ཅང་ཙེ་རྨིན་གྱི་རླབས་ཆེ་ཞིང་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོ།
༼སྟོད་ཆ།༽
ཅང་ཙེ་རྨིན་ནི་ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀུན་གྱིས་ཁས་ལེན་ཞུ་ཞིང་། བླ་མེད་སྙན་གྲགས་ལྡན་པའི་འགོ་ཁྲིད་ཁྱད་འཕགས་ཅན། རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཚོད་བགམ་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཏང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་སྲོག་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་སྲོལ་འབྱེད་པ་བཅས་ཡིན།
ཅང་ཙེ་རྨིན་གྱི་སྐུ་ཚེ་ཧྲིལ་པོ་ནི་འོད་སྟོང་འཕྲོ་བའི་འཐབ་རྩོད་ཀྱི་སྐུ་ཚེ་ཧྲིལ་པོ་ཞིག་ཡིན། ལོ་ངོ་70ལྷག་ཙམ་གྱི་གསར་བརྗེའི་བརྒྱུད་རིམ་ནང་། ཁོང་གིས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ལ་འགྱུར་བ་གཏན་ནས་གཏོང་མྱོང་མེད་ལ། ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གནང་བ། བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་གནང་ཡོད།
ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། རྒྱལ་ནང་གི་དུས་བབ་རྙོག་འཛིང་ཧ་ཅང་ཆེ་བ་དང་། འཛམ་གླིང་སྤྱི་ཚོགས་རིང་ལུགས་ལ་ཚབས་ཆེ་ཞིང་འགྱུར་ལྡོག་མང་བའི་ཚོད་བགམ་ནན་པོ་འཕྲད་པའི་མདུན་དུ། ཅང་ཙེ་རྨིན་གྱིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྣེ་ཁྲིད་ཐོག ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་རླབས་པོ་ཆེར་སྲུང་སྐྱོབ་མཛད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པར་སྐུལ་སྤེལ་ལེགས་པར་བཏང་ཞིང་། ནམ་ཡང་གསུབ་ཐབས་མེད་པའི་མཛད་རྗེས་བཞག་པས། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་གཏིང་ནས་དགའ་གུས་ཞུས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ཁྱབ་ངང་བསྔགས་བརྗོད་ཞུས་ཡོད།
སྤྱི་ལོ་1926ལོའི་ཟླ་བ་8པའི་ཚེས་17ཉིན། ཅང་ཙེ་རྨིན་ཅང་སུའུ་ཞིང་ཆེན་ཡང་ཀྲོའུ་གྲོང་ཁྱེར་གྱི་རྒྱལ་གཅེས་ཤེས་ཡོན་ཅན་གྱི་ཁྱིམ་ཞིག་ཏུ་འཁྲུངས། ཅང་ཙེ་རྨིན་ལ་སྐུ་ན་གཞོན་དུས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་དམངས་གཙོ་གསར་བརྗེའི་བསམ་བློའི་བློ་འབྱེད་ཐོབ་པ་དང་། དུས་མཚུངས་སུ་ཤེས་ཡོན་ལ་གཙིགས་ཆེ་བའི་ཁོར་ཡུག་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བློ་སྦྱོང་ཐོབ་ཡོད། ཅང་ཙེ་རྨིན་གྱིས་སྐུ་ན་གཞོན་དུས་ཡང་ཀྲོའུ་ཏུང་ཀོན་སློབ་ཆུང་དང་ཡང་ཀྲོའུ་སློབ་འབྲིང་དུ་སློབ་སྦྱོང་གནང་བ་དང་། ཡང་ཀྲོའུ་སློབ་འབྲིང་དུ་སློབ་སྦྱོང་གནང་བའི་སྐབས་ཁོང་གི་ཕ་ཡུལ་ལྗར་པན་བཙན་འཛུལ་དམག་གིས་བཙན་བཟུང་བྱས། སྐབས་དེར་ཁོང་རྟག་པར་མེ་ཧྭ་ལིང་དུ་ཡོད་པའི་མིང་རྒྱལ་རབས་ཀྱི་རྒྱལ་གཅེས་དམག་དཔོན་ཆེན་མོ་ཧྲེ་ཁ་ཧྥ་ཡི་བང་སོའི་མདུན་དུ་ཕེབས་ནས། ཧྲེ་ཀུང་མཆོད་ཁང་དུ་འཁོད་པའི་སྙན་ཚིག་སྟེ། ས་ལ་ལྷུངས་བའི་དཔྱིད་འགོའི་མེ་ཏོག་རྒྱལ་ཁབ་རྒུད་པའི་མིག་ཆུ་འདྲ། ཉིན་བཞིན་བྲི་བའི་མར་ངོའི་ཟླ་འདི་རྒྱལ་གཅེས་པ་ཡི་སེམས་དང་མཚུངས། །ཞེས་པ་དེ་གྱེར་འདོན་གནང་ནས། ཐུགས་ཀྱི་སྐྱོ་གདུང་མཚོན་པར་གནང་གི་ཡོད།
སྤྱི་ལོ་1943ལོར། ཅང་ཙེ་རྨིན་ནན་ཅིང་ཀྲུང་དབྱང་སློབ་གྲྭ་ཆེན་མོའི་གློག་འཕྲུལ་ཚན་ཁག་ཏུ་རྒྱུགས་འཕྲོད་ཅིང་། ཡར་ཐོན་སློབ་མའི་ལྗར་འགོག་རྒྱལ་གཅེས་བྱེད་སྒོར་ཞུགས། ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཅང་ཙེ་རྨིན་ཧྲང་ཧའེ་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གློག་འཕྲུལ་ཚན་ཁག་ཏུ་སློབ་སྦྱོང་ལ་ཕེབས། སྤྱི་ལོ་1946ལོའི་ཟླ་བ་4པར། ཅང་ཙེ་རྨིན་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པས། དེ་ནས་ཁོང་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་ཞིག་ཏུ་གྱུར། ཅང་ཙེ་རྨིན་ཏང་གི་གསང་བའི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། འཐབ་རྩོད་ཀྱི་གདུང་རྩེ་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གི་དབང་བསྒྱུར་ལ་གཏད་པའི་བཀྲེས་ལྟོགས་ལ་ངོ་རྒོལ་དང་། ནང་འཁྲུག་ལ་ངོ་རྒོལ། ཕམ་ཉེས་གཏོང་བར་ངོ་རྒོལ་བཅས་བྱེད་པའི་རྒྱལ་གཅེས་སློབ་མའི་ལས་འགུལ་ནང་ཞུགས་ཤིང་། གསར་བརྗེའི་བློ་མཐུན་ལ་འགེབ་སྲུང་མཛད།
སྤྱི་ལོ་1947ལོར། ཅང་ཙེ་རྨིན་ཧྲང་ཧའེ་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གློག་འཕྲུལ་ཚན་ཁག་ནས་མཐར་ཕྱིན་རྗེས། ཧྲང་ཧའེ་འབྲུ་རིགས་གྱོན་ཆས་ཚོད་ལྟའི་བཟོ་གྲྭར་ཕྱག་ལས་གནང་ནས། སྔ་རྗེས་སུ་བཟོ་སྐྲུན་པ་དང་། ལས་སྒོའི་ཁོའོ་ཀྲང་། གློག་དོན་བཟོ་ཁུལ་གྱི་ཀྲུའུ་རེན། སྒུལ་ཤུགས་འཁོར་ཁང་གི་ཀྲུའུ་རེན་སོགས་ཀྱི་འགན་བཞེས། དེའི་རིང་ཁོང་གིས་བཟོ་པ་མང་ཚོགས་ཚོ་དང་ལྷན་དུ་གཞོན་ནུ་ཚོགས་པའི་མཚན་མོའི་སློབ་གྲྭར་ཞུགས་མཁན་ལས་རིགས་གཞོན་ནུའི་ཁྲོད་གསར་བརྗེའི་དྲིལ་བསྒྲགས་ལས་དོན་སྒྲུབ་གནང་བ་དང་། སྤྱི་ལོ་1949ལོར་བཟོ་པ་མང་ཚོགས་སྒྲིག་འཛུགས་གནང་སྟེ་བཟོ་གྲྭ་སྲུང་སྐྱོབ་ཀྱི་བྱེད་སྒོ་སྤེལ་ནས། ཧྲང་ཧའེ་བཅིངས་འགྲོལ་གཏོང་རྒྱུར་བསུ་བ་ཞུས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཐོག་མའི་དུས་སུ། ཅང་ཙེ་རྨིན་གྱིས་སྔ་རྗེས་སུ་ཧྲང་ཧའེ་དམངས་ཕན་ཟས་རིགས་བཟོ་གྲྭ་དང་པོའི་འགོ་འཛིན་གཞོན་པ་དང་པོ་དང་། ཧྲང་ཧའེ་འདག་རྫས་བཟོ་གྲྭའི་འགོ་འཛིན་གཞོན་པ་དང་པོ། འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཧྲང་ཧའེ་ཇུས་འགོད་ཡན་ལག་ཅུས་གཉིས་པའི་གློག་ཆས་ཆེད་ལས་ཁོའོ་ཡི་ཁོའོ་ཀྲང་སོགས་ཀྱི་འགན་བཞེས། དམངས་ཕན་ཟས་རིགས་བཟོ་གྲྭར་བཞུགས་རིང་། ཁོང་གིས་འོད་སྣང་རྟགས་ཅན་གྱི་ཟས་རིགས་ཚོང་རྟགས་ཞིབ་བཟོ་དང་སྲོལ་འབྱེད་མཛད། ཨ་འགོག་ཁྲའོ་རོགས་ལ་རྒྱབ་སྐྱོར་གནང་ཆེད། ཁོང་གིས་ཆེད་མངགས་ཀྲུང་གོ་མི་དམངས་དང་བླངས་དམག་ལ་མཁོ་སྤྲོད་བྱ་རྒྱུའི་ལྕགས་ཀྲིན་ནང་གི་ཟས་རིགས་ཐོན་སྐྱེད་བྱ་རྒྱུ་སྒྲིག་འཛུགས་གནང་། ཇུས་འགོད་ཡན་ལག་ཅུས་གཉིས་པར་བཞུགས་རིང་། ཁོང་གིས་ཀྲུང་གོ་གསར་པའི་རྒྱལ་ཐོན་རླངས་འགུལ་གློག་འདོན་འཕྲུལ་ཆས་ཐོན་དང་པོ་དེའི་ཇུས་འགོད་ལས་དོན་གཙོ་སྐྱོང་གནང་བ་རེད།
