༄༅།།གུར་དཀར་རྒྱལ་པོའི་སྲས་ཁྲི་བཙུན་གྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 12-26


སྲས་ཁྲི་བཙུན་དེ་ན་རེ། ཡ། ཁོ་རེ་ཚེ་ཟད་སྨུག་པོ་སྐྱ། །ཚེ་ཡང་ཟད་ཨ་ཕོའི་གདོང་ལ་བཅར། །མི་ཁྱོད་ལ་ཐར་ས་ཡོད་པ་མིན། །དུས་དེ་རིང་རྟིང་མ་ང་ལ་བབས། །ཟེར་ནས། མདུང་གསོར་ཏེ་གླུ་འདི་འདྲ་བླངས་པར་གདའ་འོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   གླུ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །

   བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །

   མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །

   ལྕགས་ནག་དམ་པའི་དགུ་སྒྲིག་མཁྱེན། །

   རྒྱལ་པོ་དམར་པོའི་གདུང་རྒྱུད་མཁྱེན། །

   གཉིད་མེད་ཨ་མཆོད་གུ་རུ་མཁྱེན། །

   གཟིམས་མེད་མར་མེ་ཚེ་འབར་མཁྱེན། །

   མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །

   དུས་དེ་རིང་ཉི་མའི་གདོང་གང་ལ། །

   དགྲ་སྙིང་སྦར་གྱིས་འདེབས་པར་ཤོག །

   དགྲ་མགོ་རྡོག་པས་གནོན་པར་ཤོག །

   ས་འདིའི་ས་ངོ་མ་ཤེས་ན། །

   གླིང་ཉིན་ཕྱོགས་རྨ་ཆུའི་འགྱིང་ཁུགས་རེད། །

   ཕོ་ང་དང་ང་ངོ་མ་ཤེས་ན། །

   ཨ་ཆེན་ཧོར་གྱི་གཞི་དཀྱིལ་ན། །

   སེར་མོ་རག་དུག་མཁར་དགུ་ནས། །

   མཁར་ཡ་རྩེའི་དཀར་མོ་རྩིབས་སྟོང་ན། །

   ཧོར་མི་འགྱུར་གནམ་ལྷ་དཀར་པོ་ལ། །

   སྲས་ལྷའུ་སྤུན་གཉིས་འཁྲུངས་པས་ན། །

   ང་ཆེ་བ་ཁྲི་བཙུན་རིག་ཡག་ཡིན། །

   ཐེའུ་རང་དཀར་པོའི་བུ་སྐལ་ཡིན། །

   མཐོ་ནམ་མཁའ་མིན་པ་མི་བསམས་ཏེ། །

   ང་ཁྲི་བཙུན་མགོ་འཕང་གནམ་ལས་མཐོ། །

   ཡངས་བར་སྣང་མིན་པ་མེད་བསམས་ཏེ། །

   ངའི་བྱང་ཁོག་བར་སྣང་ཁམས་ལས་ཡངས། །

   ཆེ་ས་གཞི་མིན་པ་མེད་བསམས་ཏེ། །

   ང་ལྷ་ཕྲུག་བློ་རྒྱ་ས་ལས་ཆེ། །

   བརླིང་རི་རྒྱལ་མིན་པ་མེད་བསམས་ཏེ། །

   ང་ཁྲི་བཙུན་གཞི་བརླིང་རི་ལས་ཆེ། །

   ཟབ་རྒྱ་མཚོ་མིན་པ་མེད་བསམས་ཏེ། །

   ང་ཁྲི་བཙུན་བློ་དཀྱིལ་མཚོ་ལས་ཟབ། །

   ང་མ་ཁྲོས་བདུད་རྩི་སྨན་དང་འདྲ། །

   ཁྲོས་ན་བཙན་དུག་ནག་པོ་ཡིན། །

   ཞེ་དགའ་ན་དུང་ཟླ་དཀར་པོ་འདྲ། །

   མ་དགའ་གཟའ་བདུད་ནག་པོ་ཡིན། །

   ཧོར་འབུམ་དམག་ཁྲ་མོའི་གཞི་དཀྱིལ་ན། །

   ཁྲི་མིང་ཐོགས་པ་གསུམ་ལས་མེད། །

   ཕ་ཨ་གནམ་ཁྲི་དཔོན་ཁྲི་མིང་ཐོགས། །

   བུ་ཁྲི་བཙུན་ཁྲི་དགའ་ཁྲི་མིང་ཐོགས། །

   ཤན་གུང་རྗེ་ཁྲི་ཐུབ་ཁྲི་མིང་ཐོགས། །

   ཁྲི་གསུམ་ཐོགས་པའི་མི་གསུམ་ཡིན། །

   གནམ་ཨ་སྔོན་གཡང་གི་ར་བ་ན། །

   ཉི་ཟླ་སྐར་གསུམ་མིན་པ་མེད། །

   ས་དོག་མོ་བཀྲ་ཤིས་འཁྱིལ་བ་ན། །

