བློ་མཐུན་ཅང་ཙེ་མིན་འདས་པོའི་ཐུགས་འདུན་རྒྱུན་འཛིན་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-08


བློ་མཐུན་ཅང་ཙེ་མིན་འདས་པོའི་ཐུགས་འདུན་རྒྱུན་འཛིན་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

—— རྒྱལ་ཡོངས་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཅང་ཙེ་མིན་ལ་མུ་མཐུད་རྗེས་དྲན་ཟབ་མོ་ཞུས་པ།

        ཉིན་ཤས་བསྟུད་མར། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཡིད་ཤིན་ཏུ་སྐྱོ་བའི་ངང་བློ་མཐུན་ཅང་ཙེ་མིན་གྱི་མཛད་རྗེས་ཕུལ་བྱུང་ལ་རྗེས་དྲན་ཟབ་མོ་ཞུས་པ་མ་ཟད། བློ་མཐུན་ཅང་ཙེ་མིན་གྱི་བསམ་པའི་ཉམས་འགྱུར་ཟབ་མོ་ཚོར་ཐུབ་པར་བྱས་པ་རེད།

        སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་བ་བྱ་རྒྱུ་མ་ཟད། བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་བ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ངོ་མར་བསྒྱུར་བ་བྱས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་བློ་ཁ་གཅིག་ཏུ་ཕྱོགས་ཤིང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་ཚང་མས་མགྲིན་གཅིག་ཏུ་བརྗོད།

 མྱ་ངན་ཟབ་མོ་ཞུས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཅང་ཙེ་མིན་གྱི་འོད་སྟོང་འཕྲོ་བའི་འཐབ་རྩོད་ཀྱི་སྐུ་ཚེ་ཧྲིལ་པོར་རྗེས་དྲན་ཟབ་མོ་ཞུས་པ།

        ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་གྲྭའི་ནང་སློབ་ཆེན་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ལམ་ཚད་གསར་པའི་དྲན་གསོའི་རྡོ་རིང་ཀྲོང་ངེར་གནས་ཤིང་། རྡོ་རིང་ཐོག་བློ་མཐུན་ཙང་ཙེ་མིན་གྱིས་མ་ཡུམ་སློབ་གྲྭར་གནང་བའི་མངགས་བཅོལ་སྟེ། “སྔ་འཛིན་ཕྱི་གཏོད་ཀྱིས་ཡང་རྩེར་འཛེགས་ནས་འགྲིམ་འགྲུལ་སློབ་ཆེན་འཛམ་གླིང་གི་སློབ་ཆེན་རྩེ་གྲ་ཞིག་ཏུ་སྐྲུན་དགོས”ཞེས་པ་བརྐོས་ཡོད།

        2021ལོ་རིམ་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ཀྲང་ཁྲེན་དབྱིས་མིག་ལ་མཆི་ཞག་འཁོར་བཞིན་ངག་བསྡམས་ནས་མྱ་ངན་དང་གུས་འདུད་ཞུས་པ་མ་ཟད་མེ་ཏོག་ཀྱང་ཕུལ། སློབ་གྲྭའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་དང་བླངས་འགྲེལ་བཤད་པ་ཀྲང་ཁྲེན་དབྱིས། བློ་མཐུན་ཅང་ཙེ་མིན་ཡར་ཐོན་སློབ་མའི་རི་འགོག་རྒྱལ་གཅེས་བྱེད་སྒོར་ཞུགས་པ་དང་ཏང་གི་གསང་བའི་ལས་དོན་སྒྲུབ་གནང་བ་སོགས་མི་ཚེའི་བརྒྱུད་རིམ་ཚང་མ་སེམས་ལ་བརྟན་པོར་ངེས་ཡོད། “འགྲེལ་བཤད་རྒྱག་ཐེངས་ཚང་མར། བློ་མཐུན་ཅང་ཙེ་མིན་གྱིས་བདེན་དོན་དོན་གཉེར་དང་རྒྱལ་ཆེད་དམངས་ཆེད་ཀྱི་དད་སེམས་དང་གཤིས་རྒྱུད་མྱོང་ཚོར་ཐུབ་ཀྱི་འདུག སློབ་གྲོགས་རྒན་གྲས་ལགས། ང་ཚོས་ནམ་ཡང་ཁྱེད་ལ་རྗེས་དྲན་ཞུ”ཞེས་བཤད།

