བྱིས་པར་ཏོག་གསར་གློ་ཚད་ཕོག་ནས་ཚ་བ་རྒྱག་སྐབས། ཚ་འཇོམས་སྨན་ཁ་ཤས་ཤིག་མཉམ་དུ་བསྟེན་ན་དྲག་མགྱོགས་པ་ཡོད་དམ། བྱིས་པར་ཚ་བ་བརྒྱབ་ནས་ལུས་པོའི་དྲོད་ཚད་མཐོ་པོ་ཆགས་ན་ནད་གཞི་དེ་བས་ལྕི་བ་ཡོད་དམ། བྱིས་པ་གློ་རྒྱག་སྐབས་ལམ་སེང་གློ་འཇོམས་སྨན་བཟའ་དགོས་སམ། སྤྱི་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། པེ་ཅིང་བྱིས་པའི་སྨན་ཁང་དོས་དྲག་ཁོག་ནད་ཚན་ཁག་གི་ཀྲུའུ་རིན་ཝང་ཆོན་གྱིས་བྱིས་པར་ཏོག་གསར་གློ་ཚད་ཕོག་རྗེས། ཁྱིམ་བདག་ནས་ཕྲུ་གུར་སྨན་སྟེར་སྐབས་ནོར་འཁྲུལ་ཤོར་སྲིད་པའི་ཕྱོགས་འགའི་ཐད་གསལ་འགྲེལ་གནང་ཡོད།
ཚ་བ་བརྒྱབ་རྗེས་ཀྱི་ལུས་པོའི་དྲོད་ཚད་དང་ནད་གཞི་ཚབས་ཆེ་ཆུང་བར་བལྟོས་མེད་ཀྱི་འབྲེལ་བ་མེད།
ཝང་ཆོན་གྱིས། བྱིས་པ་ནི་ཏོག་གསར་གློ་ཚད་ཕོག་སླ་བའི་མི་ཚོགས་ཡིན་པ་དང་། ཏོག་གསར་ནད་དུག་འགོས་རྗེས་ཀྱི་ནད་རྟགས་དང་དེ་མིན་གྱི་ནད་དུག་འགོས་པ་ལས་བྱུང་བའི་དབུགས་ལམ་གཉན་ཚད་སྤྱིར་འདྲ་པོ་ཡོད། ཕྲུ་གུར་ཚ་བ་རྒྱག་པ་དང་། གློ་རྒྱག་པ། མིད་པ་མི་བདེ་པ། སྣ་ཁུང་འགག་པ། སྣ་ཆུ་ཤོར་བ་སོགས་ཀྱི་སྣང་ཚུལ་ཐོན་སྲིད། ད་དུང་ཕྲུ་གུར་ཤ་གནད་ན་བ་དང་། ཤུགས་མེད་པ། སྐྱུག་མེར་ལངས་པ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཡང་ཐོན་སྲིད། ཕྲུ་གུ་ཁ་ཤས་ལ་ཚ་བའི་རང་བཞིན་གྱི་བརྒྱལ་བ་སོགས་ཀྱི་ནད་རྟགས་ཡང་ཐོན་སྲིད། སྤྱི་ཡོངས་ནས་བལྟས་ན། ཕྲུ་གུར་ཏོག་གསར་གློ་ཚད་ཕོག་རྗེས་ཚ་བ་རྒྱས་པའི་ཚད་གཞི་མི་འདྲ་བ་དང་ཚ་བ་རྒྱས་པའི་དུས་ཡུན་ཡང་ཉིན་གཉིས་ནས་གསུམ་བར་ཡིན་ཞིང་། ན་ཡུན་ཡང་ཉིན་གསུམ་ནས་ལྔའི་ཡས་མས་རེད་ཅེས་གསུངས་ཡོད།
ཁྱིམ་བདག་ནས་བྱིས་པར་ཏོག་གསར་གློ་ཚད་ཕོག་སྐབས་ཚ་བ་ཤུགས་ཆེན་རྒྱས་པའི་ཐད་དོ་ཁུར་ཆེན་པོ་བྱེད་པར་དམིགས་ནས། ཝང་ཆོན་གྱིས། ཕྲུ་གུར་ཏོག་གསར་གློ་ཚད་ནད་དུག་ཕོག་རྗེས་ཚ་བ་བརྒྱབ་པ་དེ་ནི་ཧ་ཅང་གལ་ཆེ་བའི་ནད་རྟགས་ཤིག་རེད། ཕྲུ་གུར་ཚ་བ་བརྒྱབ་སྐབས་ཁྱིམ་བདག་ནས་དངངས་སྐྲག་ཆེན་པོ་གནང་རྒྱུ་མེད། གང་ལགས་ཤེ་ན། ཕྲུ་གུ་ཚ་བ་ཆེན་པོ་རྒྱས་མིན་དང་ནད་གཞིའི་ཚབས་ཆེ་ཆུང་བར་འབྲེལ་བ་ཡོངས་སུ་མེད་ཅེས་གསུངས་འདུག
ཚ་འཇོམས་སྨན་གཉིས་རེས་མོས་བྱས་ནས་བསྟེན་གནང་རྒྱུ་མེད།
