ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་སྨན་ཁང་དུ་ཕེབས་ཏེ་བློ་མཐུན་ཅང་ཙེ་རྨིན་ལ་ཞལ་གྱེས་ཞུས་པ་མ་ཟད་སྐུ་ཕུང་པ་པའོ་ཧྲན་དུ་ཞུགས་འབུལ་ཞུ་བར་སྲུང་སྐྱེལ་ཞུས་པ།
རང་རེའི་ཏང་དང་རང་རེའི་དམག རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀུན་གྱིས་ཁས་ལེན་ཞུ་བའི་བླ་མེད་སྙན་གྲགས་ལྡན་པའི་འགོ་ཁྲིད་པ་ཁྱད་འཕགས་ཅན། རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཚོད་བགམ་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཏང་གི་མི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྲོག་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་སྲོལ་གཏོད་པ་གཙོ་བོ་བཅས་ཡིན་པའི་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཕུང་སྤྱི་ཚེས་5ཉིན་པེ་ཅིང་དུ་ཞུགས་འབུལ་ཞུས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་དུ་ཕེབས་ནས་བློ་མཐུན་ཅང་ཙེ་རྨིན་ལ་མཐའ་མའི་ཞལ་གྱེས་ཞུས་གནང་བ་མ་ཟད་བློ་མཐུན་ཅང་ཙེ་རྨིན་གི་སྐུ་ཕུང་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་ཞུ་བར་སྲུང་སྐྱེལ་ཞུས་པ་རེད། ཧུའུ་ཅིན་ཐའོ་ཡང་སྨན་ཁང་དུ་ཕེབས་ནས་བློ་མཐུན་ཅང་ཙེ་རྨིན་ལ་མཐའ་མའི་ཞལ་གྱེས་ཞུས་པ་རེད།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་ཞལ་གྱེས་ཁང་དུ་སྒམ་བརླིང་གི་རྣམ་པས་ཁེངས།བྲང་ཁར་བཏགས་པའི་མེ་ཏོག་དཀར་པོ་དང་། དཔུང་པར་བཏགས་པའི་དཔུང་རྟགས་ནག་པོས་མི་རྣམས་ནས་མྱ་ངན་ཟབ་མོ་ཞུ་ལུགས་མཚོན་པར་བྱས། ཞལ་གྱེས་ཁང་གི་ཐོད་དུ་གཞི་ནག་པོའི་ཐོག་ཡི་གེ་དཀར་པོ་འཁོད་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་དང་། དེའི་སྟེང་དུ་བློ་མཐུན་ཅང་ཙེ་རྨིན་ཇི་སྲིད་བར་མི་ནུབ་པར་གྱུར་ཅིག་ཅེས་བྲིས་ཡོད། འཕྲེད་འགེལ་སྦྱར་ཡིག་འོག་གི་དཀྱིལ་དབུས་སུ་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་པར་ཚོན་ཁྲ་ཅན་ཆེན་པོ་ཞིག་བསྒྲིགས་ཡོད། བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཕུང་མེ་ཏོག་གི་ཁྲོད་དུ་བཞུགས་སུ་གསོལ་ཡོད་ཅིང་། སྐུ་ལུས་ཐོག་ཏུ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད། གུས་ལུགས་དམག་མི་བཞིས་མེ་མདའ་འཁྱེར་ནས་གཞོགས་གཉིས་སུ་ཀྲོང་ངེར་ལངས་ཡོད། བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཕུང་མདུན་དུ་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཟླ་ཝང་ཡེ་ཕིང་གིས་ཁྱིམ་མི་ཡོངས་ཀྱི་སྣེ་ཁྲིད་ནས་ཕུལ་བའི་མེ་ཏོག་སི་ར་བཞག་ཡོད་ཅིང་། མེ་ཏོག་སི་རའི་སྟེང་གི་དཔྱང་དར་ཐོག ཁྱེད་ཉིད་དུས་ནམ་ཡང་ང་ཚོའི་སེམས་དབུས་སུ་གནས་ཞེས་བྲིས་ཡོད། ཞལ་གྱེས་ཁང་ནང་བློ་མཐུན་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་བཅས་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད། དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་ཁག རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་བཅས་ཀྱིས་ཕུལ་བའི་མེ་ཏོག་ཕྲེང་བ་བསྒྲིགས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་10པར། སྐྱོ་སྣང་ལྡན་པའི་མྱ་ངན་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་ཀྱིས་མེ་ཏོག་དཀར་པོ་དང་དཔུང་རྟགས་ནག་པོ་བཏགས་ནས་ག་ལེར་ཞལ་གྱེས་ཁང་དུ་ཕེབས་པ་དང་། བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཕུང་མདུན་དུ་ཀྲོང་ངེར་བཞེངས། ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་ནས། བློ་མཐུན་ཅང་ཙེ་རྨིན་ལ་བླ་ན་མེད་པའི་གུས་འདུད་དང་རྗེས་དྲན་ཟབ་མོ་ཞུ་ལུགས་མཚོན་པར་གནང་། དེ་རྗེས་ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཟླ་ཝང་ཡེ་ཕིང་དང་གཉེན་ཉེར་རྣམ་པར་དག་པའི་འཚམས་འདྲི་ཞུས།
ཆུ་ཚོད་10དང་སྐར་མ་20ཡི་ཐོག གུས་དམག་8ཀྱིས་གདུང་སྒམ་བཀྱགས་ནས་མྱ་ངན་རོལ་དབྱངས་ཁྲོད་ཞལ་གྱེས་ཁང་ནས་དལ་གྱིས་ཕྱིར་ཐོན། ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཕུང་གདུང་འཁོར་བར་སྲུང་སྐྱེལ་ཞུས།
ཆུ་ཚོད་10དང་སྐར་མ་30ཡི་ཐོག ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་དང་། འདས་མཆོད་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཁོངས་མི་དང་བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེ་བཅས་ཀྱི་སྲུང་སྐྱེལ་འོག་གདུང་འཁོར་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་དལ་གྱིས་བསྐྱོད། གདུང་འཁོར་ཁ་ལོ་སྒྱུར་མ་ཐག དེ་གར་སྐྱེལ་མ་ཞུ་བར་ཕེབས་པའི་བློ་མཐུན་རྣམས་ནས་གདུང་སེམས་ཆེན་པོས་བློ་མཐུན་ཅང་ཙེ་རྨིན་གྱི་གདུང་འཁོར་ལ་སྤྱན་གཟིགས་སྐྱེལ་མ་མཛད།
སྲང་ལམ་རིང་པོ་ཁ་ཁུ་སིམ། མི་རྣམས་གདུང་བས་ཤིན་ཏུ་མནར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་ནས་པ་པའོ་ཧྲན་བར་དུ་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་གཅིག་རྗེས་གཉིས་མཐུད་དུ་ལམ་རྒྱུད་ཀྱི་གཞོགས་གཉིས་སུ་བཅར་ནས་གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་རྨིན་ལ་སྐྱེལ་མ་དང་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཟབ་མོ་ཞུ་ལུགས་མཚོན་པར་བྱས།
སྔ་དྲོའི་ཆུ་ཚོད་10དང་སྐར་མ་50ཡི་ཐོག གདུང་འཁོར་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་བསྐྱོད་ཅིང་། ཚོགས་ཁང་ཆེན་མོའི་ནང་ཞི་ཅིན་ཕིང་སོགས་དང་བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེ་ཡིས་བློ་མཐུན་ཅང་ཙེ་རྨིན་ལ་མཐའ་མའི་ཞལ་གྱེས་ཞུས།
དེ་རིང་སྨན་ཁང་དུ་བློ་མཐུན་ཅང་ཙེ་རྨིན་ལ་སྐྱེལ་མ་ཞུ་བར་བཅར་བའི་གྲས་སུ་ད་དུང་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་གྲས། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་ཅང་ཙེ་རྨིན་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་སོགས་ཡོད།