        ཕུའུ་ཏུང་ཁུལ་གསར་ཅིན་ཆའོ་ཕྱིར་གཏོང་ལས་སྣོན་ཁུལ་གསར་སྤེལ་ཀུང་སིའི་དེ་སྔའི་སྤྱི་ཁྱབ་ཅིང་ལི་ཀྲུའུ་ཞའོ་མིང་གིས། “ཕུའུ་ཏུང་གསར་སྤེལ་བྱེད་པའི་དུས་འགོར། མ་དངུལ་མི་འདང་བ་དང་། ཉམས་མྱོང་མེད་པ། རྣམ་གྲངས་མེད་པ། ཤེས་ལྡན་མི་སྣ་དཀོན་པ་བཅས་ཀྱི་དཀའ་ངལ་འཕྲད་པའི་སྐབས་སུ། བློ་མཐུན་ཅང་ཙེ་མིན་དང་ཏང་ཀྲུང་དབྱང་གིས་ང་ཚོར་བརྩེ་སེམས་དང་། བློ་གྲོས། ལས་གཏོད་གསར་གཏོད་བཅས་ཀྱི་བློ་སྟོབས་མི་ཉམས་པ་བྱེད་དགོས་ཞེས་ལྕག་སྐུལ་གནང་བྱུང་། ང་ཚོས་བློ་མཐུན་ཅང་ཙེ་མིན་གྱི་གཟིགས་རྒྱང་རིང་པོར་དགའ་མགུ་ཡི་རང་བྱུང”ཞེས་དྲན་གསོ་བྱེད་བཞིན་དུ་བཤད།

        རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། བློ་མཐུན་ཅང་ཙེ་མིན་གྱི་སྐུ་ཚེ་ཧྲིལ་པོ་ནི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ་དང་དམག་འཐབ་ཀྱི་སྐུ་ཚེ་ཧྲིལ་པོ་ཞིག་ཡིན། ལོ་70ལྷག་ཙམ་གྱི་གསར་བརྗེའི་ལོ་རྒྱུས་ནང་། ཁོང་གིས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཐུགས་ལ་བརྟན་པོར་འཆང་བ་དང་། ཏང་དང་མི་དམངས་ལ་བློ་དཀར་ཚད་མེད་གནང་ནས་བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་གནང་ཡོད། བློ་མཐུན་ཅང་ཙེ་མིན་ནམ་ཡང་ང་ཚོའི་སེམས་སུ་གནས་ངེས་ཡིན་ཞེས་བརྗོད།

    དུས་རབས་ཀྱིས་ནམ་ཡང་བརྗེད་མི་སྲིད། བློ་མཐུན་ཅང་ཙེ་མིན་གྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་བཏོད་གནང་བའི་མཛད་རྗེས་ནམ་ཡང་ནུབ་མི་སྲིད།

        2000ལོའི་ཟླ་2པར། བློ་མཐུན་ཅང་ཙེ་མིན་གྱིས་ཀོང་ཏུང་དུ་རྟོག་ཞིབ་གནང་བ་དང་འབྲེལ་མའོ་མིང་ཀའོ་ཀྲོའུ་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པའི“སྣང་ཆེན་གསུམ”གྱི་སློབ་གསོའི་ཚོགས་འདུར་ཞུགས་པ་རེད། དེ་སྔ་ཚོགས་འདུ་དེར་བཞུགས་མྱོང་བའི་ཀོང་ཏུང་མའོ་མིང་ཀའོ་ཀྲོའུ་གྲོང་ཁྱེར་ཀེན་རྩེ་གྲོང་རྡལ་གྱི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཝུའུ་ཡིས་བློ་མཐུན་ཅང་ཙེ་མིན་གྱིས་གསུང་བཤད་གལ་ཆེན་གནང་སྐབས། ཚོགས་ར་ཡོངས་ནས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པའི་སྐོར་དང་། དེ་བཞིན་ཉིན་5ཡི་རྗེས་སུ། བློ་མཐུན་ཅང་ཙེ་མིན་གྱིས་ཀོང་ཀྲོའུ་རུ་ཞིང་ཆེན་ཨུ་ལྷན་གྱི་ལས་དོན་སྙན་ཞུ་གསན་སྐབས“མཚོན་བྱེད་གསུམ”གྱི་བླང་བྱ་གསལ་པོར་བཏོན་པའི་སྐོར་སེམས་ལ་གསལ་པོར་ངེས་ནས་ཡོད།

        “བློ་མཐུན་ཅང་ཙེ་མིན་གྱིས་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་ཀྱིས‘མཚོན་བྱེད་གསུམ’གྱི་དགོངས་པ་གལ་ཆེན་གསར་གཏོད་གནང་བ་དང་། མཛུབ་ཁྲིད་བསམ་བློའི་ཐད་ཏང་ལ་སླར་ཡང་དུས་བསྟུན་འཕེལ་རྒྱས་བྱུང་བ་དེ་ཐོག་ནས་མར་ཁེ་སི་རིང་ལུགས་པ་ངོ་མ་ཞིག་གི་ཆབ་སྲིད་ཀྱི་བློ་སྟོབས་དང་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་ཆེན་པོ་མཚོན་ཡོད”ཅེས་ཧོང་ཝུའུ་ཡིས་བརྗོད།