བྱིས་པར་ཏོག་གསར་གློ་ཚད་ཀྱི་ནད་དུག་ཕོག་རྗེས། ཁྱིམ་སྡོད་ལྟ་སྐྱོང་བྱེད་པའི་སྐབས་སུ་ཁྱིམ་བདག་ནས་རྒྱུན་དུ་ཚ་འཇོམས་སྨན་སྟེར་གནང་གི་ཡོད། ཚ་འཇོམས་སྨན་ཇི་ལྟར་གཏོང་མིན་ཐད། ཝང་ཆོན་གྱིས། ཟླ་བ་དྲུག་ཡན་གྱི་ཕྲུ་གུར་པུའུ་ལོ་ཧྥེན་ནམ་(布洛芬)ཡང་ན་དབྱི་ཤི་ཨན་ཅི་ཧྥེན་(乙酰氨基酚)གཉིས་ནས་གང་རུང་ཞིག་སྟེར་ན་འགྲིག ཟླ་བ་གསུམ་ཡན་ནས་དྲུག་མན་གྱི་ཕྲུ་གུར། དབྱི་ཤི་ཨན་ཅི་ཧྥེན་(乙酰氨基酚)གཅིག་བུ་མ་གཏོགས་སྟེར་གནང་རྒྱུ་མེད། དེ་ནས་ཟླ་བ་གསུམ་མན་གྱི་ཕྲུ་གུར་ཚ་བ་བརྒྱབ་ཕྱིན་ལམ་སེང་སྨན་ཁང་དུ་སྨན་བཅོས་བྱེད་པར་འཁྲིད་དགོས།
ཁྱིམ་བདག་ཁག་ཅིག་གིས་སྨན་བསྟེན་སྟངས་ནོར་བའི་ཐད། ཝང་ཆོན་གྱིས། ཕྲུ་གུར་ཚ་འཇོམས་སྨན་སྟེར་སྐབས། ཚ་འཇོམས་སྨན་གཉིས་རེས་མོས་བྱས་ནས་སྟེར་གནང་རྒྱུ་མེད་ལ། ཚ་འཇོམས་སྨན་གཉིས་སྡེབ་གཅིག་ལ་སྟེར་གནང་རྒྱུ་མེད། དེ་ལྟར་བྱས་ན་ཕྲུ་གུའི་མཆིན་པ་དང་མཁལ་མར་གནོད་པ་ཆེན་པོ་ཡོད་ཅེས་ནན་སྟོན་གནང་འདུག
བྱིས་པ་གློ་རྒྱག་སྐབས་རབ་བྱུང་ན་གང་འདོད་དུ་གློ་འཇོམས་སྨན་སྟེར་གནང་རྒྱུ་མེད།
བྱིས་པར་ཏོག་གསར་གློ་ཚད་ནད་དུག་འགོས་རྗེས། ཚ་བ་བརྒྱབ་པ་ཕུད་ད་དུང་གློ་རྒྱག་པའི་ནད་རྟགས་ཐོན་སྲིད། ཁོང་གིས་ཕྲུ་གུར་གློ་བརྒྱབ་པའི་གནས་ཚུལ་འོག་རབ་བྱུང་ན་གང་འདོད་དུ་གློ་འཇོམས་སྨན་སྟེར་གནང་རྒྱུ་མེད་ཅེས་གསུངས་འདུག དེར་ཁོང་གིས། གློ་བརྒྱབ་པ་དེ་ནི་མིའི་ལུས་པོའི་རང་ངོས་ཀྱི་སྲུང་སྐྱོབ་རང་བཞིན་གྱི་སྣང་ཚུལ་ཞིག་རེད། གློ་བརྒྱབ་པ་དེར་དབུགས་ལམ་གྱི་ཟགས་ཐོན་རྫས་རྣམས་ཕྱི་རུ་འབུད་ཐུབ་པའི་ནུས་པ་ལྡན་ཡོད། གལ་ཏེ། ཕྲུ་གུར་གློ་བརྒྱབ་པ་དང་སྣ་ཁུང་འགག་པའི་གནས་ཚུལ་ཐོན་ན། ཁྱིམ་བདག་ནས་སྨུག་འགྱུར་བྱེད་པ་དང་སྣ་ཁུང་འཁྲུ་བ། མཁའ་རླུང་ཁྲོད་བརླན་བཤེར་ལྡན་ཚད་ཆེ་རུ་གཏོང་བ་སོགས་ཀྱི་ཐབས་ལམ་ཐོག་ནས་ཕྲུ་གུའི་དབུགས་ལམ་བདེ་པོ་ཡོང་བ་བྱེད་དགོས། འོན་ཀྱང་། གློ་བརྒྱབ་པ་དེས་ཕྲུ་གུའི་རྒྱུན་ལྡན་གྱི་འཚོ་བ་དང་གཉིད་ཉལ་རྒྱུར་ཤུགས་རྐྱེན་བཟོས་པ་ཡིན་ན། ཕྲུ་གུ་ལམ་སེང་སྨན་ཁང་དུ་འཁྲིད་དེ་སྨན་པའི་མཛུབ་ཁྲིད་འོག་གློ་འཇོམས་ལུད་འགོག་གི་སྨན་སྟེར་དགོས་ཞེས་གསུངས་འདུག