བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ།
ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་བཅས་མྱ་ངན་ཞུ་བའི་ཚོགས་ཆེན་ལ་ཞུགས་པ། ཚའེ་ཆི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ།
ཟླ་12ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་ཚོགས་ཆེན་ཐོག་མྱ་ངན་ཞུ་ཚིག་སྒྲོན་བཞིན་པ།
ཟླ་12ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོགས་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། རང་རེའི་ཏང་དང་། རང་རེའི་དམག རང་རྒྱལ་མི་རིགས་ཁག་གི་མི་དམངས་བཅས་ཀུན་གྱིས་ཁས་ལེན་པའི་དབང་གྲགས་ཆེ་བའི་འགོ་ཁྲིད་ཁྱད་དུ་འཕགས་པ་ཞིག་དང་། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཕུལ་བྱུང་འགོ་ཁྲིད་པ། ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་སྲོག་ཤིང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་གཏོད་གནང་མཁན་གཙོ་བོ་བཅས་ཡིན་པའི་བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སེམས་སྡུག་ཚད་མེད་བྱུང་ཡོད། ཚེས་6ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཚོགས་ཆེན་ལ་ཞུགས་པ་རེད། ཚོགས་ཆེན་རྒྱལ་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་དང་གསར་འགྱུར་དྲ་ཚིགས་བརྒྱུད་ཐད་གཏོང་བྱས་ཤིང་། རྒྱལ་ཡོངས་ཀྱི་གོང་འོག་ཚང་མ་དང་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཅང་ཙེ་མིན་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་ཚོགས་ཆེན་ཐོག་མྱ་ངན་ཞུ་ཚིག་སྒྲོན་སྐབས། ང་ཚོས་བློ་མཐུན་ཅང་ཙེ་མིན་ལ་གུས་བཀུར་དང་དྲན་གསོ་ཞུ་དོན་ནི་ཁོང་གིས་སྐུ་ཚེ་གང་པོའི་ཐུགས་ནུས་ཡོད་ཚད་ཀྲུང་གོ་མི་དམངས་ལ་ཕུལ་ནས། མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་སྐུ་ཚེ་གང་པོར་ཐུགས་ནུས་ཡོད་རྒུས་འབད་འཐབ་གནང་བས་རེད། ལྷག་པར་དུ་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ལོ་13རིང་། ཏང་དང་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་འདི་དག་ནི་བློ་མཐུན་ཅང་ཙེ་མིན་གྱི་ཐུགས་དཀྱེལ་ཆེ་ཞིང་ཇུས་ལ་མཁས་པ་དང་། འགག་རྩའི་ནུས་པ་འདོན་སྤེལ་གནང་བ། ཆབ་སྲིད་འགོ་ཁྲིད་ཀྱི་འཇོན་ཐང་རྩེར་སོན་པ་བཅས་དང་ཁ་འབྲལ་ཐབས་མེད། བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་མི་དམངས་ཀྱི་ཆེད་དུ་ཉམས་པ་མེད་པའི་མཛད་རྗེས་བཞག་གནང་བར་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སྙིང་དབུས་ནས་གུས་བཀུར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད།
དེ་རིང་རྒྱལ་ཡོངས་ཀྱིས་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུས་པ་དང་སྤྱི་པའི་རོལ་རྩེད་བྱེད་སྒོ་ཡོད་ཚད་མཚམས་བཞག་ཡོད། མྱ་ངན་ཞུ་བའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་དུ་འཚོགས་ཤིང་། ཚོགས་རའི་རྣམ་པ་བརྗིད་ཉམས་དང་ལྡན་པ་ཞིག་ཡོད། ཀྲུའུ་ཞི་སྟེགས་བུའི་གཞི་མདོག་དངུལ་སྐྱ་མདོག་བཟོས་ཡོད་པ་དང་། སྟེགས་བུའི་ཐོད་དུ་གཞི་རས་ནག་པོའི་སྟེང“བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན”ཞེས་ཡི་གེ་དཀར་པོ་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད། ཀྲུའུ་ཞི་སྟེགས་བུའི་དབུས་སུ་བློ་མཐུན་ཅང་ཙེ་མིན་གྱི་ཚོན་ཁྲ་ཅན་གྱི་སྐུ་བརྙན་ཆེན་པོ་ཞིག་བཀལ་ཡོད་པ་དང་། བློ་མཐུན་ཅང་ཙེ་མིན་གྱི་གདུང་ཐལ་བླུག་སྒམ་སྐུ་བརྙན་མདུན་གྱི་མེ་ཏོག་སོས་པ་དང་ཐང་ཤིང་ཤུག་པའི་ཁྲོད་ན་དབེན་པར་གཟིམས་ཤིང་། གདུང་ཐལ་བླུག་སྒམ་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆ་དམར་མདངས་བཀྲ་བ་ཞིག་གཡོགས་ཡོད། བློ་མཐུན་ཅང་ཙེ་མིན་གྱི་སྐུ་ཟླ་ཝང་ཡེ་ཕིན་གྱིས་ནང་མི་ཡོངས་ཀྱི་སྣེ་ཁྲིད་ནས་ཕུལ་བའི་མེ་ཏོག་སི་ར་དེ་བློ་མཐུན་ཅང་ཙེ་མིན་གྱི་གདུང་ཐལ་བླུག་སྒམ་གྱི་མདུན་དུ་བཞག་ཡོད་པ་དང་། གུས་དམག་6གིས་མེ་མདའ་ཁྱེར་ནས་གུས་སྟབས་ཀྱིས་ལངས་ཏེ་གཡས་གཡོན་གཉིས་ནས་སྲུང་བཞིན་ཡོད།