        ཨན་ཧུའེ་ཧོ་ཧྥེའི་ཚན་རིག་གླིང་ཕྲན་ཐོག ཀྲུང་གོ་ཚན་རིག་ཁང་ཧོ་ཧྥེའི་དངོས་པོ་ཚན་རིག་ཞིབ་འཇུག་ཁང་རིག་ནུས་འཕྲུལ་ཆས་ཞིབ་འཇུག་སུའོ་ཡི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ལི་ཧྥང་གིས། 1998ལོར་བློ་མཐུན་ཅང་ཙེ་མིན་གྱིས་གླིང་ཕྲན་ཐོག་རྟོག་ཞིབ་གནང་སྐབས་ཀྱི་གནས་ཚུལ་དག་ཕྱིར་དྲན་བྱས་ཤིང་། སྐབས་དེ་དུས་འབུམ་རམས་སློབ་མ་ཝུའུ་ལི་ཧྥང་གིས་བློ་མཐུན་ཅང་ཙེ་མིན་ལ་གྱེས་རྡུལ་ལག་རྩལ་གཞི་འགྱུར་སོན་གསོའི་ཐད་སྤྱོད་པའི་གནས་ཚུལ་སྙན་སེང་ཡང་ཞུས་པ་རེད། “བློ་མཐུན་ཅང་ཙེ་མིན་གྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཚན་རྩལ་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ང་ཚོར་མུ་མཐུད་ཚན་ཞིབ་འགག་སྒྲོལ་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་སྐུལ་ལྕག་གནང་བྱུང”ཞེས་ཝུའུ་ལི་ཧྥང་གིས་བརྗོད།

        བློ་མཐུན་ཅང་ཙེ་མིན་གྱིས་ཚན་ཞིབ་མི་སྣ་དང་ལྷན་བཞུགས་སྐུ་པར་བསྐྱོན་པ་མ་ཟད། སྐབས་དེ་དུས་ཀྲུང་གོ་ཚན་རིག་ཁང་ཧོ་ཧྥེའི་ཡན་ལག་ཁང་ལ“ཚན་རིག་གླིང་ཕྲན”ཞེས་མིང་བཏགས། ད་ཆ་སྤྱི་ལེ་ངོས་གྲུ་3ཡང་མེད་པའི་གླིང་ཕྲན་ཆུང་ཆུང་དེར་སྔ་རྗེས་སུ“མིས་བཟོས་ཉི་མ”EASTཚུད་པའི་ཚན་རིག་སྒྲིག་ཆས་ཆེན་པོ་མང་པོ་བསྐྲུན་པ་དང་འཁོར་སྐྱོད་ཐུབ་པའི་ནང་འཛམ་གླིང་རིམ་པའི་ཚན་རྩལ་གྲུབ་འབྲས་གལ་ཆེན་ཁག་གཅིག་དེ་ནས་གསར་གཏོད་ཐུབ་ཡོད་པ་ཚུད་ཡོད།

    འདས་པོའི་ཐུགས་འདུན་རྒྱུན་འཛིན་བྱས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་ཆེད་མུ་མཐུད་མཐུན་སྒྲིལ་འབད་འཐབ་བྱེད་པ།

        ཀུའེ་དབྱང་ཆན་ཐའོ་པུའུ་དབྱི་རིགས་མེའོ་རིགས་ཤང་ཆི་ལུང་གྲོང་ཚོའི་ལུའོ་དབྱི་གྲོང་གསར་དུ་ཉིན་ཤས་རིང་། ལོ་48ལ་སླེབས་པའི་ཆི་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཆི་ཡུན་སེམས་སྡུག་ཆེན་པོ་བྱུང་ཡོད། 1996ལོའི་ཟླ་10པར། བློ་མཐུན་ཅང་ཙེ་མིན་གྱིས་ཀུའེ་ཀྲོའུ་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས། ལུའོ་དབྱི་གྲོང་གསར་དུ་ཕེབས་ཏེ་ལའོ་ཡཱ་ཧྲན་རི་གྲོང་ནས་དེ་གར་སྤོས་པའི་མེའོ་རིགས་སྤུན་ཟླར་གཟིགས་པ་རེད།

