༄༅།།གེ་སར་རྒྱལ་པོའི་གསེར་ཁྲི་ཁམས་གསུམ་ཟིལ་གནོན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡུལ་ཁུའི་རི་ཆུའི་རིག་གནས་ལས་དྲངས། སྤེལ་དུས། 12-08


གཅིག །གླིང་གེ་སར་རྒྱལ་པོའི་བཞུགས་ཁྲིའམ་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གྱི་གནས་ཡུལ་ཆུ་དམར་ལེབ་རྫོང་། 

        ཆུ་དམར་ལེབ་རྫོང་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་སྙིང་དུ་ཆགས་ཤིང་། རྨ་ཆུའི་འགོ་ཁུངས་སུ་ཐོག་མར་གནས་བཅས་པའི་བོད་རིགས་འདུས་སྡོད་ཀྱི་ཕྱུགས་ལས་ཁོ་ན་གཉེར་བའི་འབྲོག་པའི་རྫོང་ཞིག་ཡིན། སྲིད་དབང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ལ། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་མཚམས་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་མཚམས་སུ་མཆིས་ཤིང་།ཤར་ལྷོ་ནས་ཁྲི་འདུ་རྫོང་དང་། བྱང་ཤར་ནས་མགོ་ལོག་རྨ་སྟོད་རྫོང་། ནུབ་ཕྱོགས་ནས་བོད་རང་སྐྱོང་ལྗོངས། བྱང་ཕྱོགས་ནས་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་རྫོང་། ལྷོ་ཕྱོགས་འབྲི་ཆུ་ཕ་རོལ་ཏུ་འབྲི་སྟོད་རྫོང་དང་ཡུལ་ཤུལ་རྫོང་བཅས་ལ་འབྲེལ་ཡོད།  ཆུ་དམར་ལེབ་རྫོང་ནི་མེས་རྒྱལ་ས་ཁྲའི་ངོས་སུ།ཤར་གྱི་གཞུང་ཐིག92°56 ནས་97°36 དང་། བྱང་གི་འཕྲེད་ཐིག33°36ནས་35°40ན་གནས་ཡོད། དེའི་ཤར་ནུབ་བར་གྱི་རིང་ཚད་ལ་སྤྱི་ལེ 509དང་། ལྷོ་བྱང་བར་གྱི་འཕྲེད་ཆ་ལ་སྤྱི་ལེ228ཡོད། རྫོང་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5200 ལྷག་ཙམ་ཡོད། དེ་ཉིད་རྒྱ་མཚོའི་ངོས་ལས་ཆ་སྙོམས་བྱས་ན་སྨི4500ཡོད་དེ། རང་རྒྱལ་གྱི་ས་གནས་ཆེས་མཐོ་ཤོས་ཀྱི་རྫོང་ཁག་ནང་གི་ཡ་གྱལ་ཞིག་ཏུ་གྲགས། རྫོང་འདིའི་མངའ་ཁོངས་སུ་ཡུལ་ཚོ་དྲུག་དང་། འབྲོག་དམངས་རུ་ཆེན་བཅུ་དགུ དགོན་པ་ཆེ་ཆུང་བཅུ་བདུན་བཅས་འདུས་ཡོད། ཆུ་དམར་ལེབ་ནི་གསེར་ལྡན་འབྲི་ཆུའི་སྟོད་དང་རྨ་གཡང་ཕྱུག་མོའི་འབྱུང་གནས་སུ་ཡོད་ལ། གནས་འདི་རུ་ནོར་འཛིན་ཟློམ་པོའི་ཁྱོན་ལ་གྲགས་སྙན་འབར་བའི་མཚོ་སྐྱ་རེངས་དང་། མཚོ་མུ་ཏིག མཚོ་རྔ་རྡུང་། མཚོ་ཉི་མ། ཨ་ལག་ནོར་མཚོ་བཅས་དང། མཁར་རུ་ཚྭ་མཚོ། མྱི་མགོ་ཚྭ་མཚོ། ཆུ་དམར་ཚྭ་མཚོ། བ་ཡན་ཚྭ་རྒན་མཚོ། བ་ཡན་ཤེལ་ཚྭ་མཚོ་སོགས་མཚོ་དང་མཚེའུ་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟར་རྣམ་པར་རབ་ཏུ་བཀྲ་ཞིང་མཛེས་སྡུག་ལྷག་ཏུ་ངོམ། དེའི་མཐའ་བཞི་ཀུན་ལས་འཁྱུག་འགྲོས་འབྲུག་གི་ངང་ཚུལ་འཕྱ་འདྲའི་ཆུ་དམར་ཆུ་བོ་དང་སེ་བོ་ཆུ་བོ། ལི་དམར་ཆུ་བོ། ལི་ཁྲི་ཆུ་བོ་དང་། མཁར་ཆུ། གཏེར་ཆུ། སྦུབ་ཆུ་སོགས་ཆབ་དང་ཆུ་བོ་རྣམས་གྲ་བ་གྲ་ཤད་ས་ལ་རྒྱན་པ་ལྟར་རྨ་ཆུ་དང་འབྲི་ཆུ་རིང་མོའི་རྗེས་སུ་ཞུགས་ཏེ་འཇིག་རྟེན་མི་ཡུལ་གྱི་ཐན་པ་གང་ཡོད་སེལ་ནས་བསླུ་བ་མེད་པའི་གཏམ་རྒྱུད་རིང་མོ་ཞིག་འཛམ་གླིང་འདིར་འཇོག་མུས་སུ་མཆིས། ཆུ་དམར་ལེབ་ལ་སྲིད་པ་ཆགས་པའི་གངས་རི་དང་མཐོ་ཞིང་བརྗིད་པའི་བྲག་རི། མཛེས་ཞིང་སྡུག་པའི་སྤང་རི་བཅས་ནི་ཕྲེང་བ་བསྟར་འདྲ་གྲུབ་ཡོད་ལ།དེ་ལས་བོད་ཀྱི་གཉན་ཆེན་སྡེ་བཞིའི་ཡ་གྱལ་དུ་གྲགས་པའི་སྒ་ཡི་སྒྱོགས་ཆེན་གདོང་ར་གཙོས་བྱས་པའི་འབྲི་རྒྱལ་ཁུ་བྱུག་རི་དང་། ཨ་ཆེན་གངས་ཆགས་རི། བ་ཡན་རྫ་མཐོ་རི། དམར་པོ་རྟ་འདྲ་རི། གསང་འདུས་སྟག་ལུང་རི། རྒྱལ་པོ་རི་བཀྲ་རི། བེ་རི་རྫ་སྐྱ་རི། ཤར་ངང་བ་རི། ཧོར་རྟ་རྫ་སྐྱ་རི། ར་རིམ་མཆེད་གསུམ་རི་སོགས་དང། རྒྱ་མདའ་བྱུ་རུ་སྟག་རྩེ། གཉན་ཤུལ་ཁྲ་རྒྱལ་གཡུ་རྩེ། བྲ་བོ་དགྲ་ལྷ་སྟག་རྩེ། དབུས་ཀྱི་དམར་པོ་ཚལ་རྩེ། དབུས་ཀྱི་ཨུ་ཡོ་ཁྲ་རྩེ་སོགས་དང་། སྒོས་སུ་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་གྲགས་པའི་རྨ་སྟོད་རྩེ་ལྷ་བཅུ་གསུམ་གྱི་ཡ་གྱལ་གངས་ཆགས་དཔལ་ལྷ་སྟག་རྩེ་དང། མཁར་གྱི་མཛོ་མོ་རི་རྩེ། རྡོ་ནག་མདུང་རྩེ། མཚོ་བར་དཀར་རྩེ། ཡག་ར་སྟག་རྩེ་བཅས་ལོ་རྒྱུས་ཀྱི་རང་མདངས་མ་ཉམས་པར་གསེར་ལྡན་འབྲི་ཆུའི་སྟོད་རྒྱུད་དང་རྨ་གཡང་ཕྱུག་མོའི་མགོ་ཁུངས་སུ་དཔའ་བོའི་དཔུང་རོགས་བསྒྲིགས་པའི་ཚུལ་དུ་ལྷམ་མེ་ལྷིང་ངེར་འགྱིང་བཞིན་ཡོད། ཆུ་དམར་ལེབ་ནི་མཚོ་བོད་མཐོ་སྒང་གི་རྩེ་མོ་རུ་གནས་པའི་ཡུལ་གྲུ་ཆུང་ཆུང་ཞིག་ཡིན་ནའང་། གནས་འདི་རུ་སྔོ་བསངས་ནམ་མཁའ་ས་ལ་འཕོས་པ་ལྟ་བུའི་ཨ་ཆེན་གངས་ཆགས་ཐང་དང་། རྫ་རི་དཀར་ནག་ཐང་།ཡོས་གུ་ཙོང་ལེབ་ཐང་།ཆུ་དམར་ཐང་ནག་ཐང་། དགའ་ལྡན་ཐང་། གཡུ་སྐེ་ཐང་། ལེབ་གཞུང་ཐང་། མཁར་གཞུང་ཐང་། ལི་ཁྲི་ཐང་། ལི་དམར་ཐང་། རྨ་གཞུང་ཐང་།གེ་སར་ཐང་གཞུང་སོགས་ངོས་གཙང་ཞིང་གཡའ་དག་པའི་ཐང་གཞུང་མང་པོ་ཞིག་ཡོད་ལ། ཐང་ཆེན་དེ་རྣམས་སུ་འཛམ་གླིང་ན་ཆེས་དཀོན་པའི་གཅན་གཟན་གྱི་རིགས་དང་། རི་དྭགས་ཀྱི་རིགས།འདམ་ཆགས་ཀྱི་རིགས། ཕྱུགས་ཟོག་གི་རིགས་བཅས་གནམ་གྱི་སྐར་ཚོགས་ས་ལ་འཕོས་པ་ལྟར་གནས་ཡོད་དོ།།གླིང་རྗེ་གེ་སར་རྒྱལ་པོ་དེ་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལུང་བསྟན་གནང་བ་ལྟར། འཇིག་རྟེན་བོད་ཡུལ་ས་ཆ་སྐྱིད་སོས་ཡག་གི་ཁ་མདོ་རུ། ཡབ་ཆེན་སེང་བློན་རྒྱལ་པོ་དང་ཡུམ་ཆེན་འགོག་བཟའ་གཉིས་ལས་སྤྱི་ལོ་དུས་རབ་བཅུ་གཅིག་ནང་ལེགས་པར་སྐུ་འཁྲུངས་ཏེ། དགུང་ལོ་བཅུ་གཅིག་གི་བར་དུ་སྦས་ཚུལ་བརྟུལ་ཞུགས་ཀྱི་སྤྱོད་པས་འགྲོ་དོན་ཇོ་རུའི་རྣམ་པར་རོལ་བའི་འཕྲིན་ལས་བསྟན་པ་རེད། དགུང་ལོ་བཅུ་གཉིས་བཞེས་པའི་ལོ་དེར་མ་ནེ་ནེ་གནམ་སྨན་དཀར་མོས་ལུང་བསྟན་པ་ལྟར། གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་གྱི་ནང་མི་རྣམས་ལྷན་གཅིག་ཏུ་འཚོགས་ནས་རྟ་རྒྱུགས་རྒྱལ་འཇོག་གི་གྲོས་མཐུན་སྟོན་པ་ནི།དཔེར་ན། 