ཉིན་ཤས་གོང་། ཧྲང་ཧའེ་གྲོང་ཁྱེར་སུང་ཅང་ཆུས་ཀྱི་ཁག་བདུན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གིས་དིང་རི་རྫོང་ལྟེ་བའི་སྨན་ཁང་གི་སྨན་དོན་མི་སྣར་མཛུབ་ཁྲིད་བྱས་ནས། ན་ཟུག་མེད་པའི་ཕོ་ཤེལ་བརྒྱག་པའི་བརྟག་དཔྱད་ཅིག་གྲུབ་འབྲས་ཐོབ་པའི་ངང་ལེགས་སྒྲུབ་བྱས།
རྒྱུས་ལོན་་བྱུང་བར་གཞིགས་ན། ནད་པ་དེ་ནི་ལོ50ལྷག་ཙམ་ལ་སླེབས་པའི་བུད་མེད་ཞིག་ཡིན་ཞིང་། དེའི་ནད་རྟགས་གཙོ་བོ་ནི་ཟས་ལ་ཡི་ག་མེད་པ་དང་། སྐྱུགས་མེར་ལངས་པ། སྐྱུག་པ་སྐྱུགས་པ་སོགས་ཡིན། བོད་སྐྱོར་སྨན་པ་ཝང་ལི་པོས་བརྟག་དཔྱད་བྱས་ཚུལ་ལ་གཞིགས་ནས་ཕོ་ཤེལ་རྒྱག་དགོས་པའི་གྲོས་འགོ་བཏོན་པ་དང་། ཁོང་གི་སྣེ་ཁྲིད་དང་མཛུབ་ཁྲིད་འོག་སྦྲིད་སྨན་བརྒྱབ་ནས་ཁོག་ནད་ཚན་ཁག་སོགས་ཚན་ཁག་གི་སྨན་དོན་མི་སྣས་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་རིང་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། བརྟག་དཔྱད་བདེ་བླག་བྱུང་ནས་ནད་པ་གྲོང་ཁྱེར་ནང་བརྟག་དཔྱད་བྱེད་པར་བསྐྱོད་མི་དགོས་པ་བྱུང་ཡོད།
བློ་བཟང་ཡེ་ཤེས། དིང་རི་རྫོང་ལྟེ་བའི་སྨན་ཁང་གི་ཁོག་ནད་སྨན་པ་ཡིན། ཁོང་གིས་བོད་སྐྱོར་དགེ་རྒན་གྱི་སྣེ་ཁྲིད་འོག་ང་ཚོས་བདེ་བླག་ངང་ཕོ་བའི་བརྟག་དཔྱད་བྱས་པ་ཡིན། བོད་སྐྱོར་དགེ་རྒན་གྱིས་ང་ཚོར་ཕོ་ཤེལ་སྤྱོད་སྟངས་དང་དེ་བཞིན་ནད་དཔེ་དབྱེ་ཞིབ་དང་ཞིབ་འབྲི་སོགས་བྱེད་རོགས་བྱས་བྱུང་ཞེས་བརྗོད།
ཝང་ལི་པོ། ཧྲང་ཧའེ་གྲོང་ཁྱེར་སུང་ཅང་ཆུས་ཀྱི་ཁག་བདུན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མི། དིང་རི་རྫོང་ལྟེ་བའི་སྨན་ཁང་གི་ཁོག་ནད་ཚན་ཁག་གི་ཀྲུའུ་རེན། ཁོང་གིས་གསུངས་དོན། ང་ཚོས་ད་ལྟ་ཧུར་བརྩོན་ཆེན་པོས་ཕོ་ཤེལ་རྒྱག་ས་གསར་པ་འཛུགས་བཞིན་ཡོད་པ་དང་། རྗེས་སུ་སྒྲིག་ཆས་གསར་པ་ཁག་ཅིག་ཉོ་རྒྱུ་ཡིན། ཕྱི་ལོ་མ་ཟིན་གོང་ཕོ་ཤེལ་རྒྱག་ཁང་བཙུགས་ཚར་བ་བྱས་ནས། ང་ཚོས་ཕོ་ཤེལ་གྱི་བརྟག་དཔྱད་སྨན་བཅོས་དེ་བས་མང་བ་བྱེད་རྩིས་ཡོད། དེའི་ནང་ཕོ་ཤེལ་བརྒྱབ་ནས་དངོས་རྫས་འདོན་པ་དང་། ཁྲག་བཀག་པ་དང་དེ་བཞིན་རྒྱུ་མའི་བརྟག་དཔྱད་བྱེད་པ་བཅས་ཚུད་ཅིང་། དེས་ས་གནས་དེ་གའི་མང་ཚོགས་དེ་བས་མང་བར་སྟབས་བདེ་བསྐྲུན་རྒྱུ་རེད།