དེ་ཡང་སྙན་གྲགས་སྔར་ནས་ཁྱབ་པའི་བོད་ཀྱི་ལྷ་མོའི་ཡ་གྱལ་ཡར་ཀླུང་བཀྲ་ཤིས་ཞོལ་པ་ནི་འབག་དཀར་པོའི་ལྷ་མོའི་ཕུལ་བྱུང་གི་འཁྲབ་གཞུང་ཞིག་ཡིན། དེ་ནི་འབག་དཀར་པོའི་ལྷ་མོ་ཚོགས་པའི་ནང་སྐད་གྲགས་ཆེ་ཤོས་དང་། འཁྲབ་རྩལ་གྱི་ཚད་གཞི་མཐོ་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཚོགས་པ་ཞིག་ཡིན་ཞིང་། ཆོས་རྒྱལ་ནོར་བཟང་ཞེས་པའི་འཁྲབ་ཚན་ཆ་ཚང་བ་ཞིག་འཁྲབ་པའི་ཆོག་མཆན་ཐོབ་ཡོད་པ་དང་། ལྷག་དོན་དུ་དེའི་དབྱངས་རྟ་དང་བོད་ཀྱི་གནའ་བོའི་དམངས་གཞས“བསྟོད་གཞས”གཉིས་ཧ་ལམ་འདྲ་ཆེ་ཞིང་། ནང་དོན་ཚོགས་པ། བབ་བརླིང་ལྡན་པ། ཞི་ལྷོད་པ་བཅས་ཡོད། དེའི་ནང་གི་ཆ་ཤས་ཤིག་ཕྱིས་སུ་བྲོ་བ་གཏིང་ཟབ་པའི་བོད་རིགས་ཀྱི་དམིགས་བསལ་“མགྲིན་ཁུག”ཅིག་ཏུ་འཕེལ་རྒྱས་ཕྱིན་ཡོད། དུས་མཚུངས་སུ་དེར་འབག་སྔོན་པོའི་ལྷ་མོའི་ཤུགས་རྐྱེན་ཐེབས་འགོ་ཚུགས་ཤིང་། རང་གི་ར་པགས་དཀར་པོའི་འབག་གི་རྣམ་པ་སྤེལ་བའི་རྒྱན་གོས་ཁ་སྣོན་བྱས་ཡོད། ཡང་དེས་འབག་དཀར་པོ་ནས་འབག་སེར་པོ་ཁོ་ནར་འཕོ་འགྱུར་ཕྱིན་ཡོད་པ་དང་། འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་བརྗོད་ན། དེས་འབག་སྔོན་མོའི་ལྷ་མོའི་འཁྲབ་སྟོན་བྱེད་པའི་ཁྱད་ཆོས་མི་ཉུང་བ་ཞིག་བསྡུ་ལེན་བྱས་ཤིང་། འཁྲབ་སྟངས་དང་ཉམས་འགྱུར་བོད་ལྗོངས་ཀྱི་ས་ཕྱོགས་གང་སར་ཁྱབ་ཅིང་། དཀར་མཛེས་རྫོང་ཁམས་པའི་ལྷ་མོར་ཡང་ཤུགས་རྐྱེན་ཐེབས་ཡོད། །
རྒྱལ་མཆོག་ལྔ་པ་ཆེན་མོའི་སྐུ་རིང་ལ་“ཡར་ཀླུང་བཀྲ་ཤིས་ཞོལ་པ”ལོ་ལྟར་ལྷ་སར་“འབྲས་སྤུངས་ཞོ་སྟོན”གྱི་ལྷ་མོའི་ཁྲལ་འཇལ་བར་འགྲོ་དགོས་ཀྱི་ཡོད་པ་དང་། སྐབས་ཤེད་དུ་ལྷ་སའི་དགོན་སྡེ་ཁག་དང་བོད་ས་གནས་སྲིད་གཞུང་གི་དཔོན་པོའི་གཟིམ་ཤག་ནང་འཁྲབ་སྟོན་བྱེད་དགོས་ཀྱི་ཡོད། ཡར་ཀླུང་བཀྲ་ཤིས་ཞོལ་པའི་རྔ་དང་སྦུབ་ཆལ་རྡུང་དཀྲོལ་དང་། དབྱངས་རྟའི་འགྱུར་ཁུག རྒྱན་གོས་ལ་སོགས་ལྷ་མོ་གཞན་དང་མི་འདྲ་བ་ཡིན་ནོ། །
སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་འགོར་བཀའ་བརྒྱུད་ཀྱི་བཙུན་པ་གྲགས་ཅན་ཐང་སྟོང་རྒྱལ་པོ་ཡར་ཀླུང་གཙང་པོའི་ལྷོ་ངོས་ལྕགས་ཟམ་ཆུ་བོ་རིར་ཏིང་འཛིན་དུ་བཞུགས་སྐབས། གཙང་པོ་བརྒལ་བའི་འགྲུལ་པ་འགྲིམ་འགྲུལ་སྟབས་མི་བདེ་བ། འགྲུལ་པ་ཚོའི་ཐོན་རྫས་དང་འཚོ་བར་བར་ཆད་མང་དག་ཅིག་འཕྲད་པར་དགོངས་ཏེ། ལྕགས་ཟམ་བསྐྲུན་པའི་དགོངས་པ་ཐུགས་ལ་འཁྲུངས་ཤིང་། མཐར་ཕུ་མདོ(དེང་འཕན་པོ)ཞེས་པའི་ས་ཆར་ཤིན་ཏུ་བགྲེས་པའི་རྨོ་བོ་ཞིག་གིས་ཕྱག་ཏུ་འཁར་བ་བསྣམས་བཞིན། ཁོང་ལ་ལྕགས་ལོང་བདུན་ཙམ་འབུལ་དུ་འོང་བ་དེ་ལྟས་བཟང་དུ་དགོངས་ནས་མུ་མཐུད་སྤྲོ་བ་ཆེན་པོས་ས་ཕྱོགས་གང་སར་བསྐོར་ཏེ། འབུལ་བ་དུ་བྱུང་བའི་དངོས་རྫས་ཀྱིས་གངས་ལྗོངས་ས་མཐོར་ལྕགས་ཟམ་མང་པོ་ཞིག་བཙུགས་ཡོད། ཕྱིས་སུ་ཐང་སྟོང་རྒྱལ་པོས་ལྕགས་ཟམ་འཛུགས་མཁན་གྱི་ལས་མིའི་ཁྲོད་ནས་འཕྱོང་རྒྱས་ཀྱི་ཁ་སྒོ་སྐྱེས་འབྲས་མཚར་བའི་བུ་མོ་སྤུན་བདུན་བདམས་ཏེ། གླུ་གར་འཁྲབ་ལེན་རུ་ཁག་ཅིག་སྒྲིག་འཛུགས་ཀྱིས་ཆོས་ལུགས་ཀྱི་ནང་དོན་མདོ་ཙམ་བྱས་པའི་ཟློས་གར་ཞིག་རང་རྩོམ་རང་འཁྲབ་གནང་སྟེ། ས་ཕྱོགས་གང་སར་འཁྲབ་སྟོན་བྱེད་པ་དང་སྦྲགས་ལྕགས་ཟམ་བསྐྲུན་བྱེད་ཀྱི་དངོས་རྫས་མང་པོ་སློང་མོ་མཛད། དེས་བོད་ཀྱི་ལྷ་མོའི་ཟློས་གར་ཐོག་མ «འཕྱོང་རྒྱས་མཁའ་འགྲོ་བཀྲ་ཤིས་སྤུན་བདུན»ཞེས་པ་བྱུང་ཞིང་། ལྕགས་ཟམ་བསྐྲུན་པའི་བརྒྱུད་རིམ་ནང་ལྷ་མོའི་ནང་དོན་དང་འཁྲབ་སྟངས་སོགས་འཐུས་སྒོ་ཇེ་ཚང་དུ་བཏང་བས། ད་བར་ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།
