“སའི་གོ་ལའི་སྣེ་གསུམ་པ”དང“འཛམ་གླིང་ཡང་རྩེ”ཡིན་པའི་ཆ་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་ལ་སྔ་མོ་ཞིག་ནས་བཟུང་དོ་ཁུར་བྱས་དང་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན། མདོ་དབུས་མཐོ་སྒང་ནུབ་རྒྱུད་ཀྱི་མཚེའུ་ལ་དགུན་ཁར་མཚོ་དར་ཆགས་དུས། ཆུ་གནས་མངོན་གསལ་སྒོས་ཡར་འཕེལ་ཡོད་པ་རེད། དེ་ནི་རྒྱུ་རྐྱེན་ཅི་ཞིག་གིས་བསྐྱེད་པ་དང་། ཤུགས་རྐྱེན་ཅི་འདྲ་ཡོད་དམ་ཞེ་ན།
ཐེངས་འདིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ས་གཤིས་གྲུབ་ཚུལ་རི་མོ་དང་མཚོ་ཆུ་མང་ཉུང་གི་དོ་སྙོམས་ལྟ་དཔྱད་ཚད་འཇལ་གྱི་གནས་ཡུལ།
ཟླ11པའི་ཚེས21ཉིན། ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡིས་སྤེལ་བའི་གསར་འགྱུར་ནང་དུ། ཞིབ་འཇུག་སུའོ་དེའི་ཁོར་ཡུག་འགྱུར་ལྡོག་དང་ཁྱུད་མང་རིམ་པའི་ཞིབ་འཇུག་ཚོགས་པས་མཉམ་ལས་པ་དང་ལྷན་དུ་མདོ་དབུས་མཐོ་སྒང་ནུབ་རྒྱུད་ཀྱི་བསྟུད་མར་ལོ་ལྔའི་རིང་གི་མཚེའུ་ཡི་ཆུ་གནས་དང་ཆུ་དཔྱད། གནམ་གཤིས་བཅས་ལྟ་ཞིབ་ཚད་ལེན་གྱི་རྒྱུ་ཆ་སྤྱད་ནས་ཆེད་དམིགས་རང་བཞིན་གྱི་ཞིབ་འཇུག་གསར་ཤོས་ལས་ཤེས་རྟོགས་བྱུང་བ་ལྟར་ན། ས་འོག་ཆུ་ཁ་སྣོན་བྱུང་བ་ལས་མཚེའུ་ལ་དགུན་ཁར་མཚོ་དར་ཆགས་དུས། ཆུ་གནས་མངོན་གསལ་གྱིས་ཡར་འཕེལ་ཡོད་པ་དང་། དེས་མདོ་དབུས་མཐོ་སྒང་ནུབ་རྒྱུད་ཀྱི་མཚེའུ་ཡི་ཆུ་གནས་ཀྱི་དུས་ཚིགས་དང་ལོ་དང་ལོའི་བར་གྱི་འགྱུར་ལྡོག་ཁྱད་ཆོས་ལ་ཤུགས་རྐྱེན་མངོན་གསལ་ཐེབས་ཐུབ་པ་རེད་ཅེས་བརྗོད་ཡོད།
ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལེ་ཡན་པིན་གྱིས་མཚམས་སྦྱོར་བྱས་ན། མདོ་དབུས་མཐོ་སྒང་དུ་འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བའི་མཚེའུ་ཡི་ཚོགས་ཡོད་ཅིང་། དེ་ནི་ཀྲུང་གོའི་མཚེའུ་ཁྱབ་ཁུལ་གལ་ཆེན་ཞིག་ཡིན། དུས་རབས་གོང་མའི་ལོ་རབས་དགུ་བཅུའི་མཇུག་ནས་བཟུང་། ཆར་བའི་འབབ་ཚད་ཇེ་མང་དུ་གྱུར་པ་དང་། འཁྱགས་ཀླུང་དང་ཁེངས་ས་ཞུ་བ་ཇེ་མགྱོགས་སུ་སོང་བའི་ཤུགས་རྐྱེན་འོག མདོ་དབུས་མཐོ་སྒང་གི་སྐམ་སའི་ནང་ལོག་གི་མཚེའུ་ལ་ཡར་འཕེལ་བའི་གནས་ཚུལ་མངོན་གསལ་བྱུང་བ་དང་། དེས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཉེ་འཁོར་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་རྐྱེན་ཐེབས་པས། རྒྱལ་ཁབ་ཕྱི་ནང་གི་མཁས་པས་དོ་ཁུར་ཆེན་པོ་བྱས་ཡོད།
མཚེའུ་ཡི་མཚོ་ཆུ་མང་ཉུང་གི་དོ་སྙོམས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་མང་བོ་སྟེ། དཔེར་ན་ཆར་བའི་འབབ་ཚད་དང་མཚོ་ཆུ་རླངས་འགྱུར། འཁྱགས་ཀླུང་དང་ཁེངས་ས་ཞུ་བ། ས་འོག་ཆུ་ཁ་སྣོན་བྱུང་བའམ་ཡང་ན་ཤོར་བ་སོགས་ཡོད། འདིའི་ཡར་སྔོན་ལ། མ་ལག་ཚང་བའི་ཆུ་དཔྱད་དང་གནམ་གཤིས་ཀྱི་ལྟ་དཔྱད་ཚད་འཇལ་རྒྱུ་ཆ་ཉུང་བའི་དབང་གིས། རིག་གཞུང་སྡེ་ཡིས་མཐོ་སྒང་གི་མཚེའུ་ཡི་མཚོ་ཆུ་མང་ཉུང་གི་དོ་སྙོམས་ཞིབ་འཇུག་ལ་མང་ཤོས་ནི་ས་ངོས་ཆུ་གཙོ་བོར་བཟུང་བ་དང་། ས་འོག་ཆུ་ཁ་སྣོན་བྱུང་བའི་གནས་ཚུལ་ལ་ཐད་ཀར་ལྟ་ཞིབ་ཚད་ལེན་དང་ཚད་འགྱུར་བྱེད་པ་དཀའ་བར་གནས་ཡོད།
མཚོ་དར་ཆགས་དུས་ཀྱི་ལུ་མ་བྱང་སྟོང་མཚོ་དང་མེ་དམར་མཚོ་གཉིས་ཀྱི་ཆུ་གནས་འགྱུར་ལྡོག་གི་རི་མོ།
ལེ་ཡན་པིན་གྱིས་མདོ་དབུས་མཐོ་སྒང་གི་མཚེའུ་མང་ཤོས་ནི་དགུན་ཁར་མཚོ་དར་ཆགས་སྐབས། ཆུ་གནས་བརྟན་འཇགས་ཡིན་པའམ་ཡང་ན་མར་འགྲིབ་པ་ཡིན། འོན་ཀྱང་། ལྟ་ཞིབ་ཚད་ལེན་གྱི་མཇུག་འབྲས་གསར་ཤོས་ལས་མངོན་པ་ལྟར་ན། མདོ་དབུས་མཐོ་སྒང་ནུབ་རྒྱུད་ཀྱི་མཚེའུ་སྟེ་དཔེར་ན་ལུ་མ་བྱང་སྟོང་མཚོ་དང་མེ་དམར་མཚོ། སྐྱེས་རྩེ་ཚྭ་ཁ། ལུང་མུ་མཚོ་སོགས་ནི་མཚོ་དར་ཆགས་དུས། ཆུ་གནས་ཡར་འཕེལ་བ་མངོན་གསལ་ཡིན་པ་དང་། དེའི་ནང་གི་ལུ་མ་བྱང་སྟོང་མཚོ་དང་མེ་དམར་མཚོ་གཉིས་ཀའི་ཆུ་གནས་ཡར་འཕེལ་ཚད་ནི་སྨི0.25ནས0.35ཡིན་ཞིང་། དེ་ཡིས་ལོ་ཧྲིལ་བོའི་མཚོ་ཆུའི་ཆུ་གནས་ཡར་འཕེལ་ཚད་ཀྱི་ཕྱེད་ཀ་ཙམ་ཟིན་འདུག་ཅེས་བསྟན་པ་རེད།
དགུན་ཁར་མཚོ་ངོས་ལ་ཁ་བ་འབབ་པ་དང་ལྟག་ཆུའི་འགྱུར་ལྡོག མཚོ་ངོས་རླངས་འགྱུར་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་བློ་བཏང་རྗེས། ཞིབ་འཇུག་ཚོགས་པས་མདོ་དབུས་མཐོ་སྒང་གི་མཚེའུ་ལ་དགུན་ཁར་མཚོ་དར་ཆགས་དུས། ཆུ་གནས་ཡར་འཕེལ་བའི་རྒྱུ་རྐྱེན་གཙོ་བོ་ནི་ས་འོག་ཆུ་ཁ་སྣོན་བྱུང་བ་ཡིན་པ་དང་། དེའི་ཁ་སྣོན་བྱུང་ཚད་ཀྱིས་བཞུར་ཁོངས་ནང་གི་དབྱར་དུས་ཆར་བའི་འབབ་ཚད་སྤྱི་ཡི13%ནས25%ཟིན་པ་རེད། ལོ་ཧྲིལ་བོའི་མཚོ་ཆུ་མང་ཉུང་གི་དོ་སྙོམས་ལ་རྩིས་རྒྱག་བྱས་པའི་མཇུག་འབྲས་ལས་གསལ་བ་ལྟར་ན། ས་འོག་ཆུ་ཁ་སྣོན་བྱུང་བ་ཡིས་མཚེའུ་ནང་ལ་བཞུར་བའི་ཆུ་ཡི59%ནས66%ཟིན་པ་དང་། དེས་ས་འོག་ཆུ་ཁ་སྣོན་བྱུང་བ་ཡིས་མཐོ་སྒང་ནུབ་རྒྱུད་ཀྱི་མཚེའུ་ཡི་མཚོ་ཆུ་མང་ཉུང་གི་དོ་སྙོམས་ལ་འགག་རྩའི་ནུས་པ་ཐོན་པར་མ་ཟད། ད་དུང་ཁྱབ་ཁོངས་ནང་གི་ཆུའི་འཁོར་རྒྱུག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་མཚོན་ཡོད།
ཐེངས་འདིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆུའི་འཁོར་རྒྱུག་གི་དཔེ་སྟོན་རི་མོ།
ཞིབ་འཇུག་ཚོགས་པས་དབྱེ་ཞིབ་སྔར་ལས་ལྷག་པ་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མདོ་དབུས་མཐོ་སྒང་ནུབ་རྒྱུད་ཀྱི་ས་འོག་ཆུ་ཡི་ཆགས་ཚུལ་ནི་ཕལ་ཆེར་ཁྱབ་ཁོངས་ནང་གི་ས་གཤིས་གྲུབ་ཚུལ་གྱི་ཁྱད་ཆོས་ལ་འབྲེལ་བ་ཡོད་པ་རེད། ཞིབ་འཇུག་ཁྱབ་ཁོངས་ནང་གི་རྨང་གཞིའི་བྲག་རྡོ་ནི་གཙོ་བོ་རྡོ་སོལ་དུས་རབས་དང་ཉིས་བརྩེགས་དུས་རབས་ཀྱི་ཐལ་བའི་བྲག་རྡོ་ཡིན་ཞིང་། བཞུར་ཁོངས་ཁག་ཏུ་ས་ཤུན་གས་སྲུབས་ཤོར་བ་ལས་བྱུང་བའི་འགུལ་སྐྱོད་གས་སྲུབས་ས་རིམ་ཁུལ་ཡོད་པ་ལས། ས་ངོས་ཆུ་ས་འོག་ཏུ་འཐིམས་ནས་ས་འོག་ཆུ་རུ་འགྱུར་བ་ལ་ཕན་པར་མ་ཟད། ད་དུང་སྨད་རྒྱུད་ཀྱི་མཚེའུ་ལ་ཁ་སྣོན་ཡང་བྱེད་ཐུབ་ཡོད། “མཚོ་འཕགས་མཐོ་བའི་ས་ཁུལ་གྱི་འཁྱགས་ཀླུང་དང་ཁ་བ་ཞུ་བའི་ཆུ་བྲག་རྡོའི་གས་སྲུབས་བརྒྱུད་ནས་ས་འོག་ཆུ་རུ་གྱུར་པ་དང་། དེ་ནས་མཚོ་འཕགས་དམའ་བའི་ཁུལ་གྱི་མཚེའུ་ནང་དུ་བཞུར་བ་ཡིན། ས་འོག་ཆུ་ཁ་སྣོན་བྱེད་པ་འདི་བརྟན་འཇགས་ཡིན་ཞིང་འཁོར་རྒྱུག་དུས་ཡུན་རིང་བའི་དབང་གིས། ས་འོག་ཆུ་མང་བོ་ཁ་སྣོན་བྱུང་བ་ལས་མདོ་དབུས་མཐོ་སྒང་ནུབ་རྒྱུད་ཀྱི་མཚེའུ་ཡི་ཆུ་གནས་ཀྱི་དུས་ཚིགས་འཕེལ་འགྲིབ་ལ་འགྱུར་ལྡོག་མངོན་གསལ་ཐེབས་ཡོད”ཅེས་ལེ་ཡན་པིན་གྱིས་ཕྱོགས་བསྡོམས་བྱས་ཏེ་བཤད་པ་རེད།