        “བློ་མཐུན་ཅང་ཙེ་མིན་གྱི་ཐུགས་ལ་རི་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་འཚོ་བའི་སྐྱིད་སྡུག་བཅངས་ཡོད”ཅེས་སྐབས་དེར་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་ནས་གྲོང་ཚོར་སྦྱོང་བརྡར་བྱེད་བཞིན་པའི་ལིའུ་ཆི་ཡུན་གྱིས། ས་བབ་མཐོ་ཚད་སྨི་1500ལྷག་ཙམ་ཡོད་པའི་ལའོ་ཡཱ་ཧྲན་རི་གྲོང་དུ་མེའོ་རིགས་ཀྱི་མང་ཚོགས་དུད་ཚང་23ཡོད་པ་དང་། ཆུ་དཀོན་པ་མ་ཟད། གློག་དང་ལམ་དེ་བས་མེད། དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་ཆེད། ས་གནས་དེས་རི་གཤམ་དུ་ལུའོ་དབྱི་ཤིན་གྲོང་གསར་བསྐྲུན་པ་དང་། མང་ཚོགས་རྣམས་སྡོད་ཁང་གསར་པར་སྤོས་པ་མ་ཟད། ཆུ་གློག་ལམ་གསུམ་ཤར་གཏོང་ཐུབ་པའི་གནས་ཚུལ་སེམས་ལ་ངེས་བཞིན་ཡོད།

        “སྐབས་དེ་དུས་ང་ཚོས་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱས་མ་ཐག་ཡིན། ད་ཆ་གྲོང་ཚོ་དེ་ཡོངས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཉིས་ལྷག་ཙམ་ཟིན་གྱི་ཡོད” “ང་ཚོས་དུས་རབས་གསར་པར་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་མུ་མཐུད་བཏོད་དེ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བར་བརྟེན་ནས་བློ་མཐུན་ཅང་ཙེ་མིན་གྱི་བཀའ་དྲིན་མི་བརྗེད་པ་བྱ་རྒྱུ་ཡིན”ཞེས་ལིའུ་ཆི་ཡུན་གྱིས་བཤད།

        གངས་ལྗོངས་ས་མཐོར། བོད་རིགས་སྤུན་ཟླ་ཚོས་བློ་མཐུན་ཅང་ཙེ་མིན་ལ་དྲན་གསོ་ཟབ་མོ་ཞུ་བ།

        བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པའི་གནས་ཚུལ་ཐོས་སྐབས། ལོ་84ལ་སླེབས་པའི་བགྲེས་སོང་བློ་བཟང་གིས་དེ་སྔ་བློ་མཐུན་ཅང་ཙེ་མིན་ལ་མཇལ་དར་སྒྲོན་པའི་པར་རིས་ལག་ཏུ་བླངས་ནས་དྲན་གསོ་ཟབ་མོ་ཞུས།

        1998ལོའི་ཟླ་3པར། བློ་མཐུན་ཅང་ཙེ་མིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་ཁྲོད་ཕེབས་ནས་འཐུས་མི་ཚོ་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད། སྐབས་དེ་དུས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་གིས་བློ་མཐུན་ཅང་ཙེ་མིན་ལ་དཀར་གཙང་མཇལ་དར་ཕུལ་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

        “དུས་རབས་འབྲེལ་མཚམས་ཀྱི་ལོ་རྒྱུས་གོ་སྐབས་དམ་པོར་བཟུང་ནས་ནུབ་རྒྱུད་ས་ཁུལ་གྱི་གསར་སྤེལ་གོམ་སྟབས་མགྱོགས་སུ་གཏོང་དགོས” 1999ལོར་བློ་མཐུན་ཅང་ཙེ་མིན་གྱིས“ནུབ་རྒྱུད་ཐོན་འབྱེད་ཆེ་མོའི”འཐབ་ཇུས་ཀྱི་བསམ་བཀོད་བཏོན་གནང་ཞིང་། དུས་རབས་གསར་པར་ཕྱོགས་པའི་ཐབས་ཇུས་གལ་ཆེན་དེས་བོད་འཕེལ་རྒྱས་མྱུར་པོ་འགྲོ་བར་རྣམ་པ་གསར་པ་བཏོད་པ་དང་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཡོད།

        “ད་ཆ་བོད་འདི་ཉིད་བློ་མཐུན་ཅང་ཙེ་མིན་གྱི་ཐུགས་རེ་ལྟར་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་མི་དམངས་བདེ་སྡོད་ལས་བརྩོན་བྱུང་ཡོད། ང་ཚོས་ཁོང་ནམ་ཡང་བརྗེད་མི་སྲིད”ཅེས་བློ་བཟང་གིས་བརྗོད།

        རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། བློ་མཐུན་ཅང་ཙེ་མིན་ལ་རྗེས་དྲན་ཟབ་མོ་ཞུས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་མུ་མཐུད་ངར་སེམས་ཆེར་བསྐྱེད་དང་ཞུམ་མེད་མདུན་སྐྱོད་བྱ་རྒྱུ་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བརྗོད།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1