སྤྱི་ལོ་1954ལོའི་ཟླ་བ་9པར། ཅང་ཙེ་རྨིན་གྱིས་ལས་སྒྱུར་དང་ལེན་གནང་ནས་ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོ་གསར་འཛུགས་བྱེད་པའི་ནང་ཞུགས། སྤྱི་ལོ་1955ལོའི་ཟླ་བ་4པར་མོ་སི་ཁོ་སི་ཏ་ལིན་རླངས་འཁོར་བཟོ་གྲྭ་རུ་དངོས་སྦྱོང་གནང་བར་ཕེབས། སྤྱི་ལོ་1956ལོའི་ཟླ་བ་5པར་རྒྱལ་ནང་དུ་ཕྱིར་ལོག་ཕེབས་རྗེས་ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོའི་སྒུལ་ཤུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། སྤྱི་ཁྱབ་སྒུལ་ཤུགས་དབུ་ཆེན་གཞོན་པ། སྒུལ་ཤུགས་ཡན་ལག་བཟོ་གྲྭའི་འགོ་འཛིན་སོགས་ཀྱི་འགན་བཞེས། སྤྱི་ལོ་1961ལོར། རྡོ་སོལ་མཁོ་སྤྲོད་མི་འདང་བས། ཅང་ཙེ་རྨིན་གྱིས་སྒུལ་ཤུགས་ཁྲོ་ཐབ་མ་བཅོས་རྡོ་སྣུམ་སྲེག་རྒྱུར་བསྒྱུར་བའི་ལས་གྲྭ་ཆེ་གྲས་ཀྱི་སྤྱི་ཁྱབ་བཀོད་འདོམས་པའི་འགན་བཞེས་པ་དང་། ལས་གྲྭ་ཡིད་བཞིན་ལེགས་གྲུབ་བྱུང་།
སྤྱི་ལོ་1962ལོར། ཅང་ཙེ་རྨིན་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཧྲང་ཧའེ་གློག་ཆས་ཚན་རིག་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པར་ལས་སྒྱུར་གནང་བ་དང་། ཚན་ཞིབ་ཁང་དེའི་ཚན་ཞིབ་འགོ་ཁྲིད་ཀྱི་ལས་ཀའི་འགན་བཞེས་ཤིང་། སྐབས་དེ་དུས་རྒྱལ་ཁབ་ལ་མྱུར་དུ་མཁོ་བའི་J02རྟགས་ཅན་གྱི་སྤེལ་རྒྱུག་གློག་སྒུལ་འཕྲུལ་ཆས་ཆུང་གྲས་ཀྱི་ཇུས་འགོད་ལས་འགན་ལེགས་སྒྲུབ་གནང་། སྤྱི་ལོ་1964ལོ་དང་སྤྱི་ལོ་1965ལོར། ཅང་ཙེ་རྨིན་གྱིས་སྔ་རྗེས་སུ་ཀྲུང་གོའི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པའི་ངོས་ནས་ལྗར་པན་དང་ཧྥ་རན་སིར་འཚོགས་པའི་རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་ལ་ཞུགས་པ་དང་། ཕྱི་རྒྱལ་གྱི་གློག་རླངས་ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཡོད།
སྤྱི་ལོ་1966ལོའི་ཟླ་བ་5པར། ཅང་ཙེ་རྨིན་ཝུའུ་ཧན་ཚ་ལས་འཕྲུལ་ཆས་ཞིབ་འཇུག་ཁང་གི་འགོ་འཛིན་དང་ཏང་ཨུད་ཧྲུའུ་ཅིའི་ལས་ཚབ་ཏུ་བསྐོས་པ་དང་། ཟླ་བ་9པར་ཏང་ཨུད་ཧྲུའུ་ཅིའི་འགན་བཞེས་ཤིང་། རྡུལ་ཕྲན་ནུས་པའི་གློག་འདོན་སྒྲིག་ཆས་ཇུས་འགོད་ཀྱི་ལས་དོན་སྒྲིག་འཛུགས་གནང་། “རིག་གནས་གསར་བརྗེ་ཆེན་པོ”འགོ་ཚུགས་རྗེས། ཅང་ཙེ་རྨིན་ལ་རྡུང་རྡེག་ཕོག སྤྱི་ལོ་1970ལོའི་ལོ་མཇུག་ཏུ། ཅང་ཙེ་རྨིན་འཕྲུལ་ཆས་བཟོ་ལས་པུའུ་དང་པོར་ལས་སྒྱུར་གནང་། སྤྱི་ལོ་1971ལོར་ཀྲུང་གོའི་འཕྲུལ་ཆས་བཟོ་ལས་པུའུ་དང་པོས་རོ་མ་ནི་ཡར་མངགས་གཏོང་བྱས་པའི་རིགས་གཅིག་མཁས་པའི་ཚོ་ཆུང་གི་སྤྱི་ཁྱབ་ཚོགས་གཙོའི་འགན་བཞེས་པ་དང་། ཀྲུང་གོས་རོགས་སྐྱོར་བྱས་པའི་བཟོ་གྲྭ་11གི་འཛུགས་སྐྲུན་ལས་དོན་གྱི་འགོ་ཁྲིད་ཀྱི་འགན་བཞེས། སྤྱི་ལོ་1973ལོར་རྒྱལ་ནང་དུ་ལོག་ཕེབས་རྗེས། ཅང་ཙེ་རྨིན་གྱིས་སྔ་རྗེས་སུ་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཕྱི་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཅུས་ཀྲང་གི་འགན་བཞེས། སྤྱི་ལོ་1973ལོ་དང་སྤྱི་ལོ་1974ལོར། ཅང་ཙེ་རྨིན་གྱིས་སྔ་རྗེས་སུ་ཀྲུང་གོའི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་ཚོགས་གཙོའི་འགན་བཞེས་ཏེ། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དང་རོ་མ་ནི་ཡར་འཚོགས་པའི་རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་ལ་ཞུགས། སྤྱི་ལོ་1976ལོར། ཅང་ཙེ་རྨིན་གྱིས་ཚོགས་པ་ཁྲིད་ནས་ཕ་ཁི་སི་ཐན་ལ་ཕེབས་ཏེ་ཀྲུང་གོས་བསྐྲུན་རོགས་བྱེད་པའི་བཟོ་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་། སྤྱི་ལོ་1978ལོར། ཅང་ཙེ་རྨིན་གྱིས་ཀྲུང་གོའི་འཕྲུལ་ཆས་བཟོ་ལས་འཐུས་མི་ཚོགས་པའི་དྲུང་ཡིག་ཆེ་མོའི་འགན་བཞེས་ཏེ། ཡོ་རོབ་གླིང་གི་རྒྱལ་ཁབ་དྲུག་ལ་འཚམས་འདྲིར་ཕེབས་པ་དང་། རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་ལག་རྩལ་ཆུ་ཚད་མགྱོགས་མྱུར་ངང་ཇེ་མཐོར་གཏོང་རྒྱུ་དང་། ཐོན་རྫས་གསར་སྒྱུར་དང་ཐོན་ལས་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་རྒྱུ། ལག་རྩལ་སྒྲིག་ཆས་ཆ་ཚང་འདོན་སྤྲོད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་རྒྱུ། འཕྲུལ་ཆས་ཐོན་རྫས་ཕྱིར་གཏོང་རྒྱ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་གནད་དོན་ལ་དགོངས་པ་ཟབ་མོ་བཞེས་ནས་ཐབས་ཇུས་དང་གྲོས་འགོ་བཏོན་གནང་ཡོད།
