༄༅། །བརྙན་མིག་གིས་གནས་སྤོའི་འགྲུལ་པ་ཟིན་ཐོར་འགོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 12-15



        མཚོ་སྔོན་ཤར་རྒྱུད་ཀྱི་རྨ་ཆུའི་འབབ་ཡུལ་ནས་བྱང་ཤར་རྒྱུད་ཀྱི་མཚོ་སྔོན་པོའི་བར་དང་། དེ་ནས་བར་ཐག་སྤྱི་ལེ་ཆིག་སྟོང་ལྷག་ཡོད་པའི་ནུབ་རྒྱུད་ཀྱི་ཚྭ་འདམ་གཞོང་ས་སོགས་ནི་མིག་སྔའི་དུས་འདི་ལ། དགུན་དུས་ཀྱི“བྱ་གཟིགས་དུས་ཚིགས”ཤིག་ཏུ་གྱུར་ཡོད།

        རང་ཞིང་ཤར་རྒྱུད་ཀྱི་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཁོངས་སུ་རྨ་ཆུའི་འབབ་ཡུལ་གྱི་རིང་ཚད་ལ་སྤྱི་ལེ168ཙམ་ཡོད་པར་མ་ཟད། ད་དུང་བཞུར་ཆུ་དྭངས་ཤིང་སྔོ་ལ་དགུན་ཁར་དར་ཡང་མི་ཆགས།

        ཟླ་བཅུ་གཅིག་པའི་ཟླ་མགོ་ལ། ངང་དཀར་གསུམ་དཔའ་ལུང་རྫོང་ཆུ་འཁོར་གྲོང་རྡལ་ཁོངས་ཀྱི་རྨ་ཆུའི་འབབ་ཡུལ་དུ་ཡོང་ནས་དགུན་སྒྲོལ་བྱེད་མགོ་བརྩམས་ཡོད་ཅིང་། ངང་དཀར་དེ་ཚོ་རང་དགར་འཚོ་ཡོད་པ་ལས། པར་ལེན་ལ་དགའ་མཁན་མང་བོའི་ཡིད་དབང་ཕྲོགས་ནས་ས་ཆ་དེར་ཐོན་ཏེ་གནས་སྤོའི་འགྲུལ་པ་དེ་དག་ཟིན་ཐོར་བཀོད་དང་འགོད་བཞིན་ཡོད།

        མིག་སྔར། ས་གནས་དེ་གའི་ངང་དཀར་ནི་བདུན་ཅུ་ཙམ་ལ་ཐོན་ཡོད་པ་དང་། ལོ་སྔོན་མ་ལྟར་ཡིན་ན། ཡུལ་དེའི་ངང་དཀར་ཆེས་མང་དུས་བརྒྱ་ལྷག་ལ་ཐོན་པ་རེད།

        “ང་ཚོས་ངང་དཀར་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་དྲིལ་སྒྲོག་དང་སྐོར་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས་ངང་དཀར་མཚེའུ་ཡི་དང་བླངས་ཞབས་ཕྱི་རུ་ཁག་བཙུགས་ཏེ་རྒྱ་ཆེའི་མང་ཚོགས་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་དགོས་པ་དང་བྱ་རྣམས་ལ་འདྲོགས་སློང་མི་རུང་བ་སོགས་ཀྱི་སློབ་གསོ་བཏང་སྟེ། དམངས་ཡོངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་བའི་རྣམ་པ་ཆེན་པོ་ཞིག་བཙུགས་དང་འཛུགས་བཞིན་ཡོད། དུས་མཚུངས་སུ། འདམ་རྩྭའི་སོན་མྱུག2800ལྷག་གཏོང་འདྲེན་འདེབས་འཛུགས་བྱས་ཏེ་ངང་དཀར་དགུན་སྒྲོལ་གྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད”ཅེས་དཔའ་ལུང་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་མ་མིང་ཆི་ཡིས་བཤད།

        མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཡོད་ཅིང་། ཀྲུང་གོའི་སྐམ་སའི་ནང་ལོག་གི་ཚྭ་ཆུའི་མཚེའུ་ཆེས་ཆེ་བ་དེ་ཡིན་པའི་ཆ་ནས། ཨེ་ཤ་ཡ་དབུས་མ་དང་ཨེ་ཤ་ཡ་ཤར་མའི་དུས་བྱ་གནས་སྤོའི་ལམ་ཐིག་གི་འབྲེལ་མཚམས་ན་ཡོད་པས། དུས་བྱ་གནས་སྤོའི་སྐབས་ཀྱི་ངལ་གསོ་བྱེད་གནས་དང་བར་བརྒལ་ས་ཆ་གལ་ཆེན་ཞིག་ཡིན་ལ། ལོ་རེའི་དགུན་ཁ་ཐོན་དུས། དེ་ནི་ངང་དཀར་དང་ངུར་བ། ངང་པ་མགོ་ལྗང་སོགས་ཆུ་བྱ་མང་བོའི་བབ་སྡོད་གནས་མཆོག་ཅིག་ཏུ་གྱུར་ཡོད།

        མིག་སྔར། མཚོ་སྔོན་པོ་འདི་རྒྱལ་ཁབ་སྤྱི་གླིང་དུ་འཛུགས་བཞིན་ཡོད་ལ། ཤེས་རྟོགས་བྱུང་བ་ལྟར་ན། ས་གནས་དེ་གས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཚན་ཞིབ་ལྟ་ཞིབ་ཚད་ལེན་མ་ལག་སོགས་ཀྱི་ཆེད་དམིགས་འཆར་འགོད་སྒྲིག་བཟོ་ལེགས་འགྲུབ་བྱུང་ནས་མཚོ་ནང་དང་འགྲམ་ངོགས། ཆུ་ཁུངས་དང་འབབ་རྒྱུད་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར2.2བཏང་ནས་རྩྭ་ས་བཅོས་སྐྱོང་དང་རང་བྱུང་ནགས་ཚལ་སྲུང་སྐྱོབ། བྱེ་འགོག་བྱེ་བཅོས། བརླན་ས་སྲུང་སྐྱོབ་དང་ཞིག་གསོ་སོགས་གཙོ་གནད་སྐྱེ་ཁམས་རྣམ་གྲངས16དོན་འཁྱོལ་ལག་བསྟར་བྱས་ཏེ་ཕྱོགས་ཡོངས་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་དོ་དམ་བྱ་རྒྱུ་ལ་སྐུལ་འདེད་བྱས་ཡོད།

        མཚོ་སྔོན་ཞིང་ཆེན་ནུབ་རྒྱུད་ཀྱི་ཚྭ་འདམ་གཞོང་སའི་ཁྱབ་ཁོངས་སུ། ཉིན་ཤས་བསྟུད་མ་ནས་བཟུང་། པར་ལེན་ལ་དགའ་མཁན་མང་བོ་ཡོང་སྟེ་ངང་དཀར་དང་སྐྱར་མོ་རྐང་རིང་། ཆུ་སྐྱར་སྐྱ་བོ། ཁྲུང་ཁྲུང་མཐིང་ག ཏི་སུ་ཕིང་ཕིང(欧亚鸲)སོགས་བྱ་རིགས་མང་བོ་བརྙན་མིག་སྤྱད་ནས་ཟིན་ཐོར་བཀོད་དང་འགོད་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1