ཀྲུའུ་ཞི་སྟེགས་བུའི་གཞོགས་གཉིས་སུ་བློ་མཐུན་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་ཕུལ་བའི་འདས་མཆོད་མེ་ཏོག་ཕྲེང་བ་བཤམས་ཡོད།
མྱ་ངན་ཞུ་བའི་ཚོགས་ཆེན་ཚའེ་ཆི་ཡིས་གཙོ་སྐྱོང་གནང་བ་རེད། སྔ་དྲོའི་ཆུ་ཚོད་10པ་ཏག་ཏག་ལ་མྱ་ངན་ཞུ་བའི་ཚོགས་ཆེན་འགོ་ཚུགས་ཤིང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཀྲོང་ངེར་ལངས་ནས་ངག་བསྡམས་ཏེ་མྱ་ངན་སྐར་མ་3ཞུས་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་མིའི་རོལ་ཆ་ཚོགས་པས་གདུང་དབྱངས་དཀྲོལ་བ་དེ་ས་གནས་ས་ཐོག་ནས་ཐད་གཏོང་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་ས་ཕྱོགས་གང་སར་ཁྱབ། ཀྲུང་གོའི་ཡུལ་གྲུ་ཀུན་ཏུ་མི་དམངས་རྣམས་སྐྱོ་གདུང་གིས་མནར་ཡོད་པ་དང་། མི་དམངས་དུང་ཕྱུར་མང་པོས་ཀྲོང་ངེར་ལངས་ནས་ངག་བསྡམས་ཏེ་མྱ་ངན་ཞུས་པ་མ་ཟད། རླངས་འཁོར་དང་། མེ་འཁོར། གྲུ་གཟིངས་སོགས་ཀྱི་དུང་བརྡ་མཉམ་དུ་གྲགས་པ་དང་མཁའ་ཟོན་ཉེན་བརྡ་ཡང་ཕྱོགས་གང་སར་གྲགས།
ངག་བསྡམས་ནས་མྱ་ངན་ཞུས་རྗེས། མི་དམངས་ཚོགས་ཁང་ཆེ་མོར་བརྗིད་ཉམས་ལྡན་པའི་རྒྱལ་གླུ་དཀྲོལ། རྔམ་བརྗིད་ལྡན་པའི་འགྱུར་ཁུག་ཐོག་ནས་མི་དམངས་དུང་ཕྱུར་མང་པོའི་ཐུན་མོང་གི་བསམ་འདུན་མཚོན་པ་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་རེད།
ཚོགས་ར་ཡོངས་སྒམ་བརླིང་ལྡན་པའི་རྣམ་པའི་ཁྲོད་དུ་ཞི་ཅིན་ཕིང་གིས་མྱ་ངན་ཞུ་ཚིག་བསྒྲོན་པ་རེད། ཞི་ཅིན་ཕིང་གིས་མྱ་ངན་ཞུ་ཚིག་ནང་བློ་མཐུན་ཅང་ཙེ་མིན་གྱི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ་དང་མཛད་རྗེས་རླབས་པོ་ཆེར་གདེང་འཇོག་ཆེན་པོ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ལོ་13རིང་། བློ་མཐུན་ཅང་ཙེ་མིན་གྱིས་ང་ཚོའི་འགོ་ཁྲིད་དེ་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཐོལ་བྱུང་དོན་རྐྱེན་རབ་དང་རིམ་པར་འཚབ་འཚུབ་མེད་པར་ཁ་གཏད་བཅག་པ་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་ཁྱབ་ཁོངས་དང་རང་བྱུང་ཁམས་སུ་ཐོན་པའི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་བ། ལྷག་པར་དུ་ང་ཚོའི་འགོ་ཁྲིད་དེ་ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་གྱི་རྡབ་རྡེག་ལ་གྲུབ་འབྲས་ཐོབ་པའི་ངང་ཁ་གཏད་བཅག་པ་དང1998ལོའི་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་ལས་རྣམ་པར་རྒྱལ་བ་སོགས་གནང་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུ་གཟིངས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་རླབས་གཤགས་མདུན་སྐྱོད་ཐུབ་པའི་འགན་ལེན་གནང་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་མཐུན་ཅང་ཙེ་མིན་གྱིས་དུས་ཡུན་རིང་པོའི་གསར་བརྗེའི་ལག་ལེན་ནང་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་ཉམས་འགྱུར་མངོན་གསལ་དོད་པོ་སྦྱོང་བརྡར་གནང་ཡོད། བློ་མཐུན་ཅང་ཙེ་མིན་གྱི་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་ཉམས་འགྱུར་ནམ་ཡང་ང་ཚོའི་སེམས་ནང་གནས་ཏེ་ང་ཚོ་མདུན་དུ་སྐྱོད་པར་ནམ་ཡང་སློབ་གསོ་དང་སྐུལ་ལྕག་ཐེབས་ངེས་རེད།
