བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-23


བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་དགོས།

—— ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

        ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “སང་ལོར་བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་དགོས” བརྟན་པོའི་རྩ་བའི་དགོངས་གཞི་དེ་བས་ཁ་གསལ་བ་དང་། ཡར་འཕེལ་གྱི་བླང་བྱ་དེ་བས་དགེ་མཚན་ལྡན་པ། བརྒྱུད་སྤྲོད་ཀྱི་ཆ་འཕྲིན་ཧ་ཅང་ཕུན་སུམ་ཚོགས་པོ་བཅས་ཡོད་པ་རེད།

        བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ནས་བཏོན་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། དེ་ལས་མངོན་གསལ་དོད་པའི་གནད་དོན་གྱི་ཕྱོགས་སྟོན་དང་དམིགས་ཚད་ཀྱི་ཕྱོགས་སྟོན་མངོན་ཡོད། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་ཡོང་བའི་རྨང་གཞི་ད་དུང་བརྟན་པོ་མེད་པ་སྟེ། དགོས་མཁོ་ཆུང་དུ་འགྲོ་བ་དང་། མཁོ་སྤྲོད་ཀྱི་རྡབ་རྡེག་ཕོག་པ། སྔོན་དཔག་ཞན་པ་བཅས་ཀྱི་གནོན་ཤུགས་ཆེན་པོ་གསུམ་སྔར་བཞིན་ཅུང་ཆེ་བ་དང་། ཕྱི་རོལ་གྱི་ཁོར་ཡུག་ཡམ་ཡོམ་དང་བདེ་འཇགས་མེད་པས་རང་རྒྱལ་གྱི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་གཏིང་ཟབ་ཐེབས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལེགས་སུ་བཏང་བ་དེས་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་ཤུགས་རྐྱེན་ཧ་ཅང་མངོན་གསལ་དོད་པོ་ཐེབས་མོད། འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས་བྱེད་པར་ད་དུང་ལས་ཀ་འབོར་ཆེན་བསྒྲུབ་དགོས། དུས་བབ་ཇི་ཙམ་རྙོག་འཛིང་ཆེ་བ་དང་འགག་རྩའི་དུས་སུ་དེ་ཙམ་གྱིས་བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་དགོས། དེ་ནི་རང་རེའི་ཏང་གིས་དཔལ་འབྱོར་ལས་དོན་ཧུར་ཐག་བསྒྲུབས་ནས་གྲུབ་འབྲས་ཐོབ་པའི་ལག་ལེན་ར་སྤྲོད་ཡང་ཡང་བྱེད་པའི་ཉམས་མྱོང་གལ་ཆེན་ཞིག་རེད།

        བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པར། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བ་བྱེད་པའི་ལས་དོན་མངོན་གསལ་དོད་པོས་ཡག་པོ་བསྒྲུབ་དགོས། ང་ཚོའི་དཔལ་འབྱོར་སྡེ་གཞི་དེ་འདྲ་ཞིག་གི་ངོས་ནས་བརྗོད་ན་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ལུགས་མཐུན་གྱི་དཔལ་འབྱོར་འཕར་རྒྱུ་རྒྱུན་འཁྱོངས་བྱས་ནས་ལས་ཞུགས་དང་དམངས་འཚོ་འགན་ལེན་གང་ལེགས་བྱུང་ཚེ། ད་གཟོད་གཞི་ནས་བག་ཕེབས་ངང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཡོང་འབབ་འབྲིང་གྲས་ཀྱི་གཡོ་ཇུས་འོག་མི་ཚུད་པ་བྱུང་ནས། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ལེགས་ཆ་མངོན་ཐུབ། རང་རྒྱལ་གྱི་དཔལ་འབྱོར་ལ་ལུགས་མཐུན་ངང་འཕར་བའི་ཆ་རྐྱེན་འཛོམས་པས། འབད་བརྩོན་བརྒྱུད་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་ཐུབ་པའི་རྨང་གཞིའི་ཐོག དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། དཔལ་འབྱོར་འཕར་རྒྱུ་དེ་མངོན་མེད་འཕར་ཚད་ཀྱི་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། སང་ལོར་རང་རྒྱལ་གྱི་ལས་ཞུགས་བསྡོམས་འབོར་གྱི་གནོན་ཤུགས་དང་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་མཉམ་དུ་གནས་པས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས། རང་རྒྱལ་གྱི་སྤྱི་ཚོགས་ལ་སྤྱིའི་མཁོ་སྤྲོད་འདང་ངེས་དང་། འབྲུ་རིགས་དང་ནུས་རྒྱུ་འགན་ལེན་ནུས་ལྡན། ཟོག་གོང་བརྟན་པོ་ཡོང་བར་རྨང་གཞི་ལྡན་པ་བཅས་ལས། གཞི་ཆེའི་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་མི་སྲིད་མོད། འོན་ཀྱང་གྲུབ་ཆའི་རང་བཞིན་གྱི་ཟོག་གོང་འཕར་བ་ལས་དཀའ་ངལ་ཡོད་པའི་མང་ཚོགས་ཁག་གཅིག་ལ་ཐེབས་པའི་ཤུགས་རྐྱེན་དུས་ཐོག་ཏུ་ཆུང་དུ་ནུས་ལྡན་གཏོང་དགོས།

        བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པར། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་ཤུགས་ཆེན་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་འཇོག་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དཔལ་འབྱོར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས། གཙོ་རྒྱུའི་བཀོད་སྒྲིག་ལེགས་གཏོང་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གོམ་སྟབས་སྔར་ལས་ཆེ་བ་སྤོ་དགོས། ལྟེ་བའི་འགྲན་རྩོད་ནུས་པ་དང་ལྟེ་བའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཇུས་འགོད་བྱེད་དགོས། ནོར་ཁྲལ་དང་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། དངུལ་རྩ་དང་ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་སེལ་རྒྱུར་སྐུལ་འདེད་གཏོང་དགོས། རིགས་ཁག་གི་ཁེ་ལས་ཀྱི་གསོན་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཁེ་ལས་དང་ལྷག་པར་དུ་དམངས་གཉེར་ཁེ་ལས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཐོག་ང་ཚོས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་མིན་ཐད་ཀྱི་ཡང་མ་དག་པའི་གཏམ་གླེང་ལ་དམིགས་ཏེ། ངེས་པར་དུ་རྣམ་འགྱུར་གསལ་པོ་འཛིན་དགོས་པ་ལས་ཟ་རི་ཟི་རི་གཏན་ནས་བྱེད་མི་རུང་། ཡིད་རྟོན་རུང་བའི་བདག་དབང་སྲུང་སྐྱོང་ལམ་ལུགས་ནི་སྔོན་དཔག་བརྟན་པོ་ཡོང་བ་བྱེད་པའི་རྨང་རྡོ་ལྟ་བུ་ཡིན། བདག་དབང་དང་ཤེས་བྱའི་བདག་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས། གན་འཛིན་གྱི་སྙིང་སྟོབས་བརྟན་པོ་སྲུང་དགོས། ལམ་ལུགས་དང་བཅའ་ཁྲིམས་ཀྱི་ཐོག་ནས་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་ཁྲོམ་རར་འཇུག་འཐུས་བྱེད་ཤུགས་ཆེ་རུ་བཏང་ནས། གཞུང་ཁོངས་ཁེ་ལས་ཀྱིས་སྒྲུབ་ཕོད་པ་དང་། དམངས་གཉེར་ཁེ་ལས་ཀྱིས་འགྲན་ཕོད་པ། ཕྱི་རྒྱལ་ཁེ་ལས་ཀྱིས་མ་འཇོག་བྱེད་ཕོད་པ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།

        བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པར། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྲིད་ཇུས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་དགོས། གཞི་ཆེན་སྲིད་ཇུས་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིགས་ཁག་གི་སྲིད་ཇུས་མཐུན་སྦྱོར་ལ་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་ཤུགས་ཆེན་གཏོང་དགོས། སྡེབ་སྒྲིག་མཚལ་ཡིག་དང་། ཆེད་སྤྱོད་བུ་ལོན། སྐྱེད་གསབ་སོགས་ཀྱི་ཡོ་བྱད་ལེགས་སུ་གཏོང་བ་དང་། ནོར་སྲིད་སྲིད་ཇུས་རྒྱ་སྐྱེད་བྱེད་ཤུགས་འོས་འཚམ་ཆེ་རུ་གཏོང་བ། ནོར་སྲིད་ཀྱི་གཏོང་སྒོ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་གནད་སྨིན་ལག་བསྟར་བྱེད་དགོས། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་དང་། ཚན་རྩལ་གསར་གཏོད། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དངུལ་རྩས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འདང་ངེས་དང་མ་གནས་ཆུང་བའི་མ་དངུལ་གྱི་རྒྱབ་སྐྱོར་བྱེད་དགོས། ཐོན་ལས་སྲིད་ཇུས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་མཉམ་འཛིན་བྱེད་དགོས། འཕེལ་རྒྱས་ནི་བདེ་འཇགས་ཀྱི་རྨང་གཞི་དང་བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། ཐོན་ལས་སྲིད་ཇུས་ནི་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པའི་འབྲེལ་ཆོས་གལ་ཆེན་ཞིག་ཡིན། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། ཐོན་ལས་འཁོར་སྦྲེལ་གྱི་ཉམས་ཞན་ལྷུ་ཚིགས་ནུས་ཤུགས་ཡོད་རྒུས་སེལ་དགོས། ཚན་རྩལ་སྲིད་ཇུས་ཀྱིས་རང་ཚུགས་རང་དར་ལ་དམིགས་དགོས། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་དང་། ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་གནད་འཁེལ་ངང་ཁོང་དུ་ཆུད་པ་དང་གཞི་གཅིག་ཏུ་དོན་འཁྱོལ་བྱས་ཏེ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་དགོས། སང་ལོ་མཐོ་སློབ་སློབ་ཐོན་སློབ་མའི་གཞི་ཁྱོན་མི་ཁྲི་1150ལྷག་ཙམ་ཟིན་པ་དང་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་ཡིན་པས། ལས་ཞུགས་ནུས་པ་ཆེ་བའི་ཐོན་ལས་དང་ཁེ་ལས་ལ་རྒྱབ་སྐྱོར་དང་། འཕེལ་རྒྱས། བསྡུ་ལེན་བཅས་བྱས་ཏེ། གཞོན་ནུ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཤམ་སྒྱུར་དང་ཁུལ་ཁོངས་དོ་སྙོམས་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས། གྲོང་གསེབ་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་སྨན་བཅོས་ཐོན་ཁུངས་ཇེ་མང་དུ་གཏོང་དགོས། མི་འབོར་ན་རྒས་ཅན་དང་བུ་ཉུང་ཅན་གྱི་གནད་དོན་ལ་ཁ་གཏད་ཧུར་ཐག་འཇལ་ནས། བུ་བཙར་རྒྱབ་སྐྱོར་གྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་བཏང་སྟེ་སྤྱི་ཚོགས་སྟོབས་ཤུགས་སྣ་མང་མཁོ་སྤྲོད་བྱེད་མང་དུ་འགྲོ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས།

        བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པར། རྒྱུད་ཁོངས་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་ངེས་པར་དུ་བརྟན་པོར་སྲུང་དགོས། ཉེན་ཁ་གཅིག་སྡུད་ངང་ཐོན་ཚེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཕེལ་མེད་རང་སོར་གནས་པའམ་ཐ་ན་ཕྱིར་བཤོལ་ཡང་ཐེབས་སྲིད་པས་བརྟན་པོ་དེ་བས་གླེང་ཐབས་བྲལ། ས་ཁང་བདག་ཁོངས་ཀྱི་ཐོན་ལས་འབྲེལ་ཐག་རིང་བས། དེས་དཔལ་འབྱོར་འཕར་རྒྱུ་དང་། ནོར་སྲིད་གནས་ཚུལ། ཉེན་ཁ་སྔོན་འགོག་བཅས་ལ་བརྒྱུད་རིམ་ལྡན་པའི་ཤུགས་རྐྱེན་ཐེབས་སྲིད། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་གྱིས་ཁང་པ་རྩིས་སྤྲོད་འགན་ལེན་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་། སྤུས་ལེགས་ཀྱི་སྣེ་འདྲེན་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་བསལ་ནས་མ་རྩ་བུན་ཟུག་གི་གནས་ཚུལ་ལེགས་སུ་གཏོང་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་ཉོ་ཚོང་མིན་པའི་ངེས་གནས་མཐའ་འཁྱོངས་ཀྱིས་ས་ཁང་བདག་ཁོངས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པའི་ཕྱོགས་སུ་བརྟན་པོའི་ངང་བར་བརྒལ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ནི་ལྦུ་སོབ་ས་ཁང་བདག་ཁོངས་དུས་འཁོར་འཁོར་སྐྱོད་ལས་ཐར་བའི་རྩ་བཅོས་བྱེད་ཐབས་ཤིག་རེད། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱས་ནས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ་ས་ཁོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པ་བྱེད་དགོས།

        རྒྱང་ལམ་གསར་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་འཚབ་འཚུབ་མེད་པར་ཁ་གཏད་འཇལ་བ་བཅས་བྱས་ཚེ་རང་རྒྱལ་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤགས་ཀྱིས་མདུན་དུ་སྐྱོད་ཐུབ་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1