རྒྱུད་ཀྱི་སྲིད་དབང་དང་ཆོས་དབང་དར་སྤེལ་གཏོང་བའི་འགན་ཕྲག་ཏུ་བླངས། ཐོག་མའི་ཆ་ལ། རོང་བོ་ནང་སོ་ནི་ས་སྐྱོང་གི་ཚུལ་དུ་རོང་བོ་དགོན་པའི་ས་འཛིན་གྱི་བདག་པོ་དང་ཡོན་བདག་གཙོ་བོ་ཡིན་པར་བརྟེན། དགོན་པའི་དོན་དག་ཆེ་ཕྲ་གང་ཡིན་ཡང་། རོང་བོ་ནང་སོར་ཞུ་དགོས་པ་དང་རོང་བོ་ནང་སོས་ཤེས་དགོས་པ་གཏན་འཁེལ་བྱས་ཡོད་ལ། རོང་བོ་ཚང་ལ་འབྲེལ་བ་ཡོད་པའི་དོན་ཡིན་ན་རོང་བོ་ཚང་གི་རྒན་པས་ཚོགས་འདུ་བསྡུས་ཏེ་གྲོས་སྡུར་བྱེད་དགོས་པའི་སྲོལ་བཙུགས་ཡོད། ཁྱད་པར་དུ་ངག་དབང་འཕྲིན་ལས་ཀྱིས་ནང་སོ་ངག་དབང་བློ་བཟང་དང་བཀའ་བགྲོས་མཛད་དེ་སྒྲུབ་སྡེ་དང་དགོན་མ་ལག་ལྷན་འཚོགས་ཀྱིས་རོང་བོ་སྨོན་ལམ་ཆེན་མོ་གསར་དུ་བཙུགས་ཤིང་། རེབ་གོང་ཤོག་ཁ་བཅུ་གཉིས་ལས་ལོ་རེར་ཤོག་ཁ་རེས་སྨོན་ལམ་གྱི་སྦྱིན་བདག་བྱེད་དགོས་པའི་བཀའ་རྒྱ་གནང་བ་འདིས། རེབ་གོང་གི་མངའ་འབངས་ཡོད་ཚད་རོང་བོ་དགོན་པའི་ཆོས་འབངས་སུ་བཀུག་སྟེ་ལྷ་སྡེར་ཚུད་པ་ཤུགས་ནས་བསྟན།

        དོན་དངོས་སྟེང་། ཤར་སྐལ་ལྡན་རྒྱ་མཚོའི་སྐབས་སུ་རོང་བོ་ནང་སོ་དང་ཤར་ཚང་བར་གྱི་དབང་ཆ་དབྱེ་བགོ་བྱས་པའི་ཚུལ་ཡང་གསལ་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་ལས“བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་གནས་ལུགས་མངོན་དུ་གྱུར་པ་ཆོས་བརྒྱད་སྒྱུ་མ་ལྟ་བུར་གཟིགས་པ། རིམ་གཉིས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སློབ་དཔོན་རིན་པོ་ཆེ་གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོ་ཆོས་པ་ཁོ་ན་ཟེར་བ་དེ་རེད། ངས་ཀྱང་འདི་འདྲ་ཞིག་ནམ་འོང་བ་སྙམ་དུ་དད་གུས་ཚད་མེད་པ་འཁྲུངས། རྒྱ་གར་ཆུ་བོ་གངྒ་ཚུན་ན་མཁས་གྲུབ་གཉིས་ཀ་འཛོམས་པའི་བླ་མ་འདི་ལྟ་བུ་མེད།”[7]ཅེས་ཤར་སྐལ་ལྡན་རྒྱ་མཚོའི་སྙན་གྲགས་ལ་ཚད་མེད་པའི་བསྟོད་པ་གནང་ཞིང་། ཁོང་ནི་མཁས་གྲུབ་ཚད་ལྡན་དུ་ཁས་བླངས་པ་འདིས། བླ་མ་འདི་པས་ཆོས་པ་རྣལ་མའི་ཚུལ་གྱིས་འགྲོ་དོན་མཛད་པ་རྟོགས་ནུས་ཤིང་། ཁོང་གི་རྣམ་ཐར་ཞིབ་ཏུ་བཀླགས་ནའང་། མགོ་མཇུག་བར་གསུམ་དུ་ཐོས་བསམ་བྱས་ཚུལ་དང་བླ་མ་བསྟེན་ཚུལ། དབང་ལུང་མན་ངག་མནོས་ཚུལ། དགོན་པ་བསྐྱངས་ཚུལ། འཆད་ཉན་སྤེལ་ཚུལ། རི་ཁྲོད་འགྲིམ་ཚུལ། མཁས་གྲུབ་བསྙེས་ཚུལ། སློབ་བུ་བསྐྱངས་ཚུལ་སོགས་བརྗོད་པ་ལས། ནང་སོའི་སྲིད་དོན་ལ་ཐུགས་ཁུར་ཇི་ལྟར་གནང་ཚུལ་དང་རྒྱབ་སྐྱོར་ཇི་ལྟར་བྱས་ཚུལ་སོགས་ཀྱི་ཚིག་ནི་ཧ་ལམ་རྙེད་རྒྱུ་མེད་པ་ལྟ་བུ་ཆགས་འདུག །འདི་ལས་ཁོང་ནི་བློ་སེམས་རྩེ་གཅིག་གིས་ཆོས་སྒྲུབ་པའི་ཆོས་པ་རྣམ་དག་ཅིག་དང་འཇིག་རྟེན་འཁོར་བ་ལ་ཞེན་པ་ཏོག་ཙམ་ཡང་མེད་མཁན་ཞིག་ཡིན་པ་ཤེས་ཐུབ། དེ་བས། «རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ»ལས་ཀྱང་། རྗེ་འདི་ཉིད་ལ“མདོ་སྨད་ནོར་འཛིན་ཡངས་པོའི་ཐིག་ལེར་བསྟན་འཛིན་གྱི་སྐྱེས་བུ་པཎྜི་ཏ་དང་། གྲུབ་པའི་དབང་ཕྱུག་གནམ་གྱིས་ས་བཀབ་པ་འདྲ་བ་སའི་དྲེག་པ་ལྟ་བུར་བྱོན་པའི་ནང་ན། གསང་གསུམ་གྱི་ཡོན་ཏན་མ་ལུས་པའི་རང་རྟགས་དངོས་སུ་གསལ་ཞིང་། མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་ཤེས་བྱ་མཐའ་དག་ལ་སྦྱངས་ཕུལ་ཕྱིན་པས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁས་པ་ཆེན་པོ། དབེན་པའི་གངས་ཁྲོད་རི་སུལ་ཐམས་ཅད་དུ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྒྲེང་བ་ལ་འགྲན་ཟླ་མེད་པའི་དྲང་སྲོང་དབང་བོ། འཆད་རྩོད་རྩོམ་པའི་ལེགས་བཤད་ཀྱི་སྒྲ་དབྱངས་ནམ་མཁའི་མཐའ་ཀླས་པར་སྒྲོག་པའི་ཐུབ་བསྟན་ཡོངས་རྫོགས་ཀྱི་རྩ་ལག ཡང་སྒོས་མདོ་སྨད་བཤད་སྒྲུབ་ཟུང་འབྲེལ་གྱི་ལས་བཟང་དུས་མཐར་སྤེལ་བ་ལ་གོང་ན་མེད་པའི་ཤིང་རྟ་བ་ཆེན་པོ༧རྣམ་འདྲེན་བླ་མ་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་དབྱངས་ཅན་མངོན་པར་དགའ་བའི་སྡེ་དཔལ་བཟང་བོ།”[8]ཞེས་གདེང་འཇོག་མཛད་འདུག །

        གོང་སྨྲས་འདི་དག་ལས་དོན་ཅི་ཞིག་གསལ་བཤད་བྱས་སམ་སྙམ་ན། ཤར་སྐལ་ལྡན་རྒྱ་མཚོ་འདི་པ་ཆོས་པ་རྣམ་དག་ཅིག་ལས་སྲིད་དོན་ལ་ཁ་དབང་བཀོལ་མཁན་ཞིག་མ་རེད་ཅེས་པ་འདི་ཡིན། ཤར་སྐལ་ལྡན་རྒྱ་མཚོས་ཆོས་ཕྱོགས་མ་གཏོགས་སྲིད་ཕྱོགས་ནས་ཅི་ཡང་མི་མཛད་པའི་ཚུལ་འདིས། ཤར་ཚང་དང་རོང་བོ་ནང་སོའི་བར་ལ་རང་ཤུགས་སུ་དབང་ཆའི་ལས་བགོས་འདི་འདྲ་ཞིག་བྱས་ཡོད་པ་ཤེས་པར་འགྱུར་ཏེ། ཤར་ཚང་ནི་དགེ་ལུགས་པའི་བླ་མ་ཞིག་ཡིན་པའི་ཆ་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ། འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་རྩེ་གཅིག་ཏུ་གཞོལ་ཏེ་ཆོས་ཕྱོགས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་མཁན་ཡིན་པ་དང་། རོང་བོ་ནང་སོའི་ཁྱིམ་རྒྱུད་ཀྱིས་སྲིད་དབང་འཛིན་སྐྱོང་བྱེད་པའི་རང་སྲོལ་རྒྱུན་འཛིན་བྱས་ཏེ་རེབ་གོང་སྟོད་སྨད་ཀྱི་སྲིད་དོན་སྐྱོང་བའི་ལས་ལ་གཞོལ་བར་མ་ཟད། རོང་བོ་དགོན་པའི་དོན་དག་ཆེ་ཕྲ་དག་ལའང་གྲོས་གཅོད་ཀྱི་དབང་མ་ཤོར་བ་བྱེད་བཞིན་ཡོད་པས། ཐོག་མའི་སྐབས་སུ་ཤར་ཚང་ནི་ཆོས་ཀྱི་དབང་འཛིན་པ་དང་། རོང་བོ་ནང་སོ་ནི་སྲིད་ཀྱི་ཁ་ལོ་བྱེད་མཁན་དང་རོང་བོ་དགོན་པའི་དོན་བྱར་སྟངས་འཛིན་གྱི་དབང་ཆ་ཡང་ཡོད་པ་ཅན་ཡིན་པའི་ཚུལ་རྟོགས་ཐུབ།

        དུས་རིམ་གཉིས་པ་ནི་རོང་བོ་དགོན་པ་རེབ་གོང་ཡུལ་གྱི་ཆོས་སྲིད་ལྟེ་གནས་སུ་གྱུར་རྗེས། རོང་བོ་ནང་སོ་དང་ཤར་ཚང་བར་ལ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡོད་ལ། ཕན་ཚུན་ལ་ཚོད་འཛིན་ཡང་བྱེད་པའི་སྐབས་དེ་ཡིན། ཤར་ཚང་སྐུ་ཕྲེང་གསུམ་པ་ནས་བཟུང་། སྤྲུལ་སྐུའི་འཁྲུངས་ཡུལ་རོང་བོ་ཚང་ལས་འདས་ཏེ་ཤོག་ཁ་གཞན་དང་ས་ཁུལ་གཞན་དུའང་འཁྲུངས་ཤིང་། དེས་རོང་བོ་ཚང་གི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་ཤུགས་རྐྱེན་ཐེབས་ཏེ། ཁྱིམ་རྒྱུད་གཅིག་གིས་ཆོས་སྲིད་གཉིས་བདག་བྱེད་ཚད་རིམ་གྱིས་ཉམས་དམས་སུ་གྱུར། ཤར་ཚང་གི་མཁས་གྲུབ་གཉིས་ལྡན་གྱི་སློབ་བརྒྱུད་དག་གིས་ས་ཆ་སོ་སོར་འཆད་ཉན་སྤེལ་ཅིང་། དགོན་པ་བཏབ། བུ་སློབ་བསྐྱངས་པའི་མཐུས། རོང་བོ་དགོན་ཆེན་མ་དགོན་དང་མཐའ་སྐོར་གྱི་དགོན་པ་དེ་དག་བུ་དགོན་ཡིན་པའི་དགོན་མ་ལག་གི་མུ་འབྲེལ་ཞིག་རིམ་གྱིས་གྲུབ། རོང་བོ་དགོན་པའི་ཤུགས་རྐྱེན་སྔར་ལས་ཇེ་ཆེར་གྱུར་ཅིང་། ཤར་ཚང་གི་མཚན་སྙན་ཡང་སྔར་ལས་ཆེ་བར་གྱུར། དེས་རོང་བོ་ནང་སོ་ལ་ཚུར་གནོན་ཤུགས་ངེས་ཅན་ཞིག་བྱིན་པ་སྟེ། རོང་བོ་ནང་སོའི་དགོན་པའི་ནང་གི་དབང་ཤུགས་རིམ་གྱིས་ཇེ་ཆུང་དུ་གྱུར་པ་དང་། རོང་བོ་ནང་སོ་དང་ཤར