《རྟ་རྒྱུག་རྒྱལ་འཇོག》ལས་རྒྱུག་མགོ་གུ་ར་རྫ་ལ་གཏད།། རྒྱུག་རྟིང་ཨ་ཝའི་དིའུ་ལ་གཏད།།བསང་མཆོད་ལྷ་དིའུ་མགོ་ནས་བྱེད།། ལྟད་མོ་ཀླུ་དིའུ་མགོ་ནས་བལྟ།། ཨ་ཝའི་དིའུ་དང་གུ་ར་རྫའི།། བར་ན་ཚུགས་ལམ་བཞི་ཙམ་ཡོད།། རྒྱུག་ན་དཀྱུས་ཐག་དེ་གའི་ཆོག། ཅེས་རྒྱུག་ས་དང་རྒྱུག་ཐག་གཅད་པ་དང་། དེ་ལས། གསེར་ཁྲི་ཁམས་གསུམ་ཟིལ་གནོན་གཅིག སྐྱ་ལོའི་སེང་ལྕུམ་འབྲུག་མོ་གཉིས།། ཕ་ཟོག་ནོར་བུ་ཆ་བདུན་གསུམ།། ཀླུ་འབུམ་པོ་ཏི་བཅུ་གཉིས་བཞི། ཀླུ་སྦྲ་མཐིང་ཤོག་གུང་དགུ་ལྔ།། སྐུ་མཁར་སེང་འབྲུག་སྟག་རྩེ་དྲུག། གླིང་སྡེ་ཁྲི་སྐོར་བཅུ་གཉིས་བདུན།། སྣ་བདུན་མགྱོགས་པའི་རྒྱན་ལ་འཇོག། མཐོ་བ་སྤྱི་དཔོན་མན་ཆད་དང་།། དམའ་བ་ཁྱི་ཤི་སྒུ་རུ་ཡན།། སུས་ཀྱང་རྒྱལ་ལ་རྩོད་མེད་དེ།། ཕ་ཁུའི་བཀའ་གྲོས་མཐུན་པ་ཡིན།། ཞེས་སྣ་བདུན་རྒྱན་ལ་འཇོག་པའི་གཏན་འཁེལ་བྱས་པ་དང་མཐོ་དམའ་སུས་ཀྱང་རྒྱལ་ལ་རྩོད་མེད་ཀྱིས་འགྲན་ཆོག་པ་གྲོས་མཐུན་བྱུང་། གཞན་ཡང་། རྨ་གུ་ར་རྫ་རིའི་གཡོན་ཟུར་གྱི།། ས་བཟང་པོ་སྨོན་ལམ་ལ་ཁ་ནས།། ལས་གུར་དཀར་མོ་སྟོང་ཤོང་ཕུབས།། གསེར་ཁྲི་ཁམས་གསུམ་ཟིལ་གནོན་ལ།། གསེར་དངུལ་རིན་ཆེན་རྒྱན་གྱིས་བརྒྱན།། ཞེས་རྟ་ཁ་འཐེན་སའི་གནས་དང་གསེར་ཁྲི་ཁམས་གསུམ་ཟིལ་གནོན་མགྱོགས་པའི་རྒྱལ་ཏུ་གཤམ་ནས་བཀོད་ཡོད་ས་གཏན་འཁེལ་བྱས་པ་རེད།

        དེ་ལྟར་རྟ་རྒྱུག་རྒྱལ་འཇོག་གི་སྟ་གོན་གྲོས་མཐུན་བྱུང་རྗེས་དངོས་སུ་རྟ་རྒྱུགས་སྤེལ་བའི་ཡོ་ལང་གི་རྣམ་པ་ནི། དེ་ནས་རྨ་ལུང་ཡིད་ཀྱི་དཀྱིལ་འཁོར། གྲུ་བཞི་ས་ཡི་གདན་སྟེང་། འདུ་ར་སྟག་ཐང་ཁྲ་མོ། འབྲུག་ལྷང་ལྷང་ནོར་བུའི་གདན་སྟེང་། སྙན་ལྷང་ལྷང་ཁུ་བྱུག་གྲགས་ས། ཞེ་ལྷང་ལྷང་ལྕོག་ག་འགྱུར་ས་ན། གླིང་དཀར་སྟོད་སྨད་བར་གྱི་ཕུ་ནུ་དཔའ་ཐུལ་ཐམས་ཅད་ཆས་དྲུག་ལུས་ལ་ཚང་བ། དཔའ་སྙིང་ཡིད་ལ་འཛོམས་པ། བདེ་སྐྱིད་ཁོང་ལ་ཤོང་བ་ཞིག་བྱས་ནས་འདུས་པ་དང་། རྟ་རྒྱུག་གི་གྲལ་ལ་བསྒྲིགས་སོ།། དེའི་སྐབས་རྟ་རྒྱུག་གི་ལྟད་མོ་བལྟ་མི་རྣམས་ཀྱང་ནམ་མཁའི་སྤྲིན་ཚོགས་དང་། ས་གཞིའི་རྡུལ་ཕྲན་བཞིན་ འདུས་ཞིང་། ཉི་འོག་གི་རྒྱལ་ཕྲན་ཕལ་ཆེར་འཛོམས་པར་གདའ། དེ་ནས་གླིང་བ་རྣམས་རྟ་རྒྱུག་གི་རུ་བསྒྲིགས་ཏེ་ཨ་ཝི་དིའུ་ས་ལ་མར་ཆིབས་ཁ་བསྒྱུར་ཏེ་ཕེབས་སོ།། དེ་ཚེ་གླིང་གི་བུ་མོ་སྤུན་བདུན་གྱིས་མཛེས་ཤིང་ཡིད་དུ་འོང་བ་ཞིག་བྱས་ནས་ལྷ་དེའུ་མགོ་ནས་བསང་མཆོད་བྱས་རྗེས། ཀླུ་དེའུ་མགོ་ནས་ལྟད་མོ་ལྟ་མཁན་རྣམས་དང་ལྷན་དུ་བཞུགས་སོ།།དེ་ཚེ་རྟ་རྒྱུག་མཁན་རྣམས་ཨ་ཝི་དིའུ་ནས་སྦ་མདའ་གང་གི་སྔ་ཕྱི་མེད་པར་རུ་བསྒྲིགས་ནས་རྒྱུག་ཚེ། གླིང་ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་སྟག་རོང་ཚོ་ཡན་བཅས་ཤོག་ཆེན་ལྔ་བོ་སྟབས་ གཅིག་ཏུ་བརྒྱུགས་པས། རྔམ་ཞིང་གཟི་བརྗིད་ཆེ་ལ། སྤྲོ་སེམས་འཁོལ། དེ་དུས་གུ་ར་རྫ་ནས་གླིང་གི་ལས་སྒྲུབ་མཁན་རྣམས་ཀྱིས་བསང་ཁང་བཅུ་གསུམ་ནས་ལྷ་བསང་ནམ་མཁའ་གང་བ་ཞིག་བཏང་། བསེ་མཁར་སྒྲོན། དར་ཕྱར་དུང་འབུད་ཅིང་ལྷ་ལ་འཕྲིན་བཅོལ་མཛད། དགྲ་ལྷའི་ངོ་སོ་བསྟོད་ནས་བཞུགས། དེ་ནས་ཁྲ་མོ་གླིང་གི་འདོ་ཆེན་རྣམས། ལ་ལ་སྨུག་པ་ཕྱུར་ཕྱུར་དང་། ཐད་ལ་རྒྱ་ཁྲ་འཕུར་འཕུར་དང་། ཐུར་ལ་རྦབ་རྡོ་སྒྲིལ་སྒྲིལ་བྱས་ཏེ་སུས་བས་སུ་མགྱོགས་ཀྱི་ངང་ཚུལ་ལ་རོལ་ཏེ། ན་ཐང་མཛོ་མོ་རྟ་འདྲ་ནས། རྨ་སྲིབ་དར་ཐང་ཉག་ལམ་དང་། ཕུ་ལུང་དར་ཐང་གང་བ་སོགས་རྒྱུད་ནས་རྒྱུག་པ་གདའོ།། དེ་ནས་གུ་ར་རྫ་རིའི་ཕྲག་གཡོན་ཟུར་གྱི་ས་བཟང་པོ་སྨོན་ལམ་ལ་ཁ་རུ། ཇོ་རུས་འདོ་རྗེ་མགྱོགས་པའི་འཁྲུལ་འཁོར་བཅིབས་ཏེ་སྟོབས་དང་རྫུ་འཕྲུལ་སྣ་ཚོགས་ཀྱིས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གྱི་སྟེང་དུ་ཕེབས་སོ།། དེ་ལྟར་ལས་ཀླུང་ཤུགས་དྲག་གི་སྟོབས་ཀྱིས་གསེར་ཁྲི་ལ་མངའ་བསྒྱུར་ཏེ་རྟ་རྒྱུག་གི་རྟིང་མ་ཆོད་པའི་སྙན་གྲགས་ཀྱི་བ་དན་སྲིད་པའི་རྩེ་མོར་བསྐྱོད་ཅིང་འཇིག་རྟེན་སྐྱེ་བོ་ཕལ་མོ་ཆེའི་སེམས་ལ་དགའ་སྤྲོ་རྣམ་པར་རྒྱས་པའི་ཉི་མ་འཆར་ཞིང་། རེ་བ་ཡོངས་སུ་གང་བའི་བདེ་སྐྱིད་ཀྱི་སྣང་བ་དཀར་པོས་ཕྱོགས་ཀུན་ཁྱབ་སྟེ། ཕྱོགས་ལས་རྣམ་པར་རྒྱལ་བའི་འཕྲིན་ལས་ཀྱི་རྒྱལ་མཚན་ཆེན་པོ་གསར་དུ་བསྒྲེངས་ཏེ། མཚན་ལ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་རང་མིང་རང་གིས་བཏགས་པ་ལགས་སོ།།