ཞི་ཅིན་ཕིང་གིས་གསུངས་དོན། བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པ་ནི་རང་རེའི་ཏང་དང་། རང་རེའི་དམག་དཔུང་། རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་བཅས་ནས་བཤད་ན་ཚོད་དཔག་བྱེད་ཐབས་བྲལ་བའི་གྱོང་གུན་ཞིག་རེད། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་ནས་བློ་མཐུན་ཅང་ཙེ་མིན་སྐུ་འདས་པོའི་ཕུགས་རེ་རྒྱུན་འཛིན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ང་ཚོའི་མྱ་ངན་ཞུ་ལུགས་མཚོན་པར་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དྲག་ཆར་རླུང་འཚུབ་ལ་མི་སྐྲག་པར་མདུན་དུ་སྐྱོད་པའི་རྩ་བའི་འགན་ལེན་ཞིག་ཡིན། རྒྱང་ལམ་གསར་པའི་ཐོག་ང་ཚོས་ངེས་པར་དུ“རྒྱུགས་འབུལ”གྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པ། རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཕོད་པ་བཅས་བྱས་ནས། དུས་རབས་གསར་པར་ཏང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་འགྱུར་རྒྱུའི་འགན་ལེན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན། རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་འགྱུར་ལྡོག་ལ་ངོས་འཛིན་ཡང་དག་དང་། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་གཏོང་བ། རང་འགུལ་ངང་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྒྱུར་བཅོས་སྒོ་དབྱེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་ལེགས་ཆ་ལྡན་པ་དང་། རང་འགུལ་ཡོད་པ། འབྱུང་འགྱུར་ཐོབ་པ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་འཕེལ་རྒྱས་ཡོང་བར་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ་འཛམ་གླིང་དར་རྒྱས་ཡོང་བར་ཀྲུང་གོ་དང་ཡང་ཁ་འབྲལ་ཐབས་མེད། རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་བློ་རྒྱ་ཆེན་པོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་ཐོག་གི་ཡར་ཐོན་སྟོབས་ཤུགས་མཐའ་དག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་རེད། རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་གྱི་འབད་འཐབ་ཉམས་འགྱུར་དང་དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་ཡང་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་གྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་སྟོབས་དང་། ལ་རྒྱ། གདེང་སྤོབས་བཅས་ཆེ་རུ་གཏོང་བ་དང་། ལོག་བཤད་ལ་ཡིད་མི་ཆེས་པ་དང་། གདོན་བགེགས་ལ་མི་སྐྲག་པ། མགོ་གནོན་ལ་མི་སྐྲག་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུར་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་དགོས།
མཇུག་ཏུ་ཞི་ཅིན་ཕིང་གིས་གསུངས་དོན། བློ་མཐུན་ཅང་ཙེ་མིན་ང་ཚོ་དང་ནམ་ཡང་ཞལ་གྱེས་རུང་ཁོང་གི་མཁས་མཛངས་དང་། མཛད་འཕྲིན། དགོངས་པ། ཉམས་བཟང་བཅས་ནི་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་ངེས་ཡིན་ལ། མི་རབས་ནས་མི་རབས་བར་མི་དམངས་ཀྱི་སེམས་ནང་གནས་ངེས་རེད། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཞི་ཅིན་ཕིང་གིས་མྱ་ངན་ཞུ་ཚིག་བསྒྲོན་རྗེས་ཚོགས་ར་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཅང་ཙེ་མིན་ལ་གུས་འདུད་ལན་གསུམ་ཞུས་པ་རེད།
སྔ་དྲོའི་ཆུ་ཚོད་10དང་སྐར་མ་55ཙམ་ལ་མྱ་ངན་ཞུ་བའི་ཚོགས་ཆེན་རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་དབྱངས》ཀྱི་སྒྲའི་ཁྲོད་མཇུག་འགྲིལ་བ་དང་དེ་རྗེས་ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེར་ཐུགས་གསོའི་འཚམས་འདྲི་ཟབ་མོ་ཞུས་པ་རེད།