་ཚང་བར་གྱི་འབྲེལ་བའང་དེ་སྔའི་ཁྱིམ་མིའི་འབྲེལ་བ་ནས་མཆོད་ཡོན་གྱི་འབྲེལ་བ་ཙམ་དུ་གྱུར། དགོན་པའི་ནང་གི་དོན་དག་ཆེ་ཕྲ་ཁག་ནང་སོར་མི་ཞུ་བ་དང་གྲོས་མི་བྱེད་པའི་གནས་ཚུལ་ཡང་མང་དུ་བྱུང་། ཤར་ཚང་གི་སྤྲུལ་སྐུ་ནི་ནང་སོ་ཚང་ལ་མཚོན་ན་ཕྱི་མི་ཡིན་པས། སྔོན་ཆད་ནང་བཞིན་ནང་གྲོས་བྱེད་རྒྱུ་མེད་ཅིང་། རང་གི་འདོད་བློ་ཕ་རོལ་ལ་བཙན་འགེལ་བྱེད་པའི་འོས་ཆའང་ཅི་ཡང་མེད་པའི་གནས་སུ་གྱུར། དེ་བཞིན་ཤར་ཚང་ལ་མཚོན་ནའང་། རང་ཉིད་ཀྱིས་རང་གི་དགོན་པ་དང་ལྷ་སྡེའི་ཆོས་དོན་ཁོ་ན་བདག་སྐྱོང་དང་དོ་དམ་བྱེད་པ་ལས། རོང་བོ་ནང་སོའི་སྲིད་ཕྱོགས་ཀྱི་ལས་ཀ་ཆེ་ཕྲ་གང་ཡིན་ལ་ཐེ་གཏོགས་དང་ཐུགས་བཀོད་མཛད་པའི་འོས་ཆ་མེད་ཅིང་དགོས་པའང་མེད་པར་གྱུར། དེ་ལྟ་ནའང་། ནང་སོ་དང་བསྡུར་ཚེ་ཤར་ཚང་གི་དབང་ཤུགས་ཆེ་བར་སྣང་སྟེ། རེབ་གོང་སྟོད་སྨད་ཀྱི་ཆོས་ཀྱི་དོན་བྱ་ཡོད་རྒུ་ཁོང་གིས་སྒེར་བདག་གཙོ་སྐྱོང་བྱེད་པ་གཞིར་བཞག་ཐོག །ལྷ་སྡེ་སོ་སོའི་གྱོད་དང་ཁ་མཆུ། ས་རྩོད་ཆུ་རྩོད་ལ་སོགས་པའི་དམངས་དོན་གལ་ཆེའི་རིགས་ཀྱང་ཁོང་ལ་ཞུས་ཤིང་སྐྱབས་བཅོལ་རྒྱུ་མང་དུ་ཕྱིན་པས། ཤར་ཚང་ཆོས་སྲིད་གཉིས་བདག་ཡིན་པའི་དབང་ཆ་དེ་བརྟན་པོར་ཚུགས་ཐུབ་པ་བྱུང་ལ། དེ་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྲོག་ཤིང་ཆོས་ལུགས་ཡིན་པའི་རྒྱུ་མཚན་གྱིས་ཀྱང་ཡིན་ངེས་སོ་སྙམ། དེའི་ཕྱིར། རོང་བོ་ནང་སོས་རང་ཉིད་ཀྱིས་དགོན་པའི་དོན་བྱར་ཐེ་གཏོགས་བྱེད་པའི་དབང་ཆ་མུ་མཐུད་དུ་རྒྱུན་འཛིན་བྱ་ཆེད། རང་ཉིད་ཀྱི་བླ་བརྒྱུད་ཅིག་ལོགས་སུ་བཙུགས་ཤིང་། དེ་ལ“ནང་སོའི་སྐུ་སྐྱེ”ཟེར། ནང་སོའི་སྐུ་སྐྱེ་ནི་ལྷ་བཙུན་ཆེན་པོ་ནང་སོ་ངག་དབང་བློ་བཟང་གི་སྐུ་སྐྱེ་ཡིན་པར་བཤད་ཅིང་། མཚན་ལ་དགེ་འདུན་མཁས་མཆོག་དང་རོང་བོ་ཚང་དུ་འཁྲུངས། ཆུང་དུས་ནས་རོང་བོ་ཐོས་ བསམ་གླིང་དུ་ཞུགས་ནས་སློབ་གཉེར་མཛད། རྣམ་དཔྱོད་མཆོག་ཏུ་ཡངས་ཏེ་སྔ་ཕྱིར་དུས་འཁོར་གྲྭ་ཚང་གི་རྡོ་རྗེའི་སློབ་དཔོན་དང་རྒྱུད་པའི་མཁན་ཁྲི། གྲྭ་ཚང་གི་གསེར་ཁྲི་ཆེན་མོ་སོགས་ཀྱི་འགན་ཡང་བཞེས། ཡིན་ནའང་། དགོན་པ་སྤྱིའི་བདག་དབང་འཛིན་ཕྱོགས་ཐད་ཤུགས་རྐྱེན་ཧ་ལམ་འཇོག་མ་ཐུབ་པ་འདྲ།

