ཁེན་ནི་ཡའི་རྒྱལ་ཁབ་ཐན་སྐྱོན་དོ་དམ་ཅུས་ཀྱིས་ས་གནས་དེ་གའི་ཚེས་7ཉིན་སྙན་ཞུ་གསར་ཤོས་སྤེལ་བའི་ནང་། རྒྱུན་མཐུད་ཐན་པ་བསྟན་པའི་ཤུགས་རྐྱེན་ལས་མིག་སྔར་ཁེན་ནི་ཡར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱེད་དགོས་པའི་མི་གྲངས་ཁྲི་435ཟིན་ཡོད་ཅེས་འཁོད་ཡོད་པ་རེད།
གཞན་ཡང་། གནོད་འཚེ་ཕོག་ཁུལ་མང་པོ་ཞིག་གིས་སྙན་ཞུའི་ནང་མི་ཁྲི་100ལྷག་ཙམ་ལ་ཐན་སྐྱོན་ཕོག་ནས་འཚོ་བཅུད་མི་འདང་བའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། དེ་མིན་མི་ཆོས་རིང་ལུགས་རོགས་སྐྱོབ་རྩ་འཛུགས་ཤིག་གིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལྟར་ན། ཐན་སྐྱོན་གྱི་དབང་གིས་ད་དུང་སློབ་མ་ཁྲི་350ཙམ་སློབ་མཚམས་ཆད་རྒྱུ་རེད། རྩ་འཛུགས་དེས་2022ལོའི་ཟླ་6པར་གནོད་འཚེ་ཕོག་ཁུལ་17ལ་བརྟག་དཔྱད་བྱས་པ་བརྒྱུད་ས་ཁུལ་དེ་དག་གི་སློབ་གྲྭར་ཞུགས་ཚད་ཆེས་ཆེར་ཆག་པའི་ནང་བུ་བཅོལ་ཁང་དང་། སློབ་ཆུང་། སློབ་འབྲིང་བཅས་ཀྱི་སློབ་གྲྭར་ཞུགས་ཚད་ཆ་སྙོམས་52%ཆག་ཡོད་པ་རེད།
ཐན་སྐྱོན་ལས་བྱུང་བའི་ཤུགས་རྐྱེན་ཞི་ལྷོད་དུ་གཏོང་ཆེད། ཁེན་ནི་ཡ་སྲིད་གཞུང་གིས་ཐན་སྐྱོན་ལ་ཁ་གཏད་གཅོག་པའི་བྱེད་ཐབས་རྒྱ་ཆེར་གཏོང་རྒྱུའི་ཆོག་མཆན་སྤྲད་པ་དང་འབྲེལ་ཁོངས་མི་14ལས་གྲུབ་པའི་ཐན་སྐྱོན་ལ་ཁ་གཏད་གཅོག་པའི་ཨུ་ཡོན་ལྷན་ཁང་ཞིག་ཀྱང་བཙུགས་པ་རེད།