དེའང་འབག་དཀར་པོའི་ལུགས་ཀྱི“འཕྱོང་རྒྱས་མཁའ་འགྲོ་བཀྲ་ཤིས་སྤུན་བདུན”གྱི་ལྷ་མོའི་ཟློས་གར་ལ་དུམ་མཚམས་ཆེན་པོ་གསུམ་དུ་དབྱེ་བ་ཡིན། དེ་ནི་འདོན་དང་། གཞུང་། བཀྲ་ཤིས་བཅས་གསུམ་མོ། དུམ་མཚམས་ཆེ་བ་དང་པོ་ལ་དུམ་བུ་གསུམ་སྟེ། རྔོན་པའི་འདོན་ཞེས་རྔོན་པ་ས་གཙང་ཟེར་བ་ཡིན་ཞིང་། མགོ་བོར་འབག་དཀར་པོ་གྱོན་པ་དང་། ལུས་སུ་རྔོན་པའི་ཆ་བྱད་ཀྱིས་ལག་པར་མདའ་ཚོན་འཐོགས་ཏེ། ཐོག་མར་འཁྲབ་སྟོན་བྱེད་པ་དང་། ས་གཙང་བཅོས་པ། སྐད་གསེང་ཐོན་པོས་བཀྲ་ཤིས་སྨོན་ཚིག་འདོན་གྱི་ཡོད། བར་དུ་རྒྱ་ལུའི་བྱིན་འབེབས་ཞེས་རྒྱལ་སྲས་ཀྱིས་གཡང་སྒུག་པ་ཡིན། དེ་ནི་རྒྱལ་སྲས་ཀྱི་ཆས་སུ་འཁྲབ་སྟོན་བྱེད་ཅིང་། གཟིགས་མོ་བར་བདེ་ཞིང་སྐྱིད་པའི་སྤྲོ་སྣང་བསྟེར་བའི་སྐོར་ཡིན། མཐའ་མར“ལྷ་མོའི་གླུ་གར” ཞེས་ལྷ་མོས་གར་འཁྲབ་པ་ཡིན། དེ་ནི་ལྷ་མོའི་ཆས་སུ་གླུ་གར་འཁྲབ་ལེན་བྱེད་པ་ཡིན་ཞིང་། དེས་ལྷ་མོ་མི་ཡུལ་དུ་ཕེབས་ནས་མི་རྣམས་དང་མཉམ་རོལ་བྱེད་པའི་སྐོར་ཡིན། དུམ་མཚམས་ཆེ་བ་གཉིས་པ་ནི་གཞུང་དངོས་ཏེ་ཟློས་གར་གྱི་ནང་དོན་སྤེལ་བཞིན་གཏམ་དཔེ་རྒྱས་གླེང་བྱེད་པའི་སྐོར་ཡིན། དུམ་མཚམས་ཆེ་བ་གསུམ་པ་ནི་བཀྲ་ཤིས་ཞེས་མཇུག་དབྱངས་ཀྱིས་མཇུག་སྒྲིལ་བ་ཡིན། འཕྱོང་རྒྱས་མཁའ་འགྲོ་བཀྲ་ཤིས་སྤུན་བདུན་ནི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་ཚན་ཆོས་རྒྱལ་ནོར་བཟང་ཞེས་པའི་ཟློས་གར་གཞིར་བཅས་ཀྱིས་འཁྲབ་སྟོན་བྱེད་པ་དང་། དེའི་ནང་གི་ཆོས་རྒྱལ་ནི་ཆོས་རྗེ་དང་། ནོར་བཟང་ནི་མིའི་མིང་ཡིན། ཟློས་གར་གྱི་ནང་དོན་ནི་གནའ་སྔ་མོར། རིགས་ལྡན་པ་དང་མངའ་ལྔན་པ་ཞེས་ལྷོ་བྱང་རྒྱལ་ཁབ་གཉིས་སུ་ཡོད་པ་དེ་བཞིན་དང་། རིགས་ལྡན་རྒྱལ་པོ་དང་རྒྱལ་སྲས་གཉིས་ནི་བྱམས་བརྩེ་ཤིན་ཏུ་ཆེ་བས། རྒྱལ་ཁབ་ནང་ཁུལ་དུ་ཞི་བདེ་དང་། འབངས་རྣམས་བདེ་སྐྱིད་དཔལ་ལ་རོལ་ཐུབ་པའི་སྐོར་ཡིན་ནོ། །