        རོང་བོ་ནང་སོ་དང་ཤར་ཚང་བར་གྱི་དབང་ཆའི་འགྲན་རྩོད་སྐོར་ལ་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ནང་བྱུང་བའི་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་བརྟག་དཔྱད་ཀྱི་ཡིག་ཆ་ཞིག་ཏུ་འདི་ལྟར་བྲིས་ཡོད་དེ། “ནང་སོའི་གཞུང་ཁང་ནི་རོང་བོ་དགོན་པའི་ནང་དུ་བཙུགས་ཤིང་། དགོན་བདག་ཤར་ཚང་དང་མཉམ་པའི་དབང་ཆ་ཡོད། འོན་ཀྱང་། ནང་སོ་དང་ཤར་ཚང་བར་ཡུན་རིང་གི་དབང་རྩོད་བྱས་པ་ལས། ནང་སོ་ནི་རོང་བོ་དགོན་པའི་དགོན་བདག་གི་གཤམ་དུ་ཡོད་པའི་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་གྱི་སྒྲིག་གཞི་ཞིག་ཏུ་གྱུར་འདུག”[9]ཅེས་པའོ། །དཔྱད་བརྗོད་འདི་ནི་སྐབས་དེའི་དོན་དངོས་དང་ཅུང་ཟད་མཐུན་པར་སྙམ་སྟེ། རོང་བོ་ནང་སོ་ནི་རེབ་གོང་ས་ཁུལ་གྱི་ལོ་རྒྱུས་སྟེང་གི་སྤྱི་དཔོན་ཡིན་ལ། ཁྱིམ་རྒྱུད་ཀྱིས་སྲིད་དོན་ཁ་ལོ་སྒྱུར་བའི་སྲོལ་རྒྱུན་དེ་མ་ཉམས་པར་ཡོད་མོད། བླ་མའི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་དེས། དེ་སྔའི་ཆོས་སྲིད་གཉིས་ཀའི་དབང་ཆ་ཁྱིམ་རྒྱུད་རང་གི་ལྷ་བཙུན་ཞིག་གིས་འཛིན་པའི་སྲོལ་རྒྱུན་རྨང་ནས་གཏོར་ཏེ། དགོན་པའི་བདག་དབང་ངང་ངམ་ཤུགས་ཀྱིས་གཞན་ལ་ཤོར། ཤར་སྐལ་ལྡན་རྒྱ་མཚོ་ནི་རོང་བོ་ཚང་དུ་འཁྲུངས་པ་དང་། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་ཏེ། ཆོས་པ་རིན་པོ་ཆེས་དགོན་པ་བདག་སྐྱོང་གི་དབང་ཆ་ཁོང་ལ་སྤྲད་པ་ལས། ཁོང་ནི་མིང་དོན་མཚུངས་པའི་དགོན་བདག་ཡིན་པ་བསྙོན་མེད་ཡིན། དེ་རོང་བོ་ནང་སོས་ཀྱང་ཁས་ལེན། དེ་འདྲ་ཡིན་སྟབས། ཤར་ཚང་གི་སྤྲུལ་སྐུ་རིམ་བྱོན་གྱིས་རོང་བོ་དགོན་པའི་དགོན་བདག་གི་དབང་ཆ་རྒྱུན་འཛིན་བྱེད་པའང་ས་ལུགས་གནམ་ལུགས་སུ་གྱུར་ཡོད། གཞན་དུ་ན། ཕྱིས་རོང་བོ་ཚང་གི་ཁྱིམ་རྒྱུད་འཕེལ་ཏེ་ཁྱིམ་ཚང་ཆེན་པོ་གསུམ་གྱིས་རེས་མོས་ཀྱིས་ནང་སོའི་འགན་སྐྱོང་བའི་སྲོལ་ཕྱེ་བ་དེས། ནང་སོས་ཤར་ཚང་གི་དབང་ཤུགས་ལ་འགྲན་ཚུགས་མི་ནུས་པ་ཞར་ནས་ཀྱང་ཤེས་ཐུབ་བོ། །དེ་ལྟ་ནའང་། ཤར་ཚང་གི་སྐྱེ་སྤྲུལ་ཐོག་མ་རོང་བོ་ཚང་ནས་འཁྲུངས་པ་ཡིན་ལ། བླ་མ་འདིར་སྤྲུལ་སྐུའི་ལམ་ལུགས་ཀྱི་སྲོལ་མ་བྱུང་བའི་ཡར་སྔོན་ནས་རོང་བོ་ཚང་གིས་ནང་སོའི་གོ་གནས་བཟུང་སྟེ། རེབ་གོང་གི་ཆོས་སྲིད་གཉིས་ཀའི་དབང་ཆ་བརྟན་པོར་ཟིན་ཡོད་ཅིང་། རོང་བོ་ཚང་གི་རྒྱབ་སྐྱོར་ལ་བརྟེན་ནས་རོང་བོ་དགོན་པ་བྱུང་བ་དང་རོང་བོ་ཚང་གི་རམ་འདེགས་ལ་བརྟེན་ནས། ད་གཟོད་དགོན་པ་འཕེལ་རྒྱས་བྱུང་བ་ཡིན་ཚུལ་ཀུན་ལ་གསལ། གལ་ཏེ་ཤར་ཚང་གི་ཆོས་བདག་གི་དབང་ཤུགས་ཀྱི་ཁུངས་དེད་པ་ཡིན་ན་ཕ་རོང་བོ་ཚང་ལས་གཟུར་རྒྱུ་མེད་ཅིང་། རོང་བོ་ནང་སོ་ནི་དབང་ཤུགས་དེ་གསར་གཏོད་བྱེད་མཁན་དང་ལག་བསྟར་བྱེད་མཁན་ཡིན་ལ། རོང་བོ་ནང་སོ་ནི་ད་གཟོད་དབང་ཤུགས་དེའི་རྒྱུད་ཁུངས་རྣམ་དག་ཡིན་པ་ཤེས་དགོས་སོ། །[10] རོང་བོ་དགོན་པའི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་པ་ཞིག་ལ། རོང་བོ་དགོན་པའི་དོན་དག་གལ་ཆེན་གང་ཞིག་ཡིན་ཡང་། རོང་བོ་ནང་སོ་ལ་རྒྱབ་རྟེན་མ་བཅོལ་བ་ཕལ་ཆེར་མེད་དེ། ཤར་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་ཀྱི་སྐབས་སུ། རོང་བོ་དགོན་པར་ལོ་རེར་སྨོན་ལམ་ཆེན་མོ་འཚོགས་པའི་སྲོལ་བཙུགས་ཏེ། ཤོག་ཁ་སོ་སོས་རེས་མོས་ཀྱིས་སྨོན་ལམ་གྱི་སྦྱིན་བདག་བྱེད་བཞིན་ཡོད་པ་ལ། གལ་ཏེ་རོང་བོ་ནང་སོའི་རྒྱབ་སྐྱོར་དང་བཀའ་མེད་ན། དེ་འགྲུབ་ཐུབ་མིན་ཡང་ཐེ་ཚོམ་གྱི་གནས་ཤིག་ཡིན་ངེས། རྒྱུ་མཚན་དེའི་ཕྱིར། རོང་བོ་ནང་སོ་དང་ཤར་ཚང་བར་ལ་འགལ་བ་ཅུང་ཙམ་རེ་ཡོད་པར་ཟད་ཀྱང་། སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རམ་འདེགས་བྱེད་པའི་རྒྱུན་དེ་ནི་ལྷན་དུ་སྐྱོང་དགོས་པར་གྱུར་པའོ། །

བཞི་པ། རོང་བོ་ནང་སོ་དང་ཤར་ཚང་བར་གྱི་འབྲེལ་བའི་ཁྱད་ཆོས།

        རེབ་གོང་ཡུལ་གྱི་དབང་ཤུགས་འཁོར་སྐྱོད་ཀྱི་ལུགས་སྲོལ་ལ་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་སྟེ། ས་ཁུལ་གྱི་སྲིད་འཛིན་དབང་ཆ་འཛིན་པའི་རོང་བོ་ནང་སོ་དང་། ཆོས་ལུགས་ཀྱི་ཆེས་མཐོའི་བདག་པོར་གྱུར་པའི་ཤར་ཚང་གི་དབང་ཆའི་ཡོང་ཁུངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན།

        དེ་ཡང་རོང་བོ་ནང་སོའི་ཁེ་དབང་གི་ལུགས་མཐུན་རང་བཞིན་དང་དངོས་བརྒྱུད་རང་བཞིན། བླ་མེད་རང་བཞིན་ནི་གོང་མའི་གཞུང་གིས་ཆོ་ལོ་བསྩལ་བ་ལས་བྱུང་ཞིང་། ས་སྐྱ་གོང་མས་ལུང་གནང་བ་ལས་ཐོབ་པ་ཡིན་པས། ཐོག་མའི་སྐབས་སུ་ཤར་ཚང་གིས་རོང་བོ་ནང་སོ་ལ་རྒྱབ་རྟེན་བཅོལ་དགོས་པ་དང་འགྲན་མི་ཚུགས་པའང་རྒྱུ་མཚན་དེ་ལ་ཐུག །བོད་ཀྱི་སྤྱི་ཚོགས་ནང་དུ་རིགས་རུས་ཀྱི་དབྱེ་བ་ནི་རྒྱ་གར་ནང་བཞིན་གསལ་པོ་མིན་ཡང་། ཁྱིམ་རྒྱུད་ཀྱི་ཁྲག་དང་རུས་པའི་ཁུངས་དག་གཙང་ཡིན་མིན་ལ་མཐོང་ཆེན་བྱེད་དེ། ཕུགས་ཇི་ལྟར་རིང་ན་དེ་ལྟར་ལེགས་པར་མཐོང་ཞིང་། རིགས་རུས་ཆོ་འབྲང་ཡག་པོ་ཞིག་ལ་འདེད་ཐུབ་ན་ནི་མཆོག་ཏུ་བརྩིའོ། །ཤར་ཚང་གི་འཁྲུངས་ཡུལ་གྱི་ཁུངས་དེད་ན་རོང་བོ་ནང་སོ་ཚང་ལ་ཐུག་པ་དང་། རོང་བོ་ནང་སོ་ཚང་གི་ཕུགས་ནི་ས་སྐྱ་གོང་མ་ཚང་ལ་ཐུག་པས། ཆུ་མགོ་གངས་ལ་ཐུག་པ་དང་འདྲ་བའི་དག་སྣང་ཡོད་པ་རེད།

        དེ་མིན། ནང་སོ་དང་ཤར་ཚང་བར་གྱི་དབང་ཆ་མཉམ་སྦྲེལ་དང་ལས་བགོ་ལའང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཏེ། རེབ་གོང་གི་སྲིད་དབང་ཁྲོད་རོང་བོ་ནང་སོ་ནི་གོང་མའི་གཞུང་དང་ས་གནས་ཀྱི་ལས་ཚབ་ལྟ་བུ་ཡིན་པ་དང་། ས་གནས་སྲིད་དབང་གི་ཁེ་དབང་གི་ལྟེ་བའི་གོ་གནས་དེ་ཡེ་ནས་འགྱུར་མ་མྱོང་། མཉྫུ་གོང་མ་ཞན་ཧྥེང་གི་ཁྲི་ལོ་བརྒྱད་པའི(སྤྱི་ལོ1858)སྐབས། ཤར་ཚང་དང་རོང་བོ་ནང་སོའི་བར་དུ་འགལ་བ་ཆེན་པོ་ཞིག་བྱུང་བ་སྟེ། བླ་བྲང་དགོན་པ་དང་རོང་བོ་དགོན་པ་འཁོན་པར་གྱུར་ནས། མཐར་རོང་བོ་ནང་སོས་དམག་བསྡུས་ཏེ་བླ་བྲང་ཕྱོགས་སུ་དྲངས་པ་ལ། ཤར་སྐུ་ཕྲེང་ལྔ་པ་བློ་བཟང་འཕྲིན་ལས་རྒྱ་མཚོ་རྒན་གྱར་དམག་བཤོལ་དུ་ཕེབས་ནས་བཀག་ཀྱང་མ་ཉན་པ་དང་འུ་ཐུག་སྟེ་གཟན་ཐང་ལ་བཏིང་ནས་བཀག་ཀྱང་མ་ཁོགས་པའི་གཏམ་རྒྱུད་སྐྱོ་རུང་བ་ཡོད་སྐད།[11] འདི་ལས་ཤེས་ཐུབ་པ་ནི། རོང་བོ་ནང་སོ་དང་ཤར་ཚང་གཉིས་སྤྱིར་བཏང་ཡོན་མཆོད་ཀྱི་འབྲེལ་བའི་ཚུལ་དུ་ཡོད་ནའང་། ཁེ་ཕན་གྱི་གལ་ལ་འཕྲད་ཚེ་རང་གི་དབུ་བླར་གྱུར་པའི་བླ་མ་ལའང་ཅི་མི་སྙམ་པར་བྱེད་དེ། ཤར་ཚང་ནི་རེབ་གོང་གི་སྐྱ་སེར་མཆོག་དམན་ཀུན་གྱིས་གཙུག་ཏུ་བཀུར་བའི་བླ་མ་ཡིན་ཡང་། རེབ་གོང