སི་ཁྲོན་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཁྲེང་ཏུའུ་རུ་འཚོགས།
ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ་དང་། ཐེན་ཞང་ལི་གྲོས་ཚོགས་ལ་ཞུགས།
ཟླ་12པའི་ཚེས་26ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཁྲེང་ཏུའུ་རུ་འཚོགས། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་དང་། 2022ལོའི་སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་ལས་ཀ་ཕྱོགས་བསྡོམས། མིག་སྔའི་དཔལ་འབྱོར་གནས་བབས་དབྱེ་ཞིབ། 2023ལོའི་དཔལ་འབྱོར་ལས་ཀ་ལ་བཀོད་སྒྲིག་བྱེད་པ་བཅས་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགན་འཛིན་པ་ཧོང་ཆང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་གྲོས་ཚོགས་སུ་ཞུགས་པ་རེད།
གྲོས་ཚོགས་ཐོག །སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཐོག་གི་གསུང་བཤད་གལ་ཆེན་ལས་ཁྱོན་ཡོངས་ནས་ད་ལོའི་དཔལ་འབྱོར་ལས་ཀ་དང་དུས་རབས་གསར་པའི་ལོ་ངོ་བཅུའི་རླབས་ཆེ་བའི་བསྒྱུར་བཅོས་ལ་ཕྱོགས་བསྡོམས་མཛད་པ་དང་། མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་མཛད་དེ། སང་ལོའི་དཔལ་འབྱོར་ལས་ཀའི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས་བཅས་གསལ་བོར་བསྟན་བར་མ་ཟད། སང་ལོའི་དཔལ་འབྱོར་ལས་ཀའི་གནད་དོན་ཆེན་པོར་གསལ་འགྲེལ་གནང་བས། དེ་ལ་འཐབ་ཇུས་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ལྡན་ཞིང་། དེ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གསུང་རབ་གཞན་ཞིག་ཡིན་པ་དང་། སང་ལོའི་དཔལ་འབྱོར་ལས་ཀ་ཡག་པོར་བསྒྲུབ་པར་བསྲུང་བྱ་གལ་ཆེན་མཁོ་འདོན་བྱས་པ་རེད། ཙུང་ལི་ལི་ཁེ་ཆང་གིས་སང་ལོའི་དཔལ་འབྱོར་ལས་ཀར་བཀོད་སྒྲིག་ཆ་ཚང་གནང་པ་དང་། བློ་མཐུན་ལི་ཆང་གིས་གྲོས་ཚོགས་ཀྱི་སྙིང་དོན་ཁོང་དུ་ཆུད་པ་དང་སང་ལོའི་དཔལ་འབྱོར་ལས་ཀ་ཡག་པོར་བསྒྲུབ་པར་བླང་བྱ་གལ་ཆེན་བཏོན། ཞིང་ཆེན་གོང་འོག་ཡོངས་ཀྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཡང་དག་པར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་རླབས་ཆེ་བའི་གྲུབ་འབྲས་དང་དཔལ་འབྱོར་ལས་ཀ་ལེགས་པོར་བསྒྲུབ་པའི་ཆོས་ཉིད་རང་བཞིན་ཁོང་དུ་ཆུད་དགོས་པ་དང་། ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་དང་རྒྱལ་སྤྱིའི་དཔལ་འབྱོར་ཁོར་ཡུག་ཐད་ཚན་རིག་དང་མཐུན་པར་བརྡར་ཤ་བཅད་པར་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། སང་ལོའི་དཔལ་འབྱོར་ལས་ཀའི་སྤྱིའི་བླང་བྱ་དང་དམིགས་འབེན། སྲིད་ཇུས་ཀྱི་ཁ་ཕྱོགས་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། སང་ལོའི་དཔལ་འབྱོར་ལས་ཀའི་གནད་དོན་ཆེན་པོ་དང་བཀོད་སྒྲིག་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱ་དགོས་ཞེས་བསྟན་པ་རེད།
