ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་ནན་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-26


ཟླ་12ཚེས་23དང་24ཉིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

        ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་དམིགས་ཚད་གཏན་འཁེལ་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་དང་། ལི་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་23དང་24ཉིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་སྟེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པར་དམིགས་ཏེ་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་སྔོན་ལ་ཞིང་ལས་སྟོབས་ཆེར་གཏོང་དགོས་པ་དང་། ཞིང་ལས་སྟོབས་ཆེར་གཏོང་ཐུབ་ཚེ་གཞི་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་ཐུབ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་མེད་ན། དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཡོང་མི་སྲིད། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ནི་ཆ་མི་ཚང་བ་ཞིག་རེད། ངར་ཤུགས་གཅིག་སྒྲིལ་གྱིས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ལྟེ་བར་འཛིན་པའི“ཞིང་གསུམ”ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་མགྱོགས་མྱུར་སྐྲུན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་ཡིན། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་རྨང་གཞི་བརྟན་དུ་གཏོང་བ་བཅས་ཚང་མ་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཁ་འབྲལ་ཐབས་མེད། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པར་ཀྲུང་གོའི་ཁྱད་ཆོས་མངོན་པར་བྱས་ཏེ། རང་རྒྱལ་གྱི་རྒྱལ་བབ་ལ་གཞི་ཚུགས་པ་དང་། མི་མང་ས་ཉུང་གི་ཐོན་ཁུངས་ཀྱི་གནས་བབ་དང་། སོ་ནམ་རིག་གནས་ཀྱི་ལོ་རྒྱུས་ཀྱི་ནང་དོན་གཙོ་བོ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ཀྱི་དུས་རབས་ཀྱི་བླང་བྱར་གཞིགས་ནས་རང་ཉིད་ཀྱི་ལམ་བུར་སྐྱོད་པ་ལས། ཕྱི་རྒྱལ་གྱི་དེང་རབས་ཅན་གྱི་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ཀྱི་བྱེད་ཐབས་སྟབས་བདེའི་ངང་འདྲ་བཤུས་བྱེད་མི་རུང་། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལྟོ་ཕོར་བརྟན་པོར་འཛིན་པ་དང་། བང་རིམ་གཉིས་ལྡན་གྱི་གཉེར་སྐྱོང་སྒྲིག་སྲོལ་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཐཱན་ཉུང་གི་ཞིང་ལས་འཕེལ་རྒྱས་གཏོང་བ། སོ་ནམ་རིག་གནས་རྒྱུན་འཛིན་བཅས་བྱས་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མིག་སྔར། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་དམིགས་ཚད་གཏན་འཁེལ་བྱས་ནས“ཞིང་གསུམ”ལས་དོན་ལ་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་པའི་འཆར་འགོད་བཟོ་དགོས། གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་གོམ་སྟབས་བརྟན་པོས་ལས་དོན་བསྒྲུབས་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབ་དགོས། ཡུལ་བབ་དང་བསྟུན་པ་དང་། ཕན་འབྲས་དངོས་ལ་གཙིགས་ཆེན། ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་དུས་མཚམས་ལ་གཞི་ཚུགས་པ་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཁྲོད་ཀྱི་ཁ་ཚ་དགོས་གཏུགས་དང་ཞིང་པའི་བསམ་འཆར་མང་བའི་གནད་དོན་དངོས་ཐག་གཅོད་བྱེད་པ་ལས། དོན་དངོས་དང་བྲལ་བའི་ངོ་སོའི་འདུ་འགོད་གཉེར་མི་རུང་།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་དོན་ཆེན་ཞིག་རེད། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་མཐོར་གཏོང་བྱ་སྤྱོད་ལག་བསྟར་བྱས་ནས་ལག་བསྟར་ཇུས་གཞི་བཟོ་བར་དམ་འཛིན་བྱེད་དགོས། རྨོ་ཞིང་དང་ས་བོན་གྱི་གནད་འགག་གཉིས་དམ་འཛིན་བྱས་ནས། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་མཐའ་གཅིག་ཏུ་བརྟན་པོར་སྲུང་བ་དང་། གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་ཚང་མ་རིམ་བཞིན་ཚད་གཞི་མཐོ་བའི་ཞིང་ཁར་བསྐྲུན་པ། འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལ་ཕན་འབྲས་ཐོན་པར་དམ་འཛིན་བཅས་བྱས་ཏེ་ཁྱིམ་འཛིན་ས་བོན་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། འབྲུ་འདེབས་ཞིང་པའི་ཕན་འབྲས་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཙོ་ཐོན་ཁུལ་གྱི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ཐོན་འཕར་དང་གྱོང་གུན་ཉུང་གཏོང་ཕྱོགས་གཉིས་ལ་དུས་གཅིག་ཏུ་ཤུགས་སྣོན་བརྒྱབ་ནས་ཟས་རིགས་གྲོན་ཆུང་གི་བྱ་སྤྱོད་ཁག་མུ་མཐུད་ཟབ་ཏུ་གཏོང་དགོས། ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པ་དང་སྣེ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་བཙུགས་ཏེ་ཐབས་ལམ་མང་པོ་ནས་ཟས་རིགས་ཀྱི་འབྱུང་ཁུངས་གསར་སྤེལ་བྱེད་དགོས། དཔྱད་ཞིབ་ནན་པོ་བྱས་ནས་ས་གནས་ཁག་གིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་འགན་འཁྲི་དངོས་འབྲེལ་འཁུར་བར་སྐུལ་འདེད་གཏོང་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པར་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་བཅས་ཚང་མ་གྲོང་གསེབ་དར་རྒྱས་ཀྱི་ཕྱོགས་སུ་འཇོག་དགོས། ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས“དར་རྒྱས་ལྔ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་གཅིག་གྱུར་བཀོད་སྒྲིག་དང་། མཐུན་སྦྱོར་ངང་སྐུལ་འདེད། གཙོ་གནད་དམ་འཛིན། ཞན་ཆ་སེལ་བ་བཅས་བྱེད་དགོས། ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པས། ཐོན་ལས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས“ཡུལ་ཟོག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་པ། ཞིང་ལས་ཀྱི་ནུས་པ་སྣ་མང་གསར་སྤེལ་དང་གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་ཁྲོད་ནས་ཕན་འབྲས་ཐོན་པར་བྱེད་པ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཁྲོད་ནས་ཕན་འབྲས་ཐོན་པར་བྱེད་པ། སྣེ་འདྲེན་སྟོབས་ཆེར་གཏོང་བ་དང་། འཁོར་འབྲེལ་གསབ་པ། ལས་རྣམ་གསར་པ་དར་བར་བྱེད་པ། སྤུས་རྟགས་གཏོད་པ་བཅས་བྱེད་པ། གྲོང་གསེབ་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྲོམ་རའི་འགྲན་ནུས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཐའ་ཚད་ཀྱི་ལས་འགན་ཞིག་ཡིན་པས། མུ་མཐུད་འགན་འཁྲི་ནན་དུ་གཏོང་བ་དང་ཏན་ཏིག་འཁུར་ནས་དབུལ་སྒྲོལ་མི་འབོར་དང་དབུལ་སྒྲོལ་ས་ཁུལ་གྱི་རོགས་སྐྱོར་སྲིད་ཇུས་འབྲེལ་མཐུད་ཡག་པོ་དང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་གྲོང་ཚོ་དང་ཤང་ཧྲིལ་པོར་དབུལ་པོ་བསྐྱར་ལོག་གི་སྣང་ཚུལ་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་ཞིང་པ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་རྒྱ་ཆེར་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་དང་སྒྱུར་བཅོས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་མགྱོགས་མྱུར་སྐྲུན་དགོས། འཛམ་གླིང་གི་ཞིང་ལས་ཚན་རྩལ་ལག་རྩལ་གསར་ཤོས་ལ་དམ་པོར་དམིགས་ཏེ། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་གྱི་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་བྱེད་དགོས། གསར་གཏོད་མ་ལག་གི་ནུས་པ་ཧྲིལ་པོ་ཆེ་རུ་འགྲོ་བར་ཤུགས་སྣོན་བརྒྱབ་ནས། རང་རང་ངང་སྒྲུབ་པ་དང་། ཆུ་ཚད་དམའ་བའི་བསྐྱར་ཟློས། གཞན་སྒྱུར་བྱེད་ཚད་ཞན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་སྣེ་ཁྲིད་དུ་བྱས་ནས། ཐོན་ལས་ཀྱི་དགོས་གལ་ཕྱོགས་སྟོན་དུ་བྱེད་པ་དང་། རྨང་གཞིའི་ལག་རྩལ་དང་། ལྟེ་བའི་སོན་ཁུངས། འགག་རྩའི་ཞིང་འཕྲུལ་སྒྲིག་ཆས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་པ། རྒྱལ་ཡོངས་ཀྱི་ལམ་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ། རིམ་པ་ཁག་དང་རིགས་ཁག་གི་ལེགས་ཆའི་ཚན་ཞིབ་ཐོན་ཁུངས་བསྡུ་སྒྲིལ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིམ་པ་ཁ་གསལ་དང་། ལས་བགོས་མཐུན་སྦྱོར། འགྲན་རྩོད་འོས་འཚམ་བཅས་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་མ་ལག་གཏོད་དགོས། རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་གྱི་འཐབ་ཇུས་སྟོབས་ཤུགས་བཏོད་ནས་ཞིང་ལས་ཁྱབ་ཁོངས་ཀྱི་གསར་གཏོད་སྟེགས་བུ་གལ་ཆེན་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