་ཤོག་ཁ་བཅུ་གཉིས་ལ་ཁ་ལོ་སྒྱུར་བའི་རོང་བོ་ནང་སོས་ཤར་ཚང་གི་བཀའ་བཟློག་ཕོད་ཅིང་། ཁོས་ཨུ་ཚུགས་མཐར་སྐྱེལ་བྱས་པའི་མདུན་དུ་ཤོག་ཁ་བཅུ་གཉིས་ཀྱི་རུ་དམག་ཀུན་གྱིས་ནང་སོའི་བཀོད་འདོམས་ལ་ཉན་པ་ལས། བླ་མའི་བཀའ་བརྩི་མི་དགོས་པའི་ཚུལ་ལ་བལྟས་ན། ནང་སོའི་སྲིད་དབང་གི་དབང་ཤེད་དེ་ཡང་མཐོང་ཆུང་བྱེད་པའི་གནས་ཤིག་ག་ལ་ཡིན་ཏེ། མ་ཡིན་པ་གསལ་ལེར་ངེས་ཐུབ་བོ། །

མཇུག་སྡུད་པ།

        ཆབ་སྲིད་དང་ཆོས་ལུགས་ནི་རིན་ཐང་མི་འདྲ་བའི་རྒྱུད་ཁོངས་གཉིས་ཡིན་ཞིང་། དེའི་མཚོན་བྱེད་རྣམ་པ་ལའང་སོ་སོར་མི་འདྲ་བའི་ཁྱད་ཆོས་ཡོད། དངོས་ཡོད་ལོ་རྒྱུས་ཀྱི་སྤྱི་ཚོགས་ནང་དབང་སྒྱུར་པས་ཆོས་སྲིད་གཉིས་ཀའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཚེ། ད་གཟོད་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཚོད་འཛིན་བྱེད་ཐུབ་པ་ལྟ་བུའི་རྣམ་པ་འབྱུང་བཞིན་ཡོད།[12] དེར་བརྟེན། སྔོན་གྱི་སྤྱི་ཚོགས་སུ་ཆོས་སྲིད་གཉིས་ཀས་ཕན་ཚུན་དོན་བྱེད་ཀྱི་འབྲེལ་བ་ལ་ངོས་འཛིན་དང་ཚོད་འཛིན་ཡག་པོ་བྱེད་ནུས་ཚེ། ལུགས་ཟུང་གི་འབྲེལ་བ་འཆམ་མཐུན་ངང་འཁོར་སྐྱོད་བྱེད་ནུས་བྱེད་པ་ཡིན། དེ་ནི་གཞུང་ལུགས་ཀྱི་ཞིབ་འཇུག་བྱ་ཡུལ་ཞིག་ཏུ་གྱུར་ཡོད་ལ། དངོས་ཡོད་ཀྱི་དོན་སྙིང་ཡང་ལྡན། བོད་ཁུལ་གྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ནི། བོད་ཀྱི་ཤེས་རིག་གི་ཞིབ་འཇུག་བྱ་ཡུལ་གལ་ཆེན་ཞིག་ཡིན་ཏེ། དེས་བོད་ཀྱི་གནའ་རབས་སྤྱི་ཚོགས་ལོ་རྒྱུས་ཀྱི་སྒྲིག་གཞི་མཚོན་བཞིན་ཡོད་ལ། བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་སྒྲིག་སྲོལ་ཞིག་ཀྱང་སྟོན་བཞིན་ཡོད། ཚུལ་འདི་ལ་དམིགས་ནས། ཁོ་མོས་དཔྱད་རྩོམ་འདིའི་ནང་ཨ་མདོ་རེབ་གོང་ས་ཁུལ་གྱི་རོང་བོ་ནང་སོ་དང་ཤར་ཚང་བར་གྱི་འབྲེལ་བ་དེ་དཔྱད་གཞིར་བཟུང་བ་ཡིན་ཞིང་། ཞིབ་འཇུག་ཐབས་ལམ་འདི་བརྒྱུ་ནས། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་རྙོག་འཛིང་རང་བཞིན་དང་ས་གནས་རང་བཞིན། སྣ་མང་རང་བཞིན་དག་ཀྱང་ཞར་ལ་མཚོན་པར་བྱས་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1