སྤྱི་ལོ་1978ལོའི་ཟླ་བ་12པར་འཚོགས་པའི་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲལ་རིམ་འཐབ་རྩོད་ཀྱིས་རྩ་གནད་བྱེད་པ་འཕྲལ་ཐག་ཆོད་པོས་མཇུག་རྫོགས་པར་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་ཀའི་འཐབ་ཇུས་ལ་འགྱུར་ལྡོག་བྱུང་ནས། བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པའི་སྒོ་མོ་ཕྱེ་ཞིང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་གཏིང་ཟབ་ལྡན་པའི་རླབས་ཆེན་གྱི་ཁ་ཕྱོགས་སྒྱུར་འགོ་ཚུགས་པ་རེད། སྤྱི་ལོ་1980ལོར། ཅང་ཙེ་རྨིན་གྱིས་རྒྱལ་ཁབ་ཕྱིར་གཏོང་ནང་འདྲེན་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་མ་འཇོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་དྲུང་ཡིག་ཆེ་མོ་གཅིག་ལྕོགས། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས་ཤིང་། ཕྱི་ཕྱོགས་ཉོ་ཚོང་རྒྱ་སྐྱེད་དང་། ཕྱི་རྒྱལ་གྱི་སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་ནང་འདྲེན། ཕྱི་རྒྱལ་གྱི་མ་དངུལ་བསྡུ་ལེན་དང་བེད་སྤྱོད་སོགས་ཐད་ཀྱི་སྲིད་ཇུས་གཏན་འབེབས་བྱེད་པའི་ནང་ཞུགས་པ་དང་དུས་མཚུངས་སུ། རྒྱལ་ཁབ་ཀྱིས་ཀོང་ཏུང་དང་ཧྥུ་ཅན་ཞིང་ཆེན་གཉིས་ལ་ལག་ལེན་བསྟར་བའི་དམིགས་བསལ་སྲིད་ཇུས་དང་བབ་བསྟུན་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱེད་པའི་ལས་དོན་གྱི་འགན་བཞེས་པ་དང་འབྲེལ། དཔལ་འབྱོར་དམིགས་བསལ་ཁུལ་གྲབས་འཛུགས་བྱེད་པའི་ལས་དོན་ནང་ཞུགས་ཡོད། དཔལ་འབྱོར་དམིགས་བསལ་ཁུལ་གསར་འཛུགས་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱིས་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བྱས་པའི་གསར་གཏོད་རླབས་ཆེན་ཞིག་ཡིན་ལ། སྔོན་ཆད་ཉམས་མྱོང་མེད་པ་དང་མགོ་ནས་འཚོལ་ཞིབ་བྱ་དགོས་པའི་བྱ་དངོས་གསར་པ་ཞིག་ཀྱང་རེད། སྤྱི་ལོ་1980ལོར། ཅང་ཙེ་རྨིན་གྱིས་སྔ་རྗེས་སུ་ཚོགས་པའི་སྣེ་ཁྲིད་ནས་ཐེ་ལན་དང་། སི་རི་ལན་ཁ། མ་ལེ་ཞི་ཡ། སིང་ཀ་ཕོར། ཧྥེ་ལི་ཕིན། ཤང་ཀང་། མོ་ཞི་ཁོ། ཨིར་ལན་སོགས་རྒྱལ་ཁབ་དང་ས་ཁུལ་ལ་རྟོག་ཞིབ་གནང་བར་ཕེབས་ནས། ཕྱིར་གཏོང་ལས་སྣོན་ཁུལ་དང་། རང་མོས་ཉོ་ཚོང་ཁུལ། མཐའ་མཚམས་དཔལ་འབྱོར་ཁུལ་བཅས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་བ་དང་། དེའི་ཁྲོད་ནས་ཀྲུང་གོར་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་རྒྱུའི་ཐད་དཔྱད་གཞིར་འཛིན་རིན་ཡོད་པའི་ཉམས་མྱོང་བསྡུ་ལེན་གནང་ཡོད། ལོ་དེའི་ཟླ་བ་8པར། ཅང་ཙེ་རྨིན་གྱིས་སྐབས་ལྔ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག་ཀོང་ཏུང་དང་ཧྥུ་ཅན་ཞིང་ཆེན་གཉིས་སུ་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་རྒྱུ་དང་།《ཀོང་ཏུང་ཞིང་ཆེན་གྱི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་སྲོལ་ཡིག》ལ་གསལ་བཤད་གནང་ནས། གྲོས་ཚོགས་ཐོག་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་དང་གྲོས་འཆམ་ཡོང་བ་བྱེད་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད།
སྤྱི་ལོ་1982ལོའི་ཟླ་5པར། ཅང་ཙེ་རྨིན་གྱིས་གློག་རྡུལ་བཟོ་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས། སྤྱི་ལོ་1983ལོར་པུའུ་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས། ཁོང་གིས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་ཟབ་ཞུགས་གནང་ཐོག་བརྟག་དཔྱད་ཞིབ་འཇུག་གནང་སྟེ། གློག་རྡུལ་བཟོ་ལས་ཀྱི་རྨང་གཞི་འདིང་བ་དང་། ཆུ་ཚད་མཐོ་རུ་གཏོང་བ། སྤུས་ཚད་ལེགས་སུ་གཏོང་བ། ཕན་འབྲས་ཐོན་ཐབས་བྱེད་པ། ལྡབ་འཕར་ཡོང་བ་བྱེད་པ། ལོ་བཅུས་ཚད་བརྒལ་ཡོང་བ་བྱ་རྒྱུ་བཅས་ཀྱི་འཕེལ་རྒྱས་བྱེད་ཕྱོགས་བཏོན་པ་དང་། གློག་རྡུལ་བཟོ་ལས་ཀྱི་གྲུབ་གཞི་ལེགས་སྒྲིག་དང་ལག་རྩལ་སྒྱུར་བཀོད་ཐད་སྒྲིག་འཛུགས་དང་འགོ་ཁྲིད་གནང་བ། འདུས་གྲུབ་གློག་ལམ་དང་། རྩིས་འཁོར། འཕྲིན་གཏོང་། དེ་བཞིན་མ་ལག་ཅན་གྱི་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་ཀྱི་ཚན་ཞིབ་གསར་སྤེལ་དང་ཐོན་སྐྱེད་ལས་ཀར་ཤུགས་སྣོན་བརྒྱབ་སྟེ། གློག་རྡུལ་བཟོ་ལས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྱོང་ལ་ཞབས་འདེགས་སྔར་ལས་ལྷག་པ་ཞུ་ཐུབ་པ་གནང་ཡོད། སྤྱི་ལོ་1982ལོའི་ཟླ་9པར། ཅང་ཙེ་རྨིན་ཀྲུང་གུང་ཚོགས་ཆེན་བཅུ་གཉིས་པའི་ཐོག་ཀྲུང་དབྱང་ཨུ་ཡོན་དུ་བདམས་ཐོན་བྱུང་།
སྤྱི་ལོ་1985ལོར། ཅང་ཙེ་རྨིན་གྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་སྤྱི་དང་ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས། སྤྱི་ལོ་1987ལོར་ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། ཁོང་གིས་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུའི་ལྟེ་བ་འདི་དམ་པོར་བཟུང་ནས་རྩ་བའི་རྩ་དོན་བཞི་མཐའ་འཁྱོངས་དང་བསྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་གནང་ཞིང་། དངོས་པོའི་ དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པར་མཐོང་ཧ་ཅང་ཆེན་པོ་གནང་བ། ཧྲང་ཧའེ་ཡི་བསྒྱུར་བཅོས་དང་གོང་འཕེལ་བརྟན་ལྷིང་བཅས་གསུམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་གནང་བ་རེད། ཁོང་གིས་ཧྲང་ཧའེ་ཡི་དཔལ་འབྱོར་གོང་འཕེལ་གྱི་འཆར་འགོད་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་འཆར་འགོད་བཟོ་བར་འགོ་ཁྲིད་གནང་སྟེ། དུས་རབས་20པའི་དུས་མཇུག་ཏུ་ཧྲང་ཧའེ་དེ་ཉིད་སྒོ་དབྱེ་ཅན་དང་། ནུས་མང་ཅན། ཐོན་ལས་གྲུབ་གཞི་ལུགས་མཐུན། ཚན་རིག་ལག་རྩལ་སྔོན་ཐོན་ཅན་བཅས་དང་། ཤེས་དཔལ་གྱི་ཆུ་ཚད་མཐོ་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱ་རྒྱུའི་འཕེལ་རྒྱས་བྱེད་ཕྱོགས་བཏོན་གནང་བ་རེད། ཁོང་གིས་ཕུའུ་ཏུང་གསར་སྤེལ་དང་སྒོ་མོ་འབྱེད་པར་རྒྱབ་སྐྱོར་ཧུར་ཐག་གནང་བ་དང་། ཕུའུ་ཏུང་དེ་ཉིད་རྒྱལ་སྤྱི་ཅན་དང་། ལྟེ་གནས་ཅན། དེང་རབས་ཅན་བཅས་ཀྱི་འཛམ་གླིང་རྩེར་སོན་གྱི་གྲོང་ཁྱེར་གསར་པ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས་པའི་ནན་སྟོན་གནང་ཡོད། ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་ཉན་རྒྱུ་དང་། ཕྱོགས་ཁག་གི་ཧུར་སེམས་སྐུལ་སློང་གང་ལེགས་བྱ་རྒྱུ། ཧྲང་ཧའེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་ཀྱི་ཆེད་དུ། ཁོང་གིས་དམངས་གཙོ་ཏང་ཤོག་གིས་ཟླ་བ་གཉིས་རེར་བཞུགས་མོལ་ཚོགས་འདུ་ཐེངས་རེ་འཚོགས་རྒྱུ་དང་། གསར་འགྱུར་ལས་རིགས་དང་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་ཟླ་བ་གཉིས་རེར་བཞུགས་མོལ་ཚོགས་འདུ་ཐེངས་རེ་འཚོགས་རྒྱུ་སོགས་ཀྱི་ལམ་ལུགས་འཛུགས་རྒྱུའི་གྲོས་འགོ་བཏོན་པ་རེད། ཁོང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་གནང་ནས། གལ་ཆེའི་ལས་གྲྭའི་ཐབས་ཇུས་ཐད་རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ་བྱེད་པའི་ལམ་ལུགས་བཙུགས་པ་རེད། ཧྲང་ཧའེ་ཡི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་བསྐྱེད་གཏོང་བའི་ཆེད་དུ། ཁོང་གིས་ཕན་ཚུན་རྒྱུས་ལོན་ཡོང་བ་བྱེད་པ་དང་། ཕན་ཚུན་ཡིད་ཆེས་བྱེད་པ། གཉིས་ཕན་གཉིས་ཁེ་ཡོང་བ་བྱེད་པ། རྒྱང་རིང་ལ་བསམ་གཞིགས་བྱེད་པ་བཅས་ཀྱི་ཕྱི་ཕྱོགས་བར་གྱི་དཔལ་འབྱོར་སྤེལ་རེས་འཕེལ་རྒྱས་གཏོང་བའི་རྩ་དོན་བཞི་བཏོན་གནང་ཡོད། ཁོང་གིས་འབོད་སྐུལ་གནང་བའི་འོག ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གིས་ལོ་རེར་ངེས་པར་དུ་མི་དམངས་ལ་དངོས་དོན་འགའ་སྒྲུབ་པའི་བྱ་ཐབས་སྤྱད་དེ། རྒྱ་ཆེའི་མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་ཐད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཧུར་ཐག་གནང་བ་དང་། མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་ཡོད། སྤྱི་ལོ་1987ལོའི་ཟླ་11པར། ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཏུ། ཅང་ཙེ་རྨིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དུ་བདམས་ཐོན་བྱུང་ཡོད། སྤྱི་ལོ་1989ལོའི་དཔྱིད་དབྱར་གཉིས་ཀྱི་བར་མཚམས་སུ་རང་རྒྱལ་དུ་ཆབ་སྲིད་ཀྱི་ཟིང་འཁྲུག་ཚབས་ཆེན་ལངས་པ་དང་། ཁོང་གིས་ཏང་ཀྲུང་དབྱང་གི་དར་ཆ་གསལ་བསྒྲེངས་ཀྱིས་ཟིང་འཁྲུག་ལ་ངོ་རྒོལ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་ལ་སྲུང་སྐྱོབ། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱ་རྒྱུའི་སྐོར་གྱི་ཡང་དག་པའི་ཐབས་ཇུས་ལ་བརྩི་བཀུར་དང་ལག་བསྟར་གནང་བ་དང་། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་དམ་པོར་བརྟེན་ནས་ཧྲང་ཧའེ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ནུས་ལྡན་གནང་བ་རེད།
སྤྱི་ལོ་1989ལོའི་ཟླ་6པར། ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག ཅང་ཙེ་རྨིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་ཡོད། ཚོགས་འདུའི་ཐོག་ཁོང་གིས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ལམ་ཕྱོགས་དང་གཞི་རྩའི་སྲིད་ཇུས་ལ་འགྱུར་བ་བྱུང་མེད་པས། ངེས་པར་དུ་མུ་མཐུད་ལག་ལེན་མཐར་ཕྱིན་བསྟར་དགོས། ཆེས་རྩ་བར་གྱུར་བའི་གནད་དོན་དེའི་ཐད་ངས་དོན་གནད་གཉིས་གསལ་པོར་བརྗོད་འདོད་པ། གཅིག་ནི་བློ་བརྟན་འགྱུར་མེད་དང་གཡོ་འགུལ་སྤུ་ཙམ་ཡང་གཏོང་རྒྱུ་མིན་པ་དང་། གཉིས་ནི་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་རྒྱུན་བསྲིངས་ལྷོད་མེད་བྱ་རྒྱུ་དེ་ཡིན་ཞེས་ཚིག་ཐག་ཆོད་པོས་བསྟན་གནང་ཡོད། ལོ་དེའི་ཟླ་11པར། ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཅང་ཙེ་རྨིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བསྐོ་གཞག་བྱ་རྒྱུའི་གཏན་འཁེལ་གནང་། སྤྱི་ལོ་1990ལོའི་ཟླ་3པར། སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཅང་ཙེ་རྨིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།
སྤྱི་ལོ་1992ལོའི་ཟླ་10པར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག ཅང་ཙེ་རྨིན་གྱིས་འགོ་བརྗོད་དུ《བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྒྱལ་ཁ་སྔར་ལས་ཆེ་བ་ཐོབ་པར་བྱ་དགོས》ཞེས་འཁོད་པའི་སྙན་ཞུ་གནང་བའི་ནང་། ཏེང་ཞའོ་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ནང་ཟིན་པའི་སློབ་སྟོན་གནས་བབ་གཏན་འཁེལ་བྱ་རྒྱུ་དང་། ཀྲུང་གོའི་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་རྒྱུ་དེ་ཡིན་པ་གཏན་འཁེལ་གནང་བ་དང་། གོ་སྐབས་དམ་འཛིན་དང་། གོང་འཕེལ་མྱུར་པོ། སེམས་ཤུགས་གཅིག་སྒྲིལ་བཅས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ཡག་པོ་བྱ་དགོས་པའི་ནན་སྟོན་གནང་ཡོད། ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག ཅང་ཙེ་རྨིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དང་། ཚང་འཛོམས་གྲོས་ཚོགས་ནས་ཅང་ཙེ་རྨིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་བྱས་པ་རེད། སྤྱི་ལོ་1993ལོའི་ཟླ་3པར། སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཅང་ཙེ་རྨིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།