གསུམ། གླིང་སྒྲུང་ལས་བཤད་པའི་ས་མིང་འགའ་ད་ཡོད་ཆུ་དམར་ལེབ་ཀྱི་ས་ཆ་དང་ཐོད་གཏུག་ནས་ར་སྤྲོད་བྱེད་པ།

        དེང་སང་རྒྱལ་ཁབ་ཕྱི་ནང་གི་དཔྱོད་ལྡན་མཁས་པ་རྣམས་ཀྱིས་བསྟོད་པའི་ཡུལ་དང་དཔྱད་པའི་གཞིར་གྱུར་པའི་གླིང་སེང་ཆེན་རྒྱལ་པོའི་བྱུང་བརྗོད་སྙན་ངག་རིང་མོའི་ལོ་རྒྱུས་འདི་བོད་ཁམས་ཀུན་ལ་ཁྱབ་ཟིན་པ་མ་ཟད། དེ་ལས་འཕྲོས་པའི་ས་མིང་དང་ཆུ་མིང་། མཁར་རྫོང་གི་མིང་། རིགས་རུས་ཀྱི་མིང་སོགས་མང་བ་ཞིག་དངོས་དོན་ལྟར་ངོ་སྤྲད་ཟིན་པ་རེད། འོན་ཀྱང་ད་རུང་མི་ཉུང་བ་ཞིག་ལྷག་ཡོད་པ་ལས་རྨ་ཆུ་འགོ་ཁུངས་ན་གནས་པའི་རང་ཡུལ་ཆུ་དམར་ལེབ་ཀྱི་ས་ཆའི་དོན་དངོས་དང་སྡུར་ནས་འགའ་ཙམ་ར་སྤྲོད་བྱེད་པ་ནི།《མདོ་སྨད་ཆོས་འབྱུང》ལས། དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་རྗེ་གེ་སར་རྒྱལ་པོས་དབང་བསྒྱུར་ཅེས་འཁོད་ཡོད་པ་ལྟར། རྨ་ཆུའི་འགོ་ཁུངས་ལ་གནས་པའི་ཆུ་དམར་ལེབ་ཀྱི་དགུ་གཡང་སྡེ་བ་དང་། རྫ་སྐྱ་སྡེ་བ། བ་ཡན་སྡེ་བ་བཅས་ཀྱི་ས་ཆ་དང་ཡུལ་མི་ཐམས་ཅད་ལ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ལོ་རྒྱུས་ཀྱིས་ཀུན་ཏུ་ཁེབས་ཡོད།《ཧོར་གླིང་གཡུལ་འགྱེད》(སྟོད་ཆ)ལས། ཤར་ཁྲ་བོ་གླིང་གི་ས་ཆ་དེར།། ས་ལ་ས་བཙན་བཤད་པས་ན།། རྨ་སྟོད་རྩེ་ལྷ་བཅུ་གསུམ་གདའ་།། རྨ་སྨད་མཐོན་པོ་དགུ་བསྒྲིལ་གདའ་།། རྨ་རྫ་ཟེར་མོའི་སྒང་དྲུག་གདའ་།། རྨ་ཕུ་སེང་ཆེན་ཁོག་པ་གདའ་།། ཕུ་དྲུག་དར་ལུང་ཕྱུག་མོ་གདའ་།། རྨ་ཉིན་ལུང་བྲག་དཀར་དགུ་སྒྲིལ་གདའ།། སྲིབ་ལུང་ནགས་རྒྱལ་ཕྱུག་མོ་གདའ་།། རྨ་སྨད་ལྷ་ལུང་སུམ་མདོ་གདའ།། རྨ་སྐེད་ལུ་གུའི་རྩེ་ར་གདའ།། སྲིབ་པ་ཁོག་མོའི་རོག་རྫོང་གདའ།། རྨ་རི་མོ་བཞི་འདུས་ས་ཆ་གདའ།། ས་གྲགས་པ་ཅན་ནི་དེ་ཙམ་གདའ།། ཞེས་སྟོན་ཡོད་པ་ལས་དང་པོ་རྨ་སྟོད་རྩེ་ལྷ་བཅུ་གསུམ་སྟེ་རི་བོ་ཧུ་ལ་སྟག་རྩེ་དང་། དཀར་ལའི་ལྷ་རྩེ། ཀླུ་ནག་གདོང་རྩེ། བོང་ཚང་གཡུ་རྩེ། རྡོ་ནག་མདུང་རྩེ། གཡག་རྔའི་ལབ་རྩེ། དམར་ལ་མཚར་རྩེ། ཡུག་གི་མཛོ་མོ་རི་རྩེ། མཚོ་བར་དཀར་རྩེ། ཡག་ར་སྟག་རྩེ། གངས་ཆགས་སྤ་ལ་སྟག་རྩེ། རྒྱ་གདའ་བྱེ་མ་སྟག་རྩེ། སྟོད་ཀྱི་བྲག་དཀར་ལྷ་རྩེ་བཅས་ལས་རྡོ་ནག་མདུང་རྩེ་དང་ཡུག་གི་མཛོ་མོ་རི་རྩེ། ཡག་ར་སྟག་རྩེ་གསུམ་ནི་ཆུ་དམར་ལེབ་རྫོང་དགུ་གཡང་སྡེ་བའི་ས་ཆ་ལ་གནས་ཡོད་པ་དང་།རྒྱ་གདའ་བྱེ་མ་སྟག་རྩེ་དེ་ཆུ་དམར་ལེབ་རྫོང་བ་ཡན་སྡེ་བའི་ས་ཆ་ལ་གནས་ཡོད། གངས་ཆགས་སྤ་ལ་སྟག་རྩེ་ནི་ཆུ་དམར་ལེབ་རྫོང་ངམ་ར་སྡེ་བའི་ས་ཆ་ལ་གནས་ཡོད། རྨ་ཉིན་ལུང་བྲག་དཀར་དགུ་སྒྲིལ་ནི་ཆུ་དམར་ལེབ་རྫོང་དགུ་གཡང་སྡེ་བའི་ས་ཆ་ལ་གནས་ཡོད། སྲིབ་ལུང་ནགས་རྒྱལ་ཕྱུག་མོ་ནི་ཆུ་དམར་ལེབ་རྫོང་རྫ་སྐྱ་སྡེ་བའི་ས་ཆ་ལ་གནས་ཡོད་པ་སོགས་གླིང་སྒྲུང་གི་ལོ་རྒྱུས་དང་ཡུལ་སྡེའི་བཤད་སྲོལ། ས་ཆའི་ཆགས་དབྱིབས་དང་ཁྱད་ཆོས་གང་ནས་རྟགས་ཀྱང་གྲགས་པའི་དབྱར་རྔའི་སྒྲ་དབྱངས་ད་ལྟའི་བར་དུ་མ་ཉམས་པར་མངོན་སུམ་དུ་གནས་པའི་ཁྱད་ཆོས་ལྡན་པའོ།།

        རྟ་རྒྱུགས་རྒྱལ་འཇོག་ལས། རྒྱུག་མགོ་གུ་ར་རྫ་ལ་གཏད།། ཅེས་རྟ་རྒྱུག་གི་རྟིང་མ་གཏད་ས་དེ་ད་ལྟ་ཆུ་དམར་ལེབ་རྫོང་གི་རྫ་སྐྱ་སྡེ་བའི་ས་ཆ་ལ་གཏོགས་ཡོད་པ་གསལ་ཞིང་། རྫ་རི་དེ་ལའང་རྡོ་གཟུགས་བྱ་རྒྱལ་ཁྱུང་ཆེན་དང་གེ་སར་མི་རྗེས་རྟ་རྗེས་བཅས་ངག་རྒྱུན་དང་ཤུལ་རྟེན་སོགས་ངོ་མཚར་ཅན་མང་ཙམ་ཡོད་པ་འདུག་གོ །

