ཉེ་ཆར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་དཔེ་སྐྲུན་གྱི་ལོ་ལྔ་ཚན་བཅུ་གཉིས་པའི་རྣམ་གྲངས་གཙོ་བོ་ཡིན་པའི་《བོད་ཀྱི་དཔེ་རྙིང་གསུང་རབ་མུ་འབྲེལ་དཔེ་ཚོགས།》ཀྱི་ཡ་གྱལ་《བོ་དོང་པཎ་ཆེན་གྱི་གསུང་འབུམ།》དེ་པེ་ཅིང་དུ་དཔེ་སྐྲུན་ཞིབ་བསྡུར་གྱི་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་བོད་རིག་པའི་ལས་རིགས་དང་མི་རིགས་ཆོས་ལུགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་ཚོས་གསུང་འབུམ་པར་སྐྲུན་བྱས་པའི་དོན་སྙིང་ཕྱོགས་བསྡོམས་བྱས་པ་རེད།
བོ་དོང་པཎ་ཆེན་(1376ལོ་ནས་1451ལོ་བར།)གྱི་མཚན་ཆ་ཚང་ལ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཞུ་ཞིང་། ཁོང་འཁྲུངས་ཡུལ་ད་ཆའི་བོད་ཀྱི་གཞིས་རྩེ་ས་ཁུལ་དུ་ཡིན། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་སྟེ་ཆོས་ལ་སློབ་གཉེར་གྱིས་སྐུ་ཚེ་ཧྲིལ་པོར་ཆོས་ཉམས་ལེན་དང་དར་སྤེལ་བཏང་བ་དང་། རང་ལུགས་ཀྱི་སྲོལ་ཕྱེ་ནས་གཞུང་ཆེན་ལ་བརྡར་ཤ་བཅད་པ། གཞུང་བརྩམས་ནས་འཆད་ཁྲིད་གནང་བ་བཅས་ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ལྡན་པའི་ནང་རིག་པའི་མཁས་པ་ཆེན་པོ་དང་། ཐ་སྙད་རིག་པར་མངའ་བརྙེས་པ་དང་། ལོ་ཙཱ་བ་ཆེན་པོར་གྱུར། ཁོང་གི་གསུང་རྩོམ་པོད་140ལྷག་ཙམ་ད་ལྟ་མཇལ་རྒྱུ་ཡོད་པ་ནི་འཛམ་གླིང་རིག་གནས་ལོ་རྒྱུས་ཐོག་ཁ་གྲངས་མང་ཤོས་དེ་ཡིན།
《བོ་དོང་པཎ་ཆེན་གྱི་གསུང་འབུམ།》དེ་2014ལོའི་ཟླ་11པར་དཔེ་སྐྲུན་བྱས་ཤིང་། དེ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་ཁང་དང་སི་ཁྲོན་ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་གོ་སྒྲིག་ལག་ལེན་བྱས་པའི་ཁར་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་དཔེ་རྙིང་ལེགས་སྒྲིག་གཞུང་དོན་ཁང་དང་ཁྲེན་ཏུའུ་ཧའེ་ཧྲེང་རིག་གནས་བརྒྱུད་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་འཚོལ་སྒྲིག་རྩོམ་འབྲིའི་འགན་འཁུར་ཞིང་། དེའི་གློག་རྡུལ་དེབ་ཀྱང་ཧི་མ་ལ་ཡའི་རིག་མཛོད་དྲ་ཚུགས་ནས་མཐོང་ཐུབ། གསུང་འབུམ་ཆ་ཚང་ལ་ཡིག་འབྲུ་ཁྲི་4000ལྷག་ཙམ་ཡོད་པ་དེ་དག་ནི། ནང་རིག་པ་གཙོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཆེ་ཆུང་བཅུ་པོ་འདུས་པ་ཞིག་ཡིན་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱི་ཤེས་བྱ་ཀུན་འདུས་ཤིག་ཡིན།