འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་ལས་དོན་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་སྟེ། བོད་ཀྱི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་ཐད་བཀོད་སྒྲིག་བྱས་ནས་2022ལོར་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་ཀྱིས“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱེད་འགོ་ཕྱོགས་ཡོངས་ནས་འཛུགས་དགོས་པ་དང་། 2025ལོར་སླེབས་སྐབས་སྐྲུན་བཞིན་པའི“སྙིགས་རོ་མེད་པའི་གྲོང་ཁྱེར”དག་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་ཚོད་སྐོར་གྱི་ཚད་གཞི་ལོན་ནས་གྲོང་ཁྱེར་གཞན་དག“སྙིགས་རོ་མེད་པའི་གྲོང་ཁྱེར”རིམ་པ་བཞིན་འཛུགས་སྐྲུན་བྱེད་པའི་ལས་ཀའི་རྨང་གཞི་འདིང་དགོས་ལུགས་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།《ཇུས་གཞིའི》ནང་མཁྲེགས་གྱུར་སྙིགས་རོ་ཉུང་གཏོང་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། མཁྲེགས་གྱུར་སྙིགས་རོ་གཙང་སེལ་གྱི་རྨང་གཞིའི་ཞན་ཆ་སེལ་བ་དང་། མཁྲེགས་གྱུར་སྙིགས་རོའི་སྦགས་བཙོག་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མཁྲེགས་གྱུར་སྙིགས་རོ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་གཙོ་གནད་དུ་བཟུང་སྟེ། “རྩེ་རིམ་ལམ་ལུགས་ཀྱི་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་མཁྲེགས་གྱུར་སྙིགས་རོའི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ”དང“བཟོ་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བཟོ་ལས་ཀྱི་མཁྲེགས་གྱུར་སྙིགས་རོ་གཙང་སེལ་བྱེད་ནུས་ཆེ་རུ་གཏོང་བ”སོགས་ཕྱོགས་ལྔའི་ཐད་ནས་ཞིབ་ཕྲའི་ལས་འགན་ཁག་16བཏོན་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། མ་དངུལ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་ཕྱོགས་བཞིའི་ཐད་ཀྱི་འགན་ལེན་བྱ་ཐབས་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།
《ཇུས་གཞིའི》ནང་བཏོན་དོན། ཞིང(འབྲོག)ལས་ཀྱི་ལྗང་མདོག་ཐོན་སྐྱེད་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཀྱི་སྙིགས་རོ་ཕྱོགས་བསྡུས་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ལྡན་ལུད་མང་དུ་གཏོང་བ་དང་། སོག་མ་ལུད་སྒྱུར། འདེབས་གསོ་ཟུང་འབྲེལ་སོགས་ཀྱི་ལག་རྩལ་སྤྱོད་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ཏེ། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཐོན་ཁུངས་ཅན་གྱི་བེད་སྤྱོད་དང་ནད་ཤི་ཐེབས་པའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཅན་དུ་བསྒྱུར་བར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་རིམ་པའི་ནད་ཤི་ཐེབས་པའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཅན་དུ་བསྒྱུར་བའི་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞུ་སླ་བ་དང་སྤྱོད་ཡུན་རིང་བའི་ཞིང་སྤྱོད་འགྱིག་ཤོག་སྤྱོད་པར་བསྔགས་སྐུལ་བྱེད་དགོས། མཁོ་ཚོང་མཉམ་ལས་ཁང་གིས་ཞིང་སྤྱོད་རྒྱུ་ཆ་བྲིན་ཚོང་བྱེད་པར་རྒྱབ་སྐྱོར་དང་། ཞིང་སྤྱོད་འགྱིག་ཤོག་སྙིགས་རོ་དང་ཞིང་སྨན་དང་ཕྱུགས་སྨན་གྱི་ཐུམ་སྒྲིལ་དངོས་པོ་ཕྱིར་བསྡུ་བེད་སྤྱོད་མ་ལག་འཛུགས་པ། ཞིང་ལས་ཀྱི་གཙོ་གནད་རྫོང(ཁུལ)གིས་བེད་མེད་ཞིང་སྤྱོད་འགྱིག་ཤོག་ཕྱིར་བསྡུའི་ཁ་གསབ་ལམ་ལུགས་འཚོལ་ཞིབ་ཀྱིས་འཛུགས་པར་རྒྱབ་སྐྱོར་བཅས་བྱེད་དགོས།
འབྱུང་འཕྲོད་འཚོ་བ་སྐྱེལ་སྟངས་ལག་ལེན་བསྟར་ཆེད། 《ཇུས་གཞིའི》ནང་སྤྱི་ཚོགས་ཡོངས་ལ་རང་རྟོགས་ངང་གད་སྙིགས་རིགས་དབྱེར་ཞུགས་པ་དང་ཚད་དང་རན་པའི་སྒོ་ནས་འཛད་སྤྱོད་བྱེད་པའི་གོམས་གཤིས་འཇགས་རྒྱུའི་ཁྲིད་སྟོན་བྱས་ནས། རང་འགུལ་ངང་སྤྱོད་གཅིག་མའི་འགྱིག་ཤོག་ཐོན་རྫས་ཉུང་ཙམ་སྤྱོད་པ་དང་མཁྲེགས་གྱུར་སྙིགས་རོ་འབྱུང་རྩ་ནས་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ལུགས་བཏོན་ཡོད།