གྲོས་ཚོགས་ཐོག །སང་ལོ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལས་ཀ་དེ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དང་ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་སྣེ་ཁྲིད་བྱ་དགོས། སྤྱི་ཡོངས་ཁོང་དུ་ཆུད་པའི་ཐད་“ངེས་པར་དུ་ལྔ”ལག་བསྟར་ཡག་པོ་བྱ་དགོས་ཏེ། གཅིག་ནི་ཏང་གི་ཁྱོན་ཡོངས་འགོ་ཁྲིད་དང་ཁྱད་པར་དུ་ཏང་ཀྲུང་དབྱང་གི་ཕྱོགས་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས་ལ། བློ་ཐག་རྦད་གཅོད་ཀྱིས་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་ཉན་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བརྟན་པོ་བྱས་ནས། བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཀྱིས་མདུན་དུ་བསྐྱོད་དགོས། གཉིས་པ་ནི་ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་དང་། དེའི་ནང་དུ་འདུས་པའི་འཐབ་ཇུས་འཆར་འགོད་དང་རྩ་བའི་རིན་ཐང་གི་ཁྲིད་སྟོན། ཚན་རིག་བསམ་བློའི་ཐབས་ལམ་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། རང་རྟོག་གིས་སི་ཁྲོན་འཕེལ་རྒྱས་གནད་དོན་ལ་མཛུབ་སྟོན་དང་ཐག་གཅོད་བྱ་དགོས། གསུམ་ནི་ངེས་པར་དུ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། དུས་རྣམ་ཀུན་ཏུ་འཕེལ་རྒྱས་གསར་པའི་དུས་རིམ་ལ་རྐང་ཚུགས་པར་བྱས་ནས། ཆ་ཚང་དང་ཡང་དག །ཁྱོན་ཡོངས་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་དགོས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་དེའི་ནང་འདྲེས་པར་བྱས་ནས་སྤུས་ཀ་བསྒྱུར་བཅོས་དང་ལས་ཕྱོད་བསྒྱུར་བཅོས། སྒུལ་ཤུགས་བསྒྱུར་བཅོས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བར་བརྟེན། སྤུས་ཀའི་ཐད་ནས་ལས་ཕྱོད་ཇེ་མཐོར་གཏོང་བ་དང་གྲངས་ཚད་ཀྱི་ཐད་ནས་འོས་འཚམ་འཕར་སྣོན་ཡོང་བར་བྱ་དགོས། བཞི་ནི་ངེས་པར་དུ་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཐོག་བདེན་འཚོལ་དང་ཆོས་ཉིད་ལ་བརྩི་སྲུང་། མ་ལག་གི་འདུ་ཤེས། མ་མཐའི་བསམ་བློ་བཅས་རྒྱུན་འཁྱོངས་བྱ་དགོས་ལ། གསར་གཏོད་རྙིང་དོར་དང་བརྟན་བརླིང་གོང་འཕེལ་ལ་བརྩོན་དགོས་པར་མ་ཟད། འཕེལ་རྒྱས་ཁྲོད་བརྟན་བརླིང་དང་གསར་གཏོད་ལ་དམིགས་ཏེ། བརྟན་པོའི་སྔོན་འགྲོ་ཆ་རྐྱེན་འོག་མདུན་དུ་བསྐྱོད་པ་དང་འབད་བརྩོན་བྱ་དགོས། ལྔ་ནི་ངེས་པར་དུ་འཆར་འགོད་ཆ་ཚང་དང་གཅིག་གྱུར་མཐུན་སྦྱོར་རྒྱུན་འཁྱོངས་བྱ་དགོས། དཔལ་འབྱོར་ལས་ཀར་མིག་རྒྱང་རིང་བའི་བསམ་བློ་གཏོང་བ་དང་ཁྱོན་ཡོངས་ས་ཇུས་འགོད་བྱེད་པ། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་དང་སྤྱི་ཡོངས་རང་བཞིན་གྱིས་སྐུལ་འདེད་གཏོང་བར་ཤུགས་སྣོན་བྱེད་པ་དང་། སྡེ་ཁག་ཕན་ཚུན་བར་མཐུན་སྦྱོར་དང་ལས་ཀར་རོགས་འདེགས། སྲིད་ཇུས་ཕྱོགས་བསྡུས་བྱེད་པ། བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་དང་བཅོས་སྒྱུར་ལ་སྐུལ་འདེད། སྒྲིག་གཞི་སྙོམས་སྒྲིག །དམངས་འཚོར་ཕན་བདེ་བསྐྲུན་པ། ཉེན་ཁ་འགོག་པ། ལས་ཀ་ཁག་བརྟན་པོ་ཡིན་པར་འགན་སྲུང་བྱེད་པ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། དམིགས་འབེན་མང་པོའི་ནང་དུ་དོ་སྙོམས་ཡོང་བ་བྱས་ནས་ཚོད་འཛིན་མང་པོའི་ཁྲོད་དུ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏང་དགོས་ཞེས་བསྟན་པ་རེད།
གྲོས་ཚོགས་ཐོག །ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀའི་ཐད་གནང་བའི་མཆན་བཀོད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། “ཆབ་སྲིད་ལ་དང་དོད་དང་འཕེལ་རྒྱས་གཙིགས་སུ་འཛིན་པ། དམངས་འཚོ་ལ་ཕན་བདེ་བསྐྲུན་པ། བདེ་འཇགས་ལ་འགན་སྲུང་བྱེད་པ་”བཅས་ཀྱི་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་འགྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་བྱེད་པ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་འཛུགས་སྐྲུན་གཙིགས་སུ་བཟུང་བ་དང་། དཔལ་འབྱོར་འཕར་སྣོན་ཇེ་བརྟན་དུ་གཏོང་བའི་བྱེད་ཐབས་དང་ཐབས་ཤེས་རབ་དང་རིམ་པ་བཏོན་ལ། “དུས་ཚིགས་བཞི་པོར་འབད་པ་བྱེད་པ་དང་། ཉིན་བརྒྱར་དཀའ་སྤྱད་འབད་འབུངས་བྱེད་”ཅེས་པའི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དེ་ཟིང་ཟིང་དང་མར་ཆག་པ་ནས་བརྟན་ཐོག་ཡར་འཕེལ་ཡོང་བའི་སླར་གསོའི་འཕེལ་ཕྱོགས་སུ་སྙེག་བཞིན་ཡོད། གྲུབ་འབྲས་ཐོབ་པ་དཀའ་བས་གཅེས་འཛིན་ཚད་མེད་བྱ་དགོས་ཤིང་། འདིས་སྔར་ལས་ལྷག་པར་ང་ཚོས་སང་ལོའི་དཔལ་འབྱོར་ལས་ཀ་ཡག་པོར་བསྒྲུབ་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་བ་རེད།
གྲོས་ཚོགས་ཐོག །རང་རེའི་ཞིང་ཆེན་ལ་མཚོན་ན། སང་ལོ་ནི་དཔལ་འབྱོར་སླར་གསོའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཇེ་བརྟན་དུ་གཏོང་བའི་གནད་འགག་གི་དུས་ཡིན་པར་མ་ཟད། སྒུལ་ནུས་སྒྲིག་གཞི་ལེགས་བཅོས་དང་འཕེལ་རྒྱས་ཀྱི་ཕན་འབྲས་མཐོ་རུ་གཏོང་བའི་འགག་སྒྲོལ་གྱི་དུས་ཀྱང་ཡིན་པས། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཆེ། ཡིན་ནའང་དཔལ་འབྱོར་རྒྱུན་མཐུད་ནས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རོགས་འདེགས་བྱེད་པའི་དགེ་མཚན་ལྡན་པའི་ཆ་རྐྱེན་ཡང་སྔར་བཞིན་ཅུང་མང་པོ་ཡོད། འཐབ་ཇུས་གལ་ཆེན་ཕན་ཚུན་ཁ་སྣོན་བྱེད་པ་དང་། སྲིད་ཇུས་གལ་ཆེན་གྱིས་ཤུགས་སྣོན་པ། བཀོད་སྒྲིག་གལ་ཆེན་ལེགས་བཅོས་སུ་གཏོང་བ། རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