ལྷོ་ཕྱོགས་རིགས་ལྡན་རྒྱལ་པོས་བྱང་ཕྱོགས་ཀྱི་མངའ་ཐང་ཐམས་ཅད་འཐོབ་ཕྱིར། སྔགས་པས་མཐུ་གཏད་བསྒྲུབས་ནས་བྱང་ཕྱོགས་ཀྱི་པད་མ་བླ་མཚོར་མཐུ་རྫས་བཏབ་པར་བླ་མཚོ་དེ་ཆུ་རབ་ཏུ་འཁོལ་བ་ལྟར་ལང་ལོང་དུ་འཁྲུག་ཅིང་། ཀླུ་རྣམས་ཀླུ་ཡུལ་དུ་གནས་མི་ཐུབ་པར་འུ་ཐུག་ཐབས་ཟད་ཀྱིས་མཚོ་ཁར་ཐོན་ནས་རྟག་ཏུ་མཚོ་ཁར་སྡོད་པའི་རྔོན་པར་སྲོག་སྐྱོབས་པའི་རེ་བ་བཅོལ་བ་དང་། རྔོན་པ་གཉིད་ལས་སད་དེ་སྔགས་པའི་མགོ་བོར་གྲི་གུག་བསྣུན་པས། ཞྭ་ནག་འཐོར་ཞིང་རས་པ་བཅད་ནས་རྨས་སྐྱོན་བྱུང་སྟབས་སྔགས་པ་འཇིགས་ཤིང་སྐྲག་སྟེ་བླ་འདར། རྔོན་པས་སྔགས་པ་བསྒྲལ་བར་ཀླུ་ཡུལ་དུ་གདན་དྲངས། ཀླུ་ཡུལ་གྱི་བདེ་སྐྱིད་ཐམས་ཅད་ལོངས་སུ་སྤྱད་རྗེས། རྔོན་པ་མི་ཡུལ་དུ་ལོག་སྐབས་ཀླུ་རྒྱལ་གྱིས་ཐུགས་རྗེ་ལེགས་འབུལ་དུ་ནོར་བུ་དགོས་འདོད་དཔུང་འཇོམས་སོགས་ནོར་རྫས་མང་པོ་ཕུལ། འོན་ཀྱང་རྔོན་པ་ནི་རྒྱུ་ནོར་མི་བསམ་པར་ལྷ་མོ་ཞིག་ཆུང་མར་ལེན་འདོད་པས། རྔོན་པས་ཨུ་ཚུགས་མཐའ་སྐྱེལ་བྱས་མཐར་དྲང་སྲོང་གིས་དོན་དེ་སྒྲུབ་པར་ནོར་བུ་དོན་ཡོད་ཞགས་པ་དགོས་ལུགས་གསུངས། རྔོན་པས་ལམ་སེང་ཀླུ་ཡུལ་དུ་སོང་ནས་ནོར་བུ་དགོས་འདོད་དཔུང་འཇོམས་ཀླུ་རྒྱལ་ལ་ཕུལ་བ་དང་། ཀླུ་རྒྱལ་གྱི་དྲུང་ནས་ནོར་བུ་དོན་ཡོད་ཞགས་པ་ཞུས་ནས་སྔར་བཞིན་དྲང་སྲོང་ཆེན་པོའི་དྲུང་དུ་ཡོང་བ་དང་། ཡིད་འཕྲོག་ལྷ་མོ་སྐུ་ཁྲུས་གསོལ་བར་ཕེབས་སྐབས་དོན་ཡོད་ཞགས་པ་དབྱུགས་ནས་ཡིད་འཕྲོག་ལྷ་མོ་བཟུང་། དེ་ནས་རྔོན་པས་དྲང་སྲོང་ཆེན་པོའི་བཀའ་བཞིན་ཡིད་འཕྲོག་ལྷ་མོ་དེ་ཆོས་རྒྱལ་ནོར་བཟང་ལ་ཕུལ་བ་དང་། ནོར་བཟང་གིས་རྔོན་པར་གཟིགས་གསོལ་བསམ་གྱིས་མི་ཁྱབ་པ་གནང་བ་དང་། དེ་ནས་ཆོས་རྒྱལ་ནོར་བཟང་དང་ཡིད་འཕྲོག་ལྷ་མོས་གཙོས་བློན་འབངས་འཁོར་དང་བཅས་པ་དགའ་བདེའི་དཔལ་ལ་རོལ་བཞིན་གནས་སོ། །