ཨོ་སྨི་ཁོ་རུང་གི་ནད་གཞི་སློང་ཤུགས་ཇེ་ཞན་དུ་སོང་བ་དང་། འགོག་སྨན་རྒྱག་ཚད་ཆེ་རུ་ཕྱིན་པ། རིམས་འགོག་ཉམས་མྱོང་གསོག་འཇོག་བྱས་པ་བཅས་དང་བསྟུན་ནས། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནས་བབ་གསར་པ་དང་འགན་འཁྲི་གསར་པ་འཕྲད་ཡོད། མིག་སྔར། ནད་གཞི་ལྕི་ཞིང་ཉེན་ཁ་ཆེ་བའི་རིགས་དང་། མི་ཚོགས་ཕལ་པས་ཇི་ལྟར་བདེ་ཐང་འགོག་སྲུང་བྱེད་དགོས་སམ། སྨན་ལ་བསྟེན་པའི་དགོས་མཁོར་ལྟ་སྟངས་གང་འདྲ་འཛིན་དགོས་སམ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞི་སྨན་བཅོས་སྐྱོབ་བཅོས་ཆེད་མཁས་ཚོ་ཆུང་གི་ཁོངས་མི་ཝང་ཀུའེ་ཆང་གིས་དེའི་ཐད་འགྲེལ་བཤད་ཞིབ་ཕྲ་བསྐྱོན་ཡོད།
༡ དྲི་བ། མི་གང་དག་ནི་ནད་གཞི་ལྕི་ཞིང་ཉེན་ཁ་ཆེ་བའི་མི་ཚོགས་ཡིན་ནམ། ཁོང་ཚོས་ཅི་ཞིག་བྱ་དགོས་སམ།
ལན། ནད་གཞི་ལྕི་ཞིང་ཉེན་ཁ་ཆེ་བའི་མི་ཚོགས་ལ་གཙོ་བོ་རིགས་གསུམ་ཡོད་དེ། ལོ་60ཡན་དང་ལྷག་པར་དུ་ལོ་80ཡན་གྱི་རྒན་རྒོན་དང་། རྨང་གཞིའི་རང་བཞིན་གྱི་ནད་ཡོད་པའི་ནད་པ། འགོག་སྨན་བརྒྱབ་མེད་པའི་མི་ཚོགས་བཅས་ཡིན། ཁོང་ཚོར་མཚོན་ན། ཆེས་ཕན་ནུས་ལྡན་པའི་སྲུང་སྐྱོབ་ནི་འགོག་སྨན་རྒྱག་རྒྱུ་དེ་ཡིན།
འགོག་སྨན་བརྒྱབ་མེད་པའི་མིས་ཏོག་གསར་ནད་དུག་འགོས་པའི་ཉེན་ཁར་ངོས་འཛིན་འདང་ངེས་མེད་པ་དང་། ད་དུང་མི་ལ་ལས་རང་ཉིད་ལ་རྨང་གཞིའི་རང་བཞིན་གྱི་ནད་ཡོད་པས་འགོག་སྨན་རྒྱག་མི་ཕོད་པ། རྒན་རྒོན་ཁ་ཤས་ཀྱིས་འགོག་སྨན་རྒྱག་སྟབས་མི་བདེ་བར་སེམས་ཁུར་བྱེད་པ། གལ་ཏེ་ཏོག་གསར་ནད་དུག་འགོས་ན། རྨང་གཞིའི་རང་བཞིན་གྱི་ནད་ཡོད་པའི་རྒན་རྒོན་རྣམས་ནད་གཞི་ལྕི་མོར་འགྱུར་སླ་ཞིང་། ཐ་ན་འཆི་ཉེན་ཡང་ཆེ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་གསར་དུ་བྱ་ཐབས་བཏོན་ནས། མི་རྣམས་ཀྱི་འགོག་སྨན་ཐད་ཀྱི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། རྒན་རྒོན་རྣམས་ལ་ཏོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
སྨན་དོན་མི་སྣས་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྨན་རྒྱག་པའི་འཛེམ་བྱ་བརྡར་གཅོད་བྱེད་དགོས་ཏེ། དཔེར་ན་སྔོན་ཆད་འགོག་སྨན་རྒྱག་སྐབས་ཚོར་ཐལ་ཚབས་ཆེན་བྱུང་བ་སྟེ། ཚོར་ཐལ་རང་བཞིན་གྱི་དྲན་པ་ཐོར་བ་དང་ཨོལ་མགོ་ཆུ་སྐྲངས་ལྟ་བུ། མྱུར་གཤིས་འགོས་ཁྱབ་རང་བཞིན་གྱི་ནད་དེ་ཚ་བ་རྒྱས་པའི་དུས་སྐབས་སུ་ཡོད་སྐབས་གནས་སྐབས་འགོག་སྨན་མི་རྒྱག་པ། རྫས་འགྱུར་གསོ་བཅོས་བྱེད་བཞིན་པའི་སྐྲན་ནད་ཕོག་མཁན་དང་། ཁྲག་ཤེད་མཐོ་བའི་ཉེན་ལྟས་བྱུང་བའི་ནད་པ། ཏོག་དབྱིབས་སྙིང་ནད་ཕོག་མཁན་གྱི་སྙིང་རྩའི་ནད་སློང་དུས། རང་ངོས་རིམས་ཐར་རང་བཞིན་གྱི་དབང་རྩའི་མ་ལག་གི་ནད་རིགས་རིམ་སྤེལ་དུས་སྐབས་སུ་གནས་པ་སོགས་ལ་གནས་སྐབས་སུ་འགོག་སྨན་རྒྱག་རྒྱུ་ནར་འགྱངས་བྱེད་དགོས། ཧུར་བརྩོན་གྱིས་འགོག་སྨན་རྒྱག་པ་དེའང་རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་ཞིག་ཡིན།
༢ དྲི་བ། མིག་སྔར། མི་སྒེར་གྱིས་བདེ་ཐང་འགོག་སྲུང་བྱེད་སྐབས་གང་དག་ལ་ཉམས་འཇོག་བྱ་དགོས་སམ།
ལན། མི་ཚོགས་ཕལ་པར་མཚོན་ན། རྟག་ཏུ་ལག་པ་བཀྲུ་བ་དང་། སྒོ་ཕྱིར་བསྐྱོད་སྐབས་ཁ་ཐུམ་རྒྱག་པ། རླུང་རྒྱུ་རུ་འཇུག་པ། འདུ་འཛོམས་མི་བྱེད་པ། འཚོ་བཅུད་དོ་མཉམ་ཡོང་བ་དང་། ངལ་གསོ་འོས་འཚམ་རྒྱག་པ། འགུལ་སྐྱོད་ལུགས་མཐུན་བྱེད་པ། སེམས་ཁམས་བཟང་པོ་རྒྱུན་འཁྱོངས་བཅས་བྱ་དགོས།
དལ་གཤིས་རྨང་གཞིའི་རང་བཞིན་གྱི་ནད་པས་སྨན་པའི་མངགས་བཅོལ་ལྟར་སྨན་འཐུང་དགོས། དྲོད་ཚད་གློ་བུར་དུ་དམའ་རུ་སོང་བ་སོགས་ཐལ་ཆེ་བའི་གནམ་གཤིས་དང་འཕྲད་སྐབས། དལ་གཤིས་འབྱིན་རྔུབ་ནད་ཕོག་པའི་ནད་པ་སྒོ་ཕྱིར་འགྲོ་ཚད་གང་ཐུབ་ཀྱིས་ཉུང་དུ་གཏོང་དགོས།
གལ་ཏེ་ཚ་བ་རྒྱས་པ་དང་། མིད་པ་ན་བ། གློ་ལུ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ། བདེ་ཐང་ཞིབ་བཤེར་ཡག་པོ་བྱེད་དགོས། གལ་ཏེ་ནད་གཞི་ལྕི་ཞིང་ཉེན་ཁ་ཆེ་བའི་མི་ཚོགས་ཁྲོད་ཚ་བ་རྒྱས་མཚམས་མི་འཇོག་པའམ། འབྱིན་རྔུབ་ལ་དཀའ་ངལ་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ། དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་སོང་ནས། ནད་གཞི་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས།
༣ དྲི་བ། དགུན་ཁ་ནི་དབུགས་ལམ་ནད་དུག་འབྱུང་མང་བའི་དུས་ཚིགས་ཤིག་ཡིན་པས། དེ་བསྟུན་གྱི་སྨན་རྫས་གྲ་སྒྲིག་བྱེད་དགོས་སམ།
ལན། རང་རྒྱལ་དུ་དབུགས་ལམ་འགོས་ནད་སྨན་བཅོས་བྱེད་པའི་སྨན་རྫས་གྲབས་གསོག་འདང་ངེས་ཡོད། ཁྱིམ་དུ་ཚ་ཟུག་འཇོམས་སྨན་གྲ་སྒྲིག་འོས་འཚམ་བྱེད་ཆོག འོན་ཀྱང་ཧབ་ཐོབ་ཀྱིས་ཉོ་བའམ་གསོག་འཇོག་བྱ་དགོས་དོན་མེད།
ལོ་གསུམ་རིང་རིམས་འགོག་བྱས་པ་བརྒྱུད།རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་དང་རིམས་འགོག་མ་ལག་གིས་ཚོད་བགམ་ཐེག་ཐུབ་ཡོད། མིག་སྔར། ཨོ་སྨི་ཁོ་རུང་ནད་དུག་གི་ནད་གཞི་སློང་ཤུགས་ཇེ་ཞན་དུ་འགྲོ་བཞིན་ཡོད། གལ་ཏེ་ཨོ་སྨི་ཁོ་རུང་གཞན་གྱུར་ནད་དུག་འགོས་ན། མི་ཁ་ཤས་ཤིག་ལ་ཚ་བ་རྒྱས་པ་དང་། གློ་ལུ་བ། མིད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་སྲིད་ཅིང་། ནད་རྟགས་དེ་དག་ལ་དེ་བསྟུན་གྱི་ཀྲུང་ལུགས་སྨན་རྫས་འདུས་པའི་སྨན་རྫས་སྤྱད་ན་ཆོག ནད་གཞི་ལྕི་ཞིང་ཉེན་ཁ་ཆེ་བའི་མི་ཚོགས་ལ་དམིགས་ནས། གལ་ཏེ་ཆོག་མཆན་ཐོབ་ཅིང་ཏོག་གསར་གློ་ཚད་སྨན་བཅོས་བྱེད་པའི་ཆ་རྡུལ་ཆུང་བའི་སྨན་རྫས་སྤྱོད་དགོས་ན། སྨན་པའི་མཛུབ་སྟོན་བཞིན་བསྟེན་དགོས།