བར་ངེས་པར་དུ་ཞིང་པ་དང་ས་ཞིང་གི་འབྲེལ་བ་ཐག་གཅོད་བྱེད་པའི་གཙོ་ཐིག་དེ་མུ་མཐུད་དམ་འཛིན་བྱེད་པ་དང་། མཉམ་སྡེབ་ལ་དབང་བའི་ལམ་ལུགས་ཀྱི་རྩ་བ་བརྟན་དུ་གཏོང་བ་དང་ཞིང་པའི་མཉམ་སྡེབ་ཁོངས་མིའི་དབང་ཆ་འགན་ལེན་དང་མངོན་འགྱུར་བྱ་རྒྱུ་དེ་ཐོན་ཁུངས་སྐུལ་སློང་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དང་གཅིག་གྱུར་ཡོང་བར་བྱེད་པ། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་ཁུངས་རྒྱུ་ནོར་གྱི་དབང་ཆ་ལོགས་སུ་འབྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་པ་ཚོས་སྒྱུར་བཅོས་ཀྱི་གྲུབ་འབྲས་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱེད་དགོས། འགན་གཙང་དུས་བཅད་ཡང་བསྐྱར་ལོ་30རིང་དུ་གཏོང་བའི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་ཞིང་དུད་མང་ཆེ་བའི་སྔར་ཡོད་ཀྱི་འགན་གཙང་དབང་ཆ་རྒྱུན་མཐུད་བརྟན་པོ་ཡོང་བ་དང་བདེ་བླག་ངང་དུས་འགྱངས་ཐུབ་པ་བྱེད་དགོས། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ་དང་། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཞིང་དུད་ཆུང་གྲས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་སྣེ་ཁྲིད་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་བརྟན་ལ་གཟབ་ནན་ངང་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་ཁྲོམ་རར་ཞུགས་པའི་ཚོད་ལྟའི་ལས་དོན་ཟབ་ཏུ་བཏང་ནས་ས་ཆའི་གནས་ཐང་འཕར་ཁྲལ་གྱི་ཡོང་འབབ་བགོ་བཤའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྐྱེན་འདྲ་མཉམ་ངང་བརྗེ་རེས་དང་ཕྱོགས་གཉིས་འཁོར་རྒྱུག་ལ་འགོག་རྐྱེན་བཟོ་བའི་ལམ་ལུགས་ཀྱི་བཀག་རྒྱ་མེད་པར་བཟོ་བ་དང་། འཕེལ་རྒྱས་ཀྱི་གཞི་རྐྱེན་དང་ཞབས་ཞུ་སྣ་ཚོགས་གཤམ་སྤེལ་དེ་བས་མང་བ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་རྫོང་ཁོངས་ནང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་མི་འདྲ་བ་གཉིས་སྔོན་ལ་སེལ་ཐུབ་པ་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲོང་གསེབ་དེང་རབས་ཅན་ནི་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་ནང་གནས་ཀྱི་བླང་བྱ་དང་ཁ་ཚ་དགོས་གཏུགས་ཀྱི་ཆ་རྐྱེན་ཞིག་རེད་ལ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་རྒྱུ་ནི་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ལ་ཡོད་དགོས་ངེས་ཀྱི་ནང་དོན་ཞིག་ཀྱང་རེད། ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དེང་རབས་ཅན་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཏུ་ཕྱི་ནང་གཉིས་འཛོམས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བ་བྱེད་དགོས། “གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པའི”དམིགས་ཚད་ལ་གཞིགས་ནས། གྲོང་གསེབ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་པ་དང་། ལྷག་པར་དུ་རིམས་འགོག་དང་། རྒན་གསོ། སློབ་གསོ། སྨན་བཅོས་སོགས་ཐད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཚད་དང་། སྤྱི་པའི་ཞབས་ཞུ་སྟབས་བདེ་ཚད། སྡོད་མལ་ཁོར་ཡུག་སྐྱིད་སྣང་དོད་ཚད་བཅས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཞིང་པ་རྣམས་ས་གནས་དེ་རང་དུ་དེང་རབས་ཀྱི་ཤེས་དཔལ་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས། ཏང་རྩ་འཛུཌ་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་འདི་ཉིད་གསོན་ཤུགས་ལྡན་ལ་བརྟན་ལྷིང་དང་སྒྲིག་ལམ་ལྡན་པ་ཞིག་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་པ། གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། ཞིང་པ་ཚོས་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་ཡུལ་སྲོལ་དམངས་ཆིངས་ལ་བརྩི་སྲུང་ཐུབ་པ་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་དོན་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་མགྱོགས་མྱུར་སྐྲུན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་རྫོང་ཨུད་ཀྱི་ཧྲུའུ་ཅིས“འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”ཡག་པོ་ཞིག་བྱེད་དགོས། ཞིང་འབྲེལ་ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཞིང་གསུམ”ལས་དོན་གྱི་འཇོན་ཐང་ཆེ་རུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ནས། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། དུས་རབས་གསར་པའི་བླང་བྱ་དང་འཚམ་པ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པར་འགོ་ཁྲིད་བྱེད་པའི་འཇོན་ཐང་ལྡན་པ་བཅས་ཀྱི“ཞིང་གསུམ”ལས་བྱེད་པའི་དཔུང་ཁག་ཅིག་བསྐྲུན་དགོས། ས་གནས་ས་ཐོག་ཏུ་གསོ་སྐྱོང་དང་ཕྱི་ནས་ནང་འདྲེན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པའི་སྣེ་ཁྲིད་པ་གསོ་སྦྱོང་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། ཞིང་པའི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱེད་དགོས། ཤེས་ལྡན་མི་སྣ་ཁག་གཅིག་ནང་འདྲེན་བྱེད་པ་དང་། སློབ་ཆེན་སློབ་ཐོན་སློབ་མ་དང་། འཇོན་ཐང་ཅན། ཞིང་པ་ལས་མི། ཁེ་ལས་མཁས་ཅན་བཅས་གྲོང་གསེབ་ཏུ་ཡོང་བར་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་བྱེད་དགོས་ལ། ཁོང་ཚོའི་ཕུགས་ཀྱི་སེམས་ཁྲལ་སེལ་རོགས་བྱས་ཏེ་ཁོང་ཚོ་གནས་ཐུབ་པ་དང་ལས་གཏོད་ཐུབ་པ་བྱེད་དགོས། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་སྟོབས་དང་ལྡན་པའི་དམག་འཐབ་ཀྱི་མཁར་རྫོང་ཞིག་ཏུ་སྐྲུན་དགོས།

        ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་གནང་བ་དང་འབྲེལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་སྤྱི་ཡོངས་ཀྱི་དུས་བབ་ཆེན་པོར་དམིགས་ཏེ་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོཌ་མྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི“ཞིང་གསུམ”ལས་དོན་གྱི་དམིགས་ཚད་ལས་འགན་དང་། འཐབ་ཇུས་ཀྱི་གཙོ་གནད། གཙོ་རྒོལ་ཁ་ཕྱོགས་བཅས་ཁ་གསལ་བཏོན་གནང་ཡོད་པས། མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་ཚོགས་འདུའི་བརྗོད་དོན་གཙོ་བོ་དང་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

        ཧུའུ་ཁྲུན་ཧྭ་ཡིས་ཕྱོགས་སྡོམ་གསུང་བཤད་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་གང་མགྱོགས་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་དང་། “ཞིང་གསུམ”ལས་དོན་གྱི་གཞི་རྩའི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡངས་སུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་བཅས་བྱེད་དགོས། རིམ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ས་གནས་ཁག་གི་དོན་དངོས་དང་བསྟུན་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་ཆོས་ཉིད་ལྟར་ལས་དོན་སྒྲུབ་པ། ཞིང་པའི་བསམ་འདུན་དང་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བཅས་བྱས་ནས་ལས་ཀའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མིག་སྔར། གྲོང་གསེབ་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་། གཏོགས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ཕ་ཡུལ་དུ་ལོག་པའི་ལས་མི་དང་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་མའི་རིམས་འགོག་ཞབས་ཞུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་རྒན་རྒོན་དང་། བྱིས་པ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་གཙོ་གནད་མི་ཚོགས་ཀྱི་སྨན་བཅོས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་གཞི་བདེ་ཐང་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

        ཚོགས་འདུའི་ཐོག《2023ལོའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་པ་རེད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཁག་གཅིག་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

        ཀྲུང་དབྱང་གི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། འཆར་གཞི་ལོགས་བཀོད་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་ཁག་བགོས་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། འབྲེལ་ཡོད་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་བརྙན་འཕྲིན་ཁ་པར་ནས་འཚོགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1