   རྗེ་གུར་དཀར་ཕ་བུ་རྣམ་གསུམ་བཞུགས། །

   དེ་རིང་གླིང་ཕྲུག་སྨུག་པོ་སྐྱ། །

   ཉོན་ཟེར་ན་དར་ལུང་རྣ་བས་ཉོན། །

   ལྟོས་ཟེར་ན་ཁྲ་ཆུང་མིག་གིས་ལྟོས། །

   དཔྱོད་ཟེར་ན་གངས་དཀར་སེམས་ཀྱིས་དཔྱོད། །

   ལ་གཞི་གནས་ལུགས་བཤད་པ་ན། །

   གླིང་དཀར་པོའི་རྒྱ་ཚ་ཞལ་དཀར་དང་། །

   འགོག་མོ་ཇོ་རུ་བུ་སྡུག་གཉིས། །

   ལྟས་ངན་སྤུན་གཉིས་གླིང་ལ་སྐྱེས། །

   རྒྱ་གར་རྒྱ་ནག་བལ་མོན་ཧོར། །

   འགྲན་མ་བཙུགས་ལས་ལ་གཅིག་ཀྱང་མེད། །

   ནོམ་འཕྲོག་པ་རྩི་རྩི་གྲངས་མེད་རེད། །

   སྐྱིད་ཞོ་ལྟར་ཆགས་པ་ཁྲག་བཞིན་དཀྲུགས། །

   ཡང་སྒོས་གུར་དཀར་ཨ་གནམ་ལ། །

   བརྙས་བཞག་མ་བྱས་ལས་གཅིག་མེད། །

   ཧོར་ཐོ་ཐོག་རྒྱལ་པོ་འུར་རྡོས་བཀྲོངས། །

   ཀུན་དགའི་བུ་མོ་ཕྱི་ལ་མངགས། །

   ད་ལོ་འབུམ་དམག་ས་ལ་བརྡབས། །

   མི་སྲིད་སྲིད་པ་གླིང་རུས་བྱས། །

   དེ་སྟེ་གུར་དཀར་མན་ཆད་ནས། །

   ཧོར་རྩྭ་མི་ཤིང་མི་ཡན་ཆད་རྣམས། །

   ཤི་ན་དུར་ས་གླིང་ལ་འདེབས། །

   ཤི་རོགས་མགོ་སྦྲེལ་ཨེ་རྙེད་བལྟ། །

   མཐར་ཟད་ཀྱང་འགྱོད་པ་སྐྱེ་རྒྱུ་མེད། །

   ཕམ་ཁུར་ནས་ཧོར་འགྲོ་བ་ལས། །

   གཅིག་མ་ལུས་གླིང་ནས་ཤི་བ་དགའ། །

   དེ་ནས་གླིང་ཕྲུག་སྨུག་པོ་སྐྱ། །

   མཁར་དཀར་མོ་རྩིབས་སྟོང་ནང་བཅུད་ལ། །

   སྟོབས་ཆེ་བ་གླིང་པོ་ཁྲ་འབར་ཡིན། །

   གྲི་ཕུད་ན་སྡིག་གཅོད་ཤན་པ་ཡིན། །

   མདའ་རྫོང་ན་ཐང་རྩེ་གཡུ་འབྲུག་ཡིན། །

   རྩལ་ཆེ་བ་ནམ་མཁའ་སྦར་འཛིན་ཡིན། །

   ཤེད་ཆེན་པོ་རི་བོ་པང་འཁོར་ཡིན། །

   མགྱོགས་འགྲན་མེད་རླུང་ནག་རྗེས་གཅོད་ཡིན། །

   མདུང་སྐྱ་རིང་ང་ལ་བབས་ལེ་ཡིན། །

   ངས་ལག་ན་བཟུང་བའི་སྐྱ་རིང་མདུང་། །

   མདུང་ཤིང་ཙནྡན་དཀར་པོས་བཟོས། །

   མདུང་སོ་གནམ་ལྕགས་ཞུན་ལ་བརྡུངས། །

   མདུང་སྣེ་རྒྱ་མོའི་དར་ལ་བྱས། །

   མདུང་རྔ་སེངྒེའི་རལ་པར་བྱས། །

   མདུང་རྟིང་གོར་མོ་རྡོ་ལ་བྱས། །

   ཐེའུ་རང་དཀར་པོའི་རྟེན་མདུང་ཡིན། །

   ཡ་རྩེ་རྒྱལ་པོའི་ཁྱད་ནོར་ཡིན། །

   ངས་དེ་རིང་གླིང་ཕྲུག་སྨུག་པོ་སྐྱ། །

   དང་པོ་འདོ་བ་སྨུག་གུ་དེ། །

   མདུན་རྒྱབ་སྦྲགས་ནས་མདུང་ལ་གཟེར། །

   དེ་སྟེང་སྒ་གདན་ཐོག་འཇོག་བྱེད། །

   དེ་ནས་གླིང་ཕྲུག་ཁ་སེར་ཁྱོད། །

   རྐང་མཐིལ་དཀྱིལ་ནས་གྱེན་ལ་གཟེར། །

   སྤྱི་གཙུག་མདུང་སོ་རྒྱང་གིས་འདོན། །

   མི་རྟ་གཉིས་ཀ་མཉམ་དུ་བསྒྲིལ། །

   ལག་གཡས་པས་བཟུང་ནས་ཧོར་ལ་འཁྱེར། །

   དགྲ་མགོ་འཁྱེར་བ་ཀུན་གྱི་ལུགས། །

   དགྲ་གཟུགས་འཁྱེར་བ་ཨ་ཕོའི་ལུགས། །

   དགའ་དོ་བསམ་མམ་སྡུག་དོ་བསམ། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1