ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་རིང་པོའི་གཡས་ཀྱི་ཕུག་ལམ་དང་པོ་ཕུག་ཐུབ་ཡོད།
ཕུག་ལམ་ཡོངས་ཀྱི་འཕེལ་རིམ་སྨི་ཁྲི8ལས་བརྒལ་རྒྱུ་རེད།
ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ཨར་ལས་བྱ་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཤིང་།སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་། འཕྲུལ་ཆས་དང་སྒྲིག་ཆས་ཆེ་གྲས་ཀྱི་སྐད་སྒྲ་གཡས་འཇགས་གཡོན་ལངས་རེད།འཛུགས་སྐྲུན་པ་ཚོས་ལོ2ཙམ་རིང་ལ་ཉིན་མཚན་མེད་པར་འབད་འཐབ་བྱས་མཐར།སྤྱི་ཟླ12པའི་ཚེས16ཉིན་གྱི་ཐོ་རེངས་སུ་ཕུག་ལམ་རིང་པོ་དང་པོའི་ཡོན་གནས་ཕུག་ལམ་གྱི་གཡས་ཕྱོགས་ཕུག་ལམ་ཕུག་ཐུབ་པ་རེད། ད་སྔར་ཕུག་ལམ་ཧྲིལ་པོའི་ལས་གྲྭ་བརྒྱ་ཆ57.7ལེགས་སུ་འགྲུབ་པ་དང་ཕུག་ལམ་ཧྲིལ་པོའི་ལས་གྲྭ་འཕེལ་རིམ་སྨི་ཁྲི་བརྒྱད་ལས་བརྒལ་རྒྱུ་ཡིན་པ་རེད།
ཡོན་གནས་ཕུག་གི་ཕུག་ལམ་ནི་ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་པ་དང་། རིང་ཚད་ཧྲིལ་པོར་སྤྱི་ལེ1.87ཡོད་ཅིང་། རི་མཐོ་གྲོག་རོང་ཁུལ་དུ་གནས་པའི་གཟར་ཐུར་དང་མཐོ་གཟར་གྱི་ས་གཤིས་སུ་ཡོད་ཅིང་། ཕུག་ལམ་དེ་ནང་འཛུལ་ཕྱིར་བུད་བྱེད་སར“བརྐོས་ཀྱང་རི་ལྡེབས་ལ་གཏོར་བཤིག་ཚབས་ཆེན་མི་ཐེབས་པའི”བྱེད་ཐབས་སྤྱད་དེ་རི་ལྡེབས་ལ་གནོད་པའི་ཚད་གཞི་ཉུང་དུ་གཏོང་གང་ཐུབ་དང་ཕུག་ལམ་དོང་ཁའི་མཐའ་སྐོར་གྱི་རྩི་ཤིང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་གང་ཐུབ་བྱས་པ་རེད།
དེ་དང་ཆབས་ཅིག། ནང་འཛུལ་ཕྱིར་བུད་བྱེད་སར་ས་རྡོ་སྤུངས་རིམ་མཐུག་པོ་དང་བྲག་རྡོ་ཐོར་བ། རི་ལྡེབས་ཀྱི་ས་བབ་གཟར་ཐུར་ཡིན་པ།མཐོ་ས་ནས་རྡོ་ལྷུང་བའི་ཉེན་ཁ་ཡོད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། ཕུག་ལམ་གྱི་གསལ་ཆ་རིང་དུ་གཏོང་བའི་བྱ་ཐབས་སྤྱད་དེ་ཨར་ལས་དང་སྐྱེལ་འདྲེན་རིང་གི་ཉེན་མེད་འགན་ལེན་བྱས་པར་མ་ཟད། སྔོན་དུ་སྲང་ལམ་བརྒྱུད་ནས་རླུང་རྒྱུག་ས་དང་གློག་སྤྱོད་ཟད་གྲོན་ཉུང་དུ་ཤུགས་ཆེན་གཏོང་བའི་བྱེད་ཐབས་སྤྱད་དེ་ཐཱན་ཉུང་ཕན་འབྲས་ཆེ་བ་དང་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ་རེད།“ལོ་གཅིག་རིང་ལ་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་དྲོད་ཚད་མཐོ་བ་དང་གློག་ཚོད་འཛིན། རིམས་ནད་ཕོག་པ། ཆུ་འབྲུབ་པའི་དུས་སྐབས་དང་དེ་བཞིན་དུ་སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་ཁར་བྱུང་བའི་ས་འགུལ་གྱི་གནོད་འཚེ་ལ་སོགས་པའི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་དམར་དམག་ཆུ་བརྒལ་ཕུག་ལམ་དང་ཡོན་གནས་ཕུག་ལམ་ཕུག་ཐུབ་པ་དེའི་ཐོག་ནས་ངལ་རྩོལ་འགྲན་བསྡུར་གྱི་ལས་འགན་གལ་ཆེན་བདེ་བླག་ངང་མཇུག་འགྲིལ་ནས་གཏན་འཁེལ་བྱས་པའི་ལོ་འཁོར་གྱི་དམིགས་འབེན་ཕུན་སུམ་ཚོགས་པོའི་ངང་ལེགས་སུ་འགྲུབ་པ་མཚོན་ཡོད། ཕྱིན་ཆད་ལྕགས་སྲིབ་སྤྱི་གཉེར་ཁང་དེའི་ནང་ཞུགས་མཁན་གྱི་འཛུགས་སྐྲུན་སྡེ་ཚན་སོ་སོ་དང་སི་ཁྲོན་གྱི‘ཕྱོགས་བཞིའི་བར་མཐོངས་བརྒྱད’ཀྱི་འཐབ་ཇུས་རང་བཞིན་གྱི་ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་གྱི་ཆགས་ཚུལ་འཛུགས་སྐྱོང་བྱ་ཆེད། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ནང་འབྲེལ་ཕྱི་འགྲོའི་བགྲོད་ལམ་ཕུག་ཐུབ་པ་བྱས་ནས‘མྱུར་སྐྱོད་དང་ཡུལ་སྐོར་སླ་བའི’རྨང་གཞིའི་སྒྲིག་བཀོད་དྲ་བ་འཐུས་སྒོ་ཚང་དུ་གཏོང་བར་བྱས་རྗེས་གསར་པ་དེ་བས་ཆེན་པོ་འཇོག་རྒྱུ་ཡིན”ཞེས་ལེ་ཁེ་ཡུན་གྱིས་དེ་ལྟར་བཤད་པ་རེད།