། རང་ཞིང་གི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཡོང་བར་ནུས་ཤུགས་སྟོབས་ཆེན་འདོན་དགོས། ང་ཚོས་དུས་བསྟུན་ལས་སྒྲུབ་དང་གཏིང་ཤུགས་རྒྱུན་འཛིན་བྱེད་པ་དང་། དུས་ཡུན་ཐུང་ངུའི་གཡོ་འགུལ་ཁྲོད་དུས་ཡུན་རིང་པོའི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཉེན་ཁ་དང་འགྲན་སློང་ཁྲོད་ནས་འཕེལ་རྒྱས་ཀྱི་གོ་སྐབས་འཚོལ་དགོས་ལ། རྙོག་འཛིང་ཆེ་བའི་རྣམ་པའི་ཁྲོད་ལས་ཀའི་རང་འགུལ་ཐོབ་པར་འབད་དགོས་ཞེས་བསྟན།
གྲོས་ཚོགས་ཐོག །སང་ལོའི་དཔལ་འབྱོར་ལས་ཀ་ཡག་པོར་སྒྲུབ་པའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀའི་སྐོར་ལ་གནང་བའི་མཆན་བཀོད་དགོངས་དོན་གལ་ཆེན་རབ་དང་རིམ་པ་མཛུབ་སྟོན་དུ་འཛིན་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས་ཏེ། བརྟན་ཐོག་ཡར་འཕེལ་ཡོང་བའི་ལས་ཀའི་སྤྱིའི་ལས་སྟངས་རྒྱུན་འཁྱོངས་བྱེད་པ་དང་། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་བཀོད་སྒྲིག་གསར་པར་ཞབས་ཞུ་བསྒྲུབ་པ་དང་ནང་ཞུགས་གང་ཐུབ་བྱས་ནས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པ་དེ་སྤྱིའི་སྣེ་ཁྲིད་དུ་བཟུང་ཞིང་། “དེང་རབས་ཅན་བཞི་དུས་མཉམ་དུ་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་བྱེད་པ། ཁོངས་ལྔ་མཉམ་དར་”བཅས་གཙིགས་སུ་འཛིན་པ། “ཆབ་སྲིད་ལ་དང་དོད་དང་འཕེལ་རྒྱས་གཙིགས་སུ་འཛིན་པ། དམངས་འཚོ་ལ་ཕན་བདེ་བསྐྲུན་པ། བདེ་འཇགས་ལ་འགན་སྲུང་བྱེད་པ་”བཅས་ཀྱི་ལས་ཀའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྔར་ལས་ལྷག་པར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་འགྱུར་འཆར་འགོད་ཡག་པོ་བྱ་དགོས་པ་དང་། སྔར་ལས་ལྷག་པར་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་བྱས་ཏེ། ཁྱོན་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་གཏོང་བ་དང་། ནུས་ཤུགས་ཆེན་པོས་ཚོང་རའི་ཡིད་ཆེས་ལ་སྐུལ་སློང་བྱས་ཏེ། ནང་མཁོ་རྒྱ་བསྐྱེད་གཏོང་བའི་འཐབ་ཇུས་དང་མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་གཉིས་ཕན་ནུས་ལྡན་པའི་ངང་ཟུང་དུ་སྦྲེལ་བ་དང་། འཕར་སྣོན་དང་ལས་ཞུགས། ཟོང་གོང་བཅས་ཇེ་བརྟན་དུ་གཏོང་བའི་ལས་ཀ་དམིགས་སུ་བཟུང་ནས་ཡག་པོར་བསྒྲུབ་དགོས་ལ། ཕན་འབྲས་ལྡན་པའི་སྒོ་ནས་ཉེན་ཁ་ཚབས་ཆེན་ལ་སྔོན་འགོག་དང་ཐག་གཅོད་བྱ་དགོས་ཤིང་། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་ལེགས་བསྒྱུར་ཡོང་བར་སྐུལ་བ། སྤུས་ཀའི་ལས་ཕྱོད་ཇེ་མཐོར་གཏོང་བ་དང་གྲངས་ཚད་འོས་འཚམ་ངང་འཕར་སྣོན་ཡོང་བར་བྱས་ནས་དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་ཐོག་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མགོ་ཡག་པོ་ཚུགས་དགོས་ཞེས་བསྟན་པ་རེད།
གྲོས་ཚོགས་ཐོག །དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་གཙིགས་མཐོང་བྱས་ཏེ། སང་ལོའི་དཔལ་འབྱོར་ལས་ཀ་གཅིག་གྱུར་སྒོས་འཆར་འགོད་ཡག་པོ་བྱ་དགོས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་བསྐྲུན་པར་གོམ་སྟབས་བརྟན་པོ་སྤོ་དགོས། བཅོས་བསྒྱུར་སྒོ་འབྱེད་ཀྱི་མཐོ་ས་གསར་པ་གཏོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏང་དགོས། རྒྱུན་མཐུད་ངང་དགོས་མཁོ་ནུས་ལྡན་རྒྱ་བསྐྱེད་བཏང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ཡང་བསྐྱར་འཁོར་སྐྱོད་ཡག་པོ་བྱུང་དུ་འཇུག་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་བསྐྲུན་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། “དེང་རབས་ཅན་བཞི་དུས་མཉམ་དུ་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་བྱེད་པ། ཁོངས་ལྔ་མཉམ་དར་”གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཁྱད་ལྡན་ཐོན་ལས་རྩེར་སོན་ཅན་དང་སྲོལ་རྒྱུན་ཐོན་ལས་རྣམ་པ་གསར་པ་ཅན། གསར་དར་ཐོན་ལས་གཞི་ཁྱོན་ཅན་ཀྱི་བསམ་ཕྱོགས་ལྟར་གནད་ལ་འཁེལ་བར་འབད་པ་བྱས་ཏེ། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བ། མགྱོགས་མྱུར་ངང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། སི་ཁྲོན་གྱི་ཁྱད་ཆོས་ལྡན་པ་དང་། རྒྱལ་ཁབ་ཀྱི་སྤྱིའི་བཀོད་སྒྲིག་ལ་ཞབས་ཞུ་བསྒྲུབ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས་ཞེས་བསྟན།
གྲོས་ཚོགས་ཐོག །སང་ལོའི་དཔལ་འབྱོར་ལས་ཀ་ཡག་པོར་བསྒྲུབ་ནས། ལས་དོན་གལ་ཆེན་ཁག་ལ་དམ་འཛིན་བྱེད་པ་དམིགས་སུ་འཛིན་དགོས། ཁྲེང་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་སྤེལ་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ས་ཁུལ་ཆེན་པོ་ལྔ་མཉམ་གཅིག་ཏུ་དར་རྒྱས་བྱུང་བར་སྣེ་ཁྲིད་བྱ་དགོས། འཛད་སྤྱོད་སྐུལ་སྤེལ་དང་དངུལ་གཏོང་རྒྱ་བསྐྱེད་གཏང་རྒྱུར་ཤུགས་སྣོན་བྱེད་པ་དང་། ནང་མཁོའི་གཏིང་ཤུགས་ཆེན་པོ་མངོན་པ། བཟོ་ལས་ཅན་དང་ཆ་འཕྲིན་ཅན་མཉམ་འདྲེས་ཟབ་མོ་བྱུང་བར་ཤུགས་བཏོན་ནས། ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་གི་ཐེག་ཚད་དང་བདེ་འཇགས་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། མཐུན་སྦྱོར་སྒོས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་། ཞིང་ལས་དེང་རབས་ཅན་ལ་ཤུགས་སྣོན་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏང་དགོས། སློབ་གསོ་དང་ཚན་རྩལ་འཇོན་མི་ལ་རྒྱབ་སྐྱོར་བྱེད་པ་དང་། ཆུ་ཚད་མཐོན་པོའི་ཚན་རྩལ་གྱིས་རང་མགོ་རང་ཐོན་ཡོང་བར་ཞབས་ཞུ་བསྒྲུབ་དགོས། “གཡོ་བ་མེད་པ་གཉིས”བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱེད་པ་དང་། ཚོང་གཉེར་པའི་གསོན་ཤུགས་ལ་སྐུལ་སྤེལ་བྱ་དགོས། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཤུགས་འདོན་དགོས། ཐཱན་དང་འབག་བཙོག་ཇེ་ཉུང་གཏོང་བ་དང་ལྗང་བསྒྱུར་རྒྱ་བསྐྱེད་གཏང་རྒྱུ་གཉིས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བཟོ་བ། དམངས་འཚོའི་སྤྱི་ཚོགས་ལས་རིགས་འཕེལ་རྒྱས་ཐད་ཤུགས་ཆེན་པོ་བཏོན་ནས། ཐུན་མོང་ཐོག་ཕྱུག་འགྱུར་འབྱུང་བར་ཤུགས་འདོན་དགོས། བློ་བརྟན་འགྱུར་མེད་ཀྱིས་བདེ་འཇགས་དང་འཕེལ་རྒྱས་ཀྱི་མཐའ་མཚམས་བརྟན་པོར་སྲུང་བ་དང་། བདེ་འཇགས་ཀྱི་བཀོད་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་བ་བསྲུང་དགོས་ཞེས་བསྟན།
གྲོས་ཚོགས་ཐོག །ཏང་གིས་དཔལ་འབྱོར་ལས་ཀར་ཁྱོན་ཡོངས་ནས་སྣེ་ཁྲིད་བྱེད་པར་ཤུགས་སྣོན་བྱས་ཏེ། གནས་བབ་གསར་བའི་འོག་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་བའི་འཇོན་ནུས་ཇེ་ཆེར་གཏང་དགོས། སྤྱི་ཁོག་གཅིག་གྱུར་གྱིས་བཀོད་སྒྲིག་དང་། གཙོ་གནད་ཐོལ་བརྒལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་སང་ལོའི་ལས་ཀ་དང་“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ”དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་གཅིག་གྱུར་སྒོས་མཐུན་སྦྱོར་བྱས་ཏེ། སྤྱི་ཡོངས་དང་བྱེ་བྲག་ཆ་འགྲིག་དང་། རྩ་ཡན་མཉམ་བཅོས་ཟུང་འབྲེལ། རིམ་འཕར་དང་ཐོད་བརྒལ་སྦྲེལ་མཐུད་བྱ་དགོས་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ལས་ཀ་བསྒྲུབ་པ་དང་གནོན་ཤུགས་ཐེག་པ། འགན་སེམས་ཡོད་པའི་སྒོ་ནས་འབད་བརྩོན་བྱེད་པ་དང་། རྒྱུན་དུ་གཞི་རིམ་དུ་རྟོག་ཞིབ་ཞིབ་འཇུག་བྱས་ཏེ། ཏང་གི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱ་དགོས་ཞེས་བསྟན།
གྲོས་ཚོགས་ཐོག །ལོ་མཇུག་དང་ལོ་མགོའི་སྐབས་འདིར་ཕྱོགས་སོ་སོའི་ལས་འགན་ལྗིད་པས། དཀའ་ཁག་སེལ་བ་དང་། གཅིག་གྱུར་འཆར་འགོད་བཟོས་ཏེ། ལས་དོན་ཁག་དམ་འཛིན་ཏན་ཏིག་བྱ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ལེགས་སྒྲིག་བྱས་རྗེས་ཀྱི་རིམས་ནད་མཆེད་པའི་དུས་སྐབས་ལ་ཁ་གཏད་ཡག་པོ་འཇལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སེར་ཚོའི་སྨན་བསྟེན་པའི་དགོས་མཁོ་ལ་འགན་སྲུང་བྱ་དགོས། ལུས་ཟུངས་ཞན་པའི་མི་ཚོགས་སྨན་བཅོས་ཡག་པོར་བསྒྲུབས་ནས། གནོན་ཤུགས་གྲོལ་ཏེ་རིམས་ནད་མཆེད་པའི་དུས་སྐབས་ལས་བདེ་བླག་ངང་བརྒལ་བར་འབད་པ་བྱས་ཏེ། ད་ལོའི་ལོ་མཇུག་གི་ལས་ཀ་མཇུག་ཡག་པོ་བསྡུ་བ་དང་སང་ལོ་མགོ་ཡག་པོ་བརྩམ་ཐུབ་པར་འགན་ལེན་བྱ་དགོས། དཀའ་ངལ་ཅན་གྱི་མི་སེར་ལ་བརྩེ་བ་ཟབ་མོས་སེམས་ཁུར་བྱེད་པ་དང་། མི་ཚོགས་གཙོ་བོར་དམིགས