ཉེ་ཆར། བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མ་མིག་ཤང་ཚྭ་མཚོ་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་མཉམ་ལས་ཁང་གིས་ལོ་མཇུག་ཏུ་ཁེ་འབབ་བགོ་བའི་མཛད་སྒོ་སྤེལ་བ་རེད། མཉམ་ལས་ཁང་དེའི་སྤྱིའི་ཡོང་འབབ་མི་དམངས་ཤོག་སྒོར་ཁྲི་465ཟིན་ཞིང་། དེའི་ནང་མར་དང་། ཕྱུར་བ། ཤའི་རིགས་ཐོན་རྫས་སོགས་མི་དམངས་ཤོག་སྒོར་ཁྲི་240དང་དེ་བཞིན་དངུལ་སྨར་སྒོར་ཁྲི་213ཟིན་ཡོད་པ་རེད།
མཉམ་ལས་ཁང་གི་ཁེ་འབབ་བགོ་བའི་ལམ་ལུགས་གཞིར་བཟུང་། 5%ནི་དབུལ་སྒྲོལ་དུད་ཚང་དང་། སློབ་མ(སློབ་ཆེན་སློབ་མ་དང་མཐོ་འབྲིང་སློབ་མ)། དབང་པོ་སྐྱོན་ཅན། རྒན་རྒོན་བཅས་ལ་བགོ་བཤའ་བརྒྱབ་པ་དང་། 2.5%ནི་མ་རྐང་ནང་ཞུགས་མཁན་ལ་བགོ་བཤའ་བརྒྱབ་པ། 77.5%ནི་ངལ་རྩོལ་གྱི་ཐོབ་ཆར་བགོས་པ་དང་། 13.5%ནས་14%བར་མཉམ་ལས་ཁང་གི་འཁོར་རྒྱུག་མ་དངུལ་ལ་སྤྱད་པ། 1%ནས་1.5%བར་མཉམ་ལས་ཁང་གི་ལས་དོན་མི་སྣར་གླ་ཕོགས(མཉམ་ལས་ཁང་གི་ལོ་ཧྲིལ་པོའི་ཡོང་འབབ་སྒོར་ཁྲི་599མན་ལ་ཐོབ་ཆ1%བགོས་པ།ཡོང་འབབ་སྒོར་ཁྲི་600ཡན་ལ་ཐོབ་ཆ1.5%བགོས།)བརྒྱབ། གྲོང་ཚོ་ཡོངས་ཀྱི་རྒན་གཞོན་ཚང་མར་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་དཔལ་འབྱོར་གྱི་གྲུབ་འབྲས་ཆེན་པོ་དང་ཕན་པ་དངོས་ཐོབ་ནས་གྲོང་ཚོ་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་འགན་ལེན་བྱས་པ་རེད།
མ་མིག་ཤང་ཚྭ་མཚོ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་འཇིགས་མེད་ཀྱིས་ད་ལོ་ཚྭ་མཚོ་གྲོང་ཚོའི་ཁེ་འབབ་བགོ་བའི་མཛད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་། དམིགས་བསལ་རྒྱུ་རྐྱེན་གྱི་དབང་གིས་དངུལ་སྨར་ལེན་མ་ཐུབ་པར་དངུལ་སྨར་ལོ་མཇུག་ཏུ་བགོ་རྩིས་ཡོད་པས། ད་ལྟ་གཙོ་བོ་མར་དང་ཕྱུར་ར་སོགས་བགོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས། ད་ལོ་མཉམ་ལས་ཁང་གི་སྤྱིའི་ཡོང་འབབ་སྒོར་ཁྲི་465ཟིན་པ་དེའི་ནང་དངུལ་སྨར་སྒོར་ཁྲི་217ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་མར་དང་ཕྱུར་རའི་ཡོང་འབབ་རྒྱ་མ་1500དང་རྒྱ་མ་2000སོ་སོར་འཕར་ཡོད་པ་རེད།