        དེ་ལས། གུ་ར་རྫ་ནས་གླིང་གི་ལས་སྒྲུབ་མཁན་རྣམས་ཀྱིས་བསང་ཁང་བཅུ་གསུམ་ནས་ལྷ་བསང་ནམ་མཁའ་གང་བ་ཞིག་བཏང་། ཞེས་སྟོན་ཡོད་པ་ཇི་བཞིན་ད་ལྟའང་གནས་དེ་རུ་རྡོ་ཨར་དཀར་གྱིས་བརྩིགས་པའི་བསང་ཁང་མང་བ་ཞིག་མཐོང་རྒྱུ་ཡོད་འདུག ད་དུང་དེ་ལས། རྨ་གུ་ར་རྫ་རིའི་གཡོན་ཟུར་གྱི།། ས་བཟང་པོ་སྨོན་ལམ་ལ་ཁ་ནས།། ལས་གུར་དཀར་མོ་སྟོང་ཤོང་ཕུབས།། གསེར་ཁྲི་ཁམས་གསུམ་ཟིལ་གནོན་ལ།། གསེར་དངུལ་རིན་ཆེན་རྒྱན་གྱིས་བརྒྱན།། ཞེས་འཁོད་ཡོད་པ་ལྟར་ཆུ་དམར་ལེབ་རྫོང་རྫ་སྐྱ་སྡེ་བའི་ས་ཆ་ལ་དེ་དང་གཅིག་ཏུ་མཐུན་པར་ད་ལྟའང་མིག་མཐོང་ལག་ཟིན་དུ་ཡོད་པའི་གུ་ར་རྫ་རི་ནི་རྨ་གཞུང་ཡུལ་དུ་འགྱིང་ནས་གནས་ཡོད་པ་མཐོང་ཐུབ་པ་དང་། ས་བཟང་པོ་སྨོན་ལམ་ལ་ཁ་དེ་གུ་ར་རྫ་རིའི་གཡོན་ཟུར་ན་ཡོད་པ་མཐོང་ཐུབ། ཁྱད་པར་ཏུ། གསེར་ཁྲི་ཁམས་གསུམ་ཟིལ་གནོན་དེ་གནས་དེ་རུ་མངོན་སུམ་དུ་གསལ་ལེ་མཇལ་རྒྱུ་ཡོད་དེ། ཁྲི་དེའི་རིང་ཚད་ལ་སྨི1.8ཡོད་པ་དང་། འཕྲེད་ཆ་ལ་སྨི་1.4ཡོད་པ། མཐོ་ཚད་ལ་ སྨི་2ཡོད། འོག་གི་རྡོ་དཀྱུས་མཐུག་ཚད་ལ་སྨི་10ནས་20བར་ཡོད།། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་3ཡོད། ལྗི་ཚད་ལ་ཕལ་ཆེ་རྒྱ་མ་ཁྲི་2ཙམ་ཡོད་འདུག །དེ་ནས་ཕར་ཤར་ལྷོའི་ཕྱོགས་སུ་བལྟས་པ་ན། མཁར་རི་དངུལ་དཀར་སྒྲོལ་མ་དང་རྨ་གཞུང་སྟག་ཐང་ཁྲ་མོའང་ངོ་མཚར་ཡུལ་ལྗོངས་ཀྱི་གཟུགས་སུ་རང་བྱུང་ཁམས་ཀྱི་ལྟད་མོ་ངོམ་བཞིན་མཆིས།།ས་ཁུལ་དེ་དག་ཏུ་ 《གླིང་སྒྲུང》དང་འབྲེལ་བའི་ངག་རྒྱུན་དང་ཤུལ་རྟེན། ས་མིང་སོགས་ཀྱང་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་པ་རེད། དེས་ན་སྒྲུང་ཡིག་ཁུངས་དག་རྣམས་ཀྱི་གསུང་སྒྲོས་དང་མཁས་པ་དག་གི་བཞེད་ཚུལ། ད་ཡོད་ཀྱི་ཤུལ་རྟེན། དེའི་སྐོར་གྱི་ངག་རྒྱུན་བཅས་ཕྱོགས་གང་ནས་བལྟས་ཀྱང་ཆུ་དམར་ལེབ་ནི་གླིང་གི་རྟ་རྒྱུག་རྒྱལ་འཇོག་གི་ལོ་རྒྱུས་སྤེལ་ས་གཙོ་བོ་ཡིན་པར་མ་ཟད། གསེར་ཁྲི་ཁམས་གསུམ་ཟིལ་གནོན་དེའང་ཆུ་དམར་ལེབ་ཀྱི་བརྩེ་ཆེན་གླིང་དེ་རུ་འགྲོ་བ་མི་ཡི་མིག་ལམ་དུ་ད་ལྟའང་མཇལ་རྒྱུ་ཡོད་པར་ཐེ་ཚོམ་གཏན་ནས་མི་དགོས་སོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1