སྤྱི་ལོ་1997ལོའི་ཟླ་9པར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཐོག ཅང་ཙེ་རྨིན་གྱིས་འགོ་བརྗོད་དུ《ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་སྒོ་ཀུན་ནས་དུས་རབས་ཉེར་གཅིག་པར་སྐུལ་སྤེལ་གཏོང་དགོས》ཞེས་འཁོད་པའི་སྙན་ཞུ་གནང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་མཛུབ་སྟོན་གྱི་དོན་སྙིང་གཙོ་གནད་དུ་བཟུང་ནས་རྒྱས་བཤད་གནང་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་རྩ་འཛིན་བཏོན་པ་དང་། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་ཞིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཤིག་ཡིན་པ་ཁ་གསལ་བཟོས་ཡོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་ནན་སྟོན་གནང་ཡོད་པ་དང་། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་བྱ་གཞག་དུས་རབས་ལས་བརྒལ་བའི་འཕེལ་རྒྱས་གཏོང་བའི་བརྗིད་ཆེའི་དམིགས་འབེན་ཁ་གསལ་བཟོས་ཡོད། ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག ཅང་ཙེ་རྨིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དང་། ཚང་འཛོམས་གྲོས་ཚོགས་ཐོག་ཅང་ཙེ་རྨིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་བྱས་པ་རེད། སྤྱི་ལོ་1998ལོའི་ཟླ་3པར། སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཅང་ཙེ་རྨིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།
སྤྱི་ལོ་2002ལོའི་ཟླ་11པར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཐོག ཅང་ཙེ་རྨིན་གྱིས་འགོ་བརྗོད་དུ《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་གཏོད་དགོས》ཞེས་པའི་སྙན་ཞུ་གནང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འབད་འཐབ་ཀྱི་དམིགས་འབེན་བཏོན་གནང་བ་དང་། ཕྱོགས་ཡོངས་ནས་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་ལག་བསྟར་མཐར་ཕྱིན་བྱེད་པའི་རྩ་བའི་བླང་བྱར་རྒྱས་བཤད་གནང་ཡོད། ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཅང་ཙེ་རྨིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་གནང་བ་རེད། སྤྱི་ལོ་2003ལོའི་ཟླ་3པར། སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག ཅང་ཙེ་རྨིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།
ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། ཅང་ཙེ་རྨིན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལག་ལེན་ལ་འགོ་ཁྲིད་གནང་སྐབས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན་བཅས་མཐའ་འཁྱོངས་གནང་སྟེ། གང་ཞིག་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པ། ཏང་ཅི་འདྲ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་པ། ཏང་འཛུགས་སྐྱོང་ཇི་ལྟར་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་གནང་བས། དེ་ལྟར་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྲུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ཡོད། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རྣམ་བཤད་རྒྱུན་འཁྱོངས་བྱས་ཡོད་ལ། འཛམ་གླིང་དང་ཀྲུང་གོའི་འཕེལ་རྒྱས་དང་འགྱུར་ལྡོག་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་ཡང་མཚོན་པར་བྱས་ཡོད། བསམ་བློ་དང་། ལྟ་བ། ཆོད་གཏམ་བཅས་གསར་པའི་ཐོག་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་དང་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད།
ཅང་ཙེ་རྨིན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་དང་བགྲོད་ལམ་གྱི་གནད་དོན་ཐད་དགོངས་པ་ཟབ་མོ་བཞེས་ནས། ངེས་པར་དུ་གོང་འཕེལ་དེ་ཉིད་ཏང་གིས་སྲིད་འཛིན་བྱེད་པ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ཏེ། རྒྱུན་ཆད་མེད་པར་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བཏོན་གནང་ཡོད། ཁོང་གིས། ཏང་ཡོངས་ཀྱི་ལས་ཀའི་གནས་བབས་ཆེན་པོ་ནི་གོ་སྐབས་དམ་འཛིན་དང་། བསྒྱུར་བཅོས་ཟབ་སྤེལ། སྒོ་དབྱེ་རྒྱ་སྐྱེད། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་མཐའ་འཁྱོངས་བཅས་བྱ་རྒྱུ་དེ་ཡིན་ཞིང་། འདི་ནི་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་བྱེད་ཕྱོགས་ཤིག་རེད། ཏང་གི་གཞི་རྩའི་ལམ་ཕྱོགས་ཀྱི་ནང་དོན་ཡོངས་རྫོགས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ལྟེ་གནད་འདི་དང་། རྩ་བའི་རྩ་དོན་བཞི་དང་བསྒྱུར་བཅོས་སྒོ་དབྱེའི་གཞི་རྩའི་གནད་གཉིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་དགོས་ཞེས་བཏོན་གནང་ཡོད། ཁོང་གིས། འཕེལ་རྒྱས་གཏོང་རྒྱུ་ནི་གནས་ལུགས་ངོ་མ་དེ་རེད། དེ་ནི་ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པའི་འཐབ་ཇུས་ཀྱི་བསམ་བློ་ཞིག་རེད། འབྱོར་ཕྱུག་ལྡན་པར་གྱུར་ཚེ་གཞི་ནས་བློ་སྟོབས་ཆེན་པོར་འགྱུར། རྗེས་ལུས་ཐེབས་ཚེ་ཉེས་རྡུང་ཕོག་ངེས་ཡིན། ང་ཚོའི་དཔལ་འབྱོར་སྟོབས་ཤུགས་དང་། རྒྱལ་སྲུང་སྟོབས་ཤུགས། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ན། རླུང་རླབས་ག་ཚོད་ཆེ་ན་ཡང་། ཉ་འཛིན་གྲུ་གཟིངས་བརྟན་པོར་གནས་ཞེས་པ་ལྟར་དུ་འགྱུར་ཐུབ་ཅེས་བསྟན་ཡོད། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་འཕྲད་པའི་གནས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ཚོར་སྣང་སྐྱེན་པོའི་སྒོ་ནས། གནས་བབས་ཧྲིལ་པོར་བལྟས་ན། དུས་རབས་21པའི་དུས་འགོའི་ལོ་ངོ་20ཡི་རིང་ནི། རང་རྒྱལ་ལ་མཚོན་ན་ངེས་པར་དུ་དམ་འཛིན་ནན་པོ་བྱེད་དགོས་མ་ཟད་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལྡན་པའི་དུས་ཤིག་ཡིན་པས། ངེས་པར་དུ་རང་འགུལ་གྱི་སྙིང་སྟོབས་དང་སེམས་ཁྲལ་གྱི་འདུ་ཤེས་ལྡན་དགོས་པ་དང་། གོ་སྐབས་དམ་འཛིན་བྱ་དགོས་པ་ལས་གོ་སྐབས་ཤོར་དུ་འཇུག་མི་རུང་ལ། གསར་གཏོད་ཡར་བརྩོན་བྱ་དགོས་པ་ལས་ལྟ་བ་རྙིང་པ་ཁྱེར་ནས་སྡོད་མི་རུང་བར། རྒྱལ་ཡོངས་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་གོང་འཕེལ་ཡོང་ཐབས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་མཐུན་སྦྱོར་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་ཞིག་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཞིག་ཀྱང་ཡིན་ཞེས་བསྟན་གནང་ཡོད། ཁོང་གིས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཁག་དང་། ང་ཚོས་སྒྲུབ་པའི་ལས་ཀ་ཐམས་ཅད་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་དགོས་མཁོ་དངོས་ལ་གཞིགས་དགོས་པ་དང་། དུས་མཚུངས་མི་དམངས་ཀྱི་བྱང་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཡང་གཞིགས་དགོས། དེའང་འབད་བརྩོན་ཆེན་པོས་མིའི་ཁྱོན་ཡོངས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། མིའི་ཁྱོན་ཡོངས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བ་ལེགས་སུ་གཏོང་རྒྱུའི་ཐད་ནས་བཤད་ན། ཕན་ཚུན་ནི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་ཞེས་བཏོན་གནང་ཡོད། ཁོང་གིས། བསྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་བར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱ་དགོས། བསྒྱུར་བཅོས་ནི་སྒུལ་ཤུགས་དང་། འཕེལ་རྒྱས་ནི་དམིགས་འབེན། བརྟན་ལྷིང་ནི་སྔོན་འགྲོའི་ཆ་རྐྱེན་བཅས་ཡིན་པས། བསྒྱུར་བཅོས་བྱེད་ཤུགས་དང་། འཕེལ་རྒྱས་ཀྱི་མྱུར་ཚད། སྤྱི་ཚོགས་ཀྱི་ཐེག་ཚད་བཅས་གཅིག་གྱུར་ཡོང་བ་བྱེད་པ་དང་། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱ་རྒྱུ་དེ་བསྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པའི་འབྲེལ་གནས་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྤྱི་ཚོགས་བརྟན་ལྷིང་ཁྲོད་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བསྒྱུར་བཅོས་དང་འཕེལ་རྒྱས་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཅང་ཙེ་རྨིན་གྱིས་དུས་རབས་ཉེར་གཅིག་པའི་ཐོག་མའི་ལོ་ཉི་ཤུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དུས་རིམ་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དུས་རིམ་དང་འཕེལ་རྒྱས་འཐབ་ཇུས་ཕུན་སུམ་ཚོགས་སུ་དང་གོང་འཕེལ་གཏོང་བ་ཞིག་ཡིན་པས། རང་རྒྱལ་གྱི་གནས་ཚུལ་དང་མཐུན་ལ། མི་དམངས་ཀྱི་རེ་འདོད་དང་ཡང་མཐུན་པས། ཆེས་རྒྱ་ཆེ་ཞིང་ནུས་ལྡན་སྒོ་ནས་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པར་ཕན་ཐོགས་ཡོད་ཅེས་བཏོན་གནང་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པར་ཅང་ཙེ་རྨིན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། གོམ་སྟབས་གསུམ་པའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་ཐད་སྔོན་མཐོང་རང་བཞིན་གྱི་འཐབ་ཇུས་ཀྱི་དགོངས་པ་བཞེས་གནང་ཡོད། ཁོང་གིས་ཀྲུང་གུང་ཚོགས་ཆེན་བཅོ་ལྔ་པའི་སྙན་ཞུའི་ནང་གོམ་སྟབས་གསུམ་པའི་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུའི་འཆར་གཞི་ཐོག་མའི་ཆ་ནས་བཀོད་པ་དང་། དུས་རབས་ཕྱི་མར་རྒྱང་ལྟ་བྱས་ཚེ་ང་ཚོའི་དམིགས་འབེན་ནི་ལོ་བཅུ་དང་པོའི་ནང་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དེ་སྤྱི་ལོ་2000ལོ་ལས་ལྡབ་གཅིག་འཕར་བ་བྱས་ཏེ་མི་དམངས་ཀྱི་འབྱོར་འབྲིང་འཚོ་བ་སྔར་བས་ཕྱུག་པོར་འགྱུར་བ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་ཅུང་འཐུས་སྒོ་ཚང་བར་འགྱུར་བ་བྱ་རྒྱུ། དེ་ནས་མུ་མཐུད་ལོ་བཅུ་འབད་བརྩོན་བྱས་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་སྐབས་སུ་རྒྱལ་དམངས་དཔལ་འབྱོར་སྔར་ལས་འཕེལ་རྒྱས་ཆེ་བ་དང་། ལམ་ལུགས་ཁག་སྔར་ལས་འཐུས་ཚང་ཡོང་བ་བྱ་རྒྱུ། དུས་རབས་འདིའི་དུས་དཀྱིལ་ཏེ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་མཚམས་སུ་གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱས་ཏེ། འབྱོར་ཕྱུག་དང་དམངས་གཙོ་ཤེས་དཔལ་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་ཚར་བ་བྱ་དགོས་ཞེས་བསྟན་ཡོད། ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དུས་རབས་གསར་པ་འགོ་ཚུགས་པ་ནས་བཟུང་། རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་རེད་ཅེས་གོམ་གང་མདུན་སྤོས་ཀྱིས་བཏོན་ཡོད། ཀྲུང་གུང་གི་ཚོགས་ཆེན་བཅུ་དྲུག་པའི་ཐོག ཁོང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ང་ཚོས་དུས་རབས་འདིའི་དུས་འགོའི་ལོ་ངོ་ཉི་ཤུ་ཡི་ནང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མི་འབོར་དུང་ཕྱུར་བཅུ་གྲངས་ལ་ཕན་པའི་ཆུ་ཚད་སྔར་ལས་མཐོ་བའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱས་ཏེ་དཔལ་འབྱོར་དེ་བས་འཕེལ་རྒྱས་དང་། དམངས་གཙོ་དེ་བས་འཐུས་ཚང་། ཚན་སློབ་དེ་བས་ཡར་ཐོན། རིག་གནས་དེ་བས་དར་རྒྱས། སྤྱི་ཚོགས་དེ་བས་ཞི་མཐུན། མི་དམངས་ཀྱི་འཚོ་བ་དེ་བས་ཕྱུག་འགྱུར་བཅས་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། འདི་ནི་དེང་རབས་ཅན་འཛུགས་སྐྲུན་ཐུབ་པ་བྱེད་པའི་གོམ་སྟབས་གསུམ་པའི་འཐབ་ཇུས་དམིགས་འབེན་གྱིས་ངེས་པར་དུ་བརྒྱུད་དགོས་པའི་སྔ་འཛིན་ཕྱི་མཐུད་ཀྱི་འཕེལ་རྒྱས་དུས་རིམ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་འགག་རྩའི་དུས་རིམ་ཞིག་ཀྱང་ཡིན་ཞེས་ནན་སྟོན་གནང་ཡོད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལས་འགན་ཐད་ཅང་ཙེ་རྨིན་གྱིས་ངེས་པར་དུ་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། འདི་ནི་ཏང་གིས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་ལངས་རྒྱུ་དང་། སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པའི་རྩ་བའི་མངོན་ཚུལ་དང་རྩ་བའི་བླང་བྱ་ཡིན་ཞེས་བཏོན་གནང་བ་དང་། ཁོང་གིས་མི་ནི་ཐོན་སྐྱེད་ནུས་ཤུགས་ཁྲོད་ཐག་གཅོད་རང་བཞིན་ཆེ་ཤོས་ལྡན་པའི་སྟོབས་ཤུགས་ཤིག་ཡིན་པ་དང་། ཤེས་ཡོན་ཅན་ཚུད་པའི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ཞིང་པ་ནི་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་རྩ་བའི་སྟོབས་ཤུགས་ཤིག་ཡིན། སྤྱི་ཚོགས་འཕོ་འགྱུར་བྱུང་བའི་ཁྲོད་ཐོན་པའི་དམངས་གཉེར་ཚན་རྩལ་ཁེ་ལས་ཀྱི་ལས་གཏོད་མི་སྣ་དང་ལག་རྩལ་མི་སྣ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་སུ་གདན་ཞུ་བྱས་པའི་དོ་དམ་ལག་རྩལ་མི་སྣ། སྒེར་གཉེར་ཚོང་དུད། སྒེར་གཉེར་ཁེ་ལས་ཀྱི་བདག་པོ། བར་ཁེའི་རྩ་འཛུགས་ཀྱི་ལས་གཉེར་མི་སྣ། རང་མོས་ལས་རིགས་གཉེར་མཁན་སོགས་སྤྱི་ཚོགས་ཀྱི་རིམ་གྲས་ཚང་མ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཡིན་ཞེས་ནན་སྟོན་གནང་ཡོད། ཁོང་གིས་ཤེས་ལྡན་མི་སྣའི་ཐོན་ཁུངས་ནི་ཐོན་ཁུངས་ཨང་དང་པོ་ཡིན་པས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས་དང་ཤེས་ལྡན་མི་སྣའི་སྤྱི་ཡོངས་ཀྱི་དགོས་མཁོར་དམིགས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཤེས་ལྡན་མི་སྣ་ཡིད་འགུག ཤེས་ལྡན་མི་སྣ་བེད་སྤྱོད་གང་ལེགས་བྱེད་པ་བཅས་ཀྱི་ལྷུ་ཚིགས་གསུམ་ལ་དམ་འཛིན་བྱས་ནས་ཤེས་ལྡན་མི་སྣའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས་ཞེས་བཏོན་གནང་ཡོད། ཁོང་གིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཁྲོད་ཚན་རིག་ལག་རྩལ་གྱིས་ཐོན་པའི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ང་ཚོས་གནས་ལུགས་ཤིག་བློ་ལ་བརྟན་པོར་ངེས་དགོས་པ་དེ་ནི་ཚན་རྩལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡོང་མི་སྲིད་ཅེས་ནན་སྟོན་གནང་བ་དེ་རེད། ཁོང་གིས་ཤེས་བྱ་གསར་གཏོད་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཀྱི་ཤེས་བྱའི་གསར་གཏོད་མ་ལག་འཛུགས་པ། རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ལག་རྩལ་འཕེལ་རྒྱས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བཅས་བྱེད་དགོས་ཞེས་བཏོན་གནང་ཡོད། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་འབྲེལ་བ་དང་སྟེང་གི་བཀོད་པ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་ཆེད་དེ་བས་རྒྱ་ཆེ་བའི་འགྲོ་ལམ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཅང་ཙེ་རྨིན་གྱིས་ལག་ལེན་གསར་པ་དང་ཟུང་འབྲེལ་གནང་ནས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་བསྒྱུར་བཅོས་ཐད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་སྔར་བས་གཏིང་ཟབ་ཏུ་བཏང་ཡོད། ཁོང་གིས། སུའུ་ལེན་སིལ་བུར་འཐོར་བ་དང་། ཡོ་རོབ་ཤར་མར་འགྱུར་ལྡོག་དྲག་པོ་བྱུང་བའི་བསླབ་བྱ། དེ་བཞིན་ང་ཚོར་རིག་གནས་གསར་བརྗེ་ཆེན་མོ་ལྟ་བུའི་ཀྱག་ཀྱོག་ཚབས་ཆེན་བྱུང་བའི་བསླབ་བྱར་ནན་ཏན་གྱིས་ཕྱོགས་སྡོམ་བྱེད་པ་དང་། དེ་ཚོའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་ཚེ་ཆོད་སྡོམ་གཉིས་འཇོག་ཐུབ་པ་སྟེ། གཅིག་ནི་ངེས་པར་དུ་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནི་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ལ་བསྒྱུར་བཅོས་བྱས་ནས། རང་རྒྱལ་ཁབ་ཀྱི་དངོས་ཡོད་དང་འཚམས་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས་པ་དེ་ཡིན་ཞེས་བསྟན་ཡོད། ཁོང་གིས། གསར་གཏོད་ནི་མི་རིགས་ཤིག་ཡར་ཐོན་ཡོང་བ་བྱེད་པའི་བླ་སྲོག་ཡིན་ལ། རྒྱལ་ཁབ་ཅིག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་སྒུལ་ཤུགས་འཛད་མཐའ་མེད་པ་ཞིག་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཕྱོགས་སོ་སོའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། བསྒྱུར་བཅོས་བྱེད་སྐབས་དོན་དངོས་གཞིར་འཛིན་པ་དང་། ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། གཙོ་གནད་འགག་སྒྲོལ་ཐུབ་པ་བྱེད་པ། གོམ་པ་རིམ་བགྲོད་ཀྱིས་སྐུལ་འདེད་གཏོང་བ། ལམ་ལུགས་འཛུགས་སྐྱོང་དང་གསར་གཏོད་ལ་དོ་སྣང་བྱེད་དགོས་པ་བཅས་ཀྱི་ནན་སྟོན་གནང་ཡོད། དུས་རབས་20པའི་ལོ་རབས་90པར། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་མིས་རིགས་པའི་གཞུང་ལུགས་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། དུས་བསྟུན་མདུན་སྐྱོད་ཀྱི་སྙིང་སྟོབས་ཆེན་པོའི་ཐོག་ནས། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་ཡི་བསྒྱུར་བཅོས་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་གནང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་པ་དང་། དབང་བའི་ལམ་ལུགས་སྣེ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་པ་དང་། བགོ་བཤའ་རྒྱག་སྟངས་སྣེ་མང་མཉམ་དུ་གནས་པའི་བགོ་བཤའི་ལམ་ལུགས་གཏན་འཁེལ་གནང་ནས། ཁྱོན་ཡོངས་བསྒྱུར་བཅོས་སྒོ་དབྱེའི་གནས་སྟངས་གསར་པ་བཏོད་ཡོད།
སྤྱི་ལོ་1992ལོའི་ཟླ་6པར། ཁོང་གིས་ཚད་མཐོའི་གཅིག་སྡུད་ཀྱི་འཆར་ལྡན་དཔལ་འབྱོར་སྒྲིག་གཞིར་རྩ་བའི་རང་བཞིན་གྱི་བསྒྱུར་བཅོས་བྱེད་དགོས་ངེས་ཡིན་པ་དང་། དེ་ལྟར་མ་བྱས་ཚེ་རང་རྒྱལ་གྱི་དེང་རབས་ཅན་མངོན་འགྱུར་ཡོང་ཐབས་བྲལ་ཞེས་བཏོན་པ་དང་། ཏིང་ཞའོ་ཕིང་གི་ལྷོ་ཕྱོགས་བཀའ་མོལ་གྱི་དགོངས་པ་གཞིར་བཟུང་། ཁོང་གིས་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་ཞེས་པའི་བརྗོད་སྟངས་དེ་བེད་སྤྱོད་བྱ་རྒྱུའི་སྐོར་གསལ་པོར་བཏོན་ནས། ཀྲུང་གུང་ཚོགས་ཆེན་བཅུ་བཞི་པ་འཚོགས་རྒྱུར་གལ་འགངས་ཆེ་བའི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག་བྱས་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་བཞི་པས་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་རྒྱུ་དེ་ཀྲུང་གོའི་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་དམིགས་ཡུལ་དུ་དངོས་སུ་གཏན་འཁེལ་བྱས་པ་རེད། ཀྲུང་གུང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བའི《སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་རྒྱུའི་གནད་དོན་འགའི་སྐོར་གྱི་ཆོད་དོན》ནང་། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་རྒྱུའི་སྤྱི་ཡོངས་འཆར་འགོད་གཏན་འབེབས་བྱས་པ་རེད། དུས་རབས་20པའི་དུས་མཇུག་ཏུ་སླེབས་དུས། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིའི་གཞི་རྩའི་སྒྲོམ་གཞི་ཐོག་མའི་ཆ་ནས་བཙུགས་ཚར་བ་རེད།
ཅང་ཙེ་རྨིན་གྱིས། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་པ་དང་། དབང་བའི་ལམ་ལུགས་སྣེ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་ནི། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཤིག་ཡིན། སྤྱི་ལ་དབང་བའི་ལམ་ལུགས་མངོན་འགྱུར་ཡོང་བ་བྱེད་པའི་རྣམ་པ་སྣེ་མང་ཅན་ཡིན་ཆོག་པ་མ་ཟད་ཡིན་དགོས་ངེས་ཀྱང་ཡིན། མ་རྐང་ལམ་ལུགས་ནི་དེང་རབས་ཁེ་ལས་ཀྱི་མ་རྩ་གོ་སྒྲིག་བྱེད་སྟངས་ཤིག་ཡིན་པ་དང་། དེ་མ་རྩ་རིང་ལུགས་ཀྱིས་སྤྱད་ཆོག་ལ་སྤྱི་ཚོགས་རིང་ལུགས་ཀྱིས་ཀྱང་སྤྱད་ཆོག ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་གོང་འཕེལ་གཏོང་བ་དང་། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་དགོས་པ་བསྟན་ཡོད། ཁོང་གིས། གཞུང་ཁོངས་རྒྱུ་ནོར་དོ་དམ་སྒྲིག་གཞིའི་བསྒྱུར་བཅོས་ནི་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ལ་དབང་བ་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བྱ་དགོས་པའི་ནན་སྟོན་གནང་ཡོད། ཁོང་གིས། གཞུང་ཁོངས་ཁེ་ལས་ནི་རང་རྒྱལ་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་ཡིན་པ་དང་། གཞུང་ཁོངས་ཁེ་ལས་ལ་བསྒྱུར་བཅོས་བྱ་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་ལྟེ་བའི་ལྷུ་ཚིགས་ཡིན་པས། གཞུང་ཁོངས་དཔལ་འབྱོར་ཧྲིལ་པོ་ལེགས་པོ་གཉེར་རྒྱུར་དམིགས་ནས། ཆེ་གྲས་ལ་དམ་འཛིན་དང་། ཆུང་གྲས་འཁྲུག་པོར་གཏོང་བ། གཞུང་ཁོངས་ཁེ་ལས་ལ་འཐབ་ཇུས་རང་བཞིན་གྱི་བསྐྱར་སྒྲིག་བྱེད་དགོས་པ་བཅས་བསྟན་ཡོད། ཁོང་གིས། དེང་རབས་ཁེ་ལས་ལམ་ལུགས་འཛུགས་རྒྱུ་ནི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་པའི་ཁ་ཕྱོགས་ཡིན་པས། ཐོན་དབང་ཁ་གསལ་དང་། འགན་དབང་ཁ་གསལ། སྲིད་ཁེ་ལོགས་འབྱེད། དོ་དམ་ཚན་རིག་དང་མཐུན་པ་བཅས་ཀྱི་བླང་བྱ་ལྟར། གཞུང་ཁོངས་ཁེ་ལས་ཆེ་གྲས་དང་འབྲིང་གྲས་ལ་ཚད་ལྡན་ཅན་གྱི་ཀུང་སིའི་ལམ་ལུགས་བསྒྱུར་བཅོས་ལག་བསྟར་བྱས་ནས། ཁེ་ལས་ཉིད་ཁྲོམ་ར་དང་འཚམས་པའི་ཁྲིམས་མིའི་དངོས་གཟུགས་དང་འགྲན་རྩོད་གཙོ་གཟུགས་སུ་འགྱུར་བར་བྱེད་དགོས་ཞེས་བསྟན་ཡོད། ཁོང་གིས། ཁྲོམ་རའི་ནང་རྐྱེན་ནུས་པ་འདོན་སྤེལ་གང་ལེགས་དང་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ་ཚང་མ་ནི། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་པའི་གཞི་རྩའི་བླང་བྱ་ཡིན་པས། སྤྱི་ཁོག་སྙོམས་སྒྲིག་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩ་དང་ནོར་སྲིད། འཆར་འགོད་སྒྲིག་གཞི་བཅས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཐབས་དང་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་བ། འོས་འཚམས་ངང་དམ་དུ་གཏོང་བའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་ལག་བསྟར། སྙོམས་སྒྲིག་བྱེད་ཤུགས་ཐད་སྟངས་འཛིན་བྱ་རྒྱུར་དོ་སྣང་བཅས་བྱ་དགོས་ཞེས་བཏོན་ཡོད། ཁོང་གིས། བགོ་བཤའི་འབྲེལ་བ་གསེད་འགྲོལ་བྱ་རྒྱུ་དེ་རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩར་ཐུག་པ་དང་ཧུར་སེམས་འདོན་སྤེལ་དང་འབྲེལ་བ་ཡོད་པས། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་པ་དང་། བགོ་བཤའ་རྒྱག་སྟངས་སྣེ་མང་མཉམ་དུ་གནས་པའི་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ། ནུས་ཆོད་སྔོན་འགྲོར་འཛིན་པ་དང་། དྲང་གཞག་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་དང་མཐུན་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་ཤོར་འགན་བཅོལ་ལམ་ལུགས་དང་གྲོང་ཁྱེར་གྱི་གྲོང་མིའི་མ་མཐའི་འཚོ་རྟེན་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་རྒན་གསོ་དང་། སྨན་བཅོས་འགན་བཅོལ། མ་མཐའི་འཚོ་རྟེན་འགན་སྲུང་བཅས་ཀྱི་ལམ་ལུགས་འཚོལ་ཞིབ་དང་འཛུགས་དགོས་པའི་ནན་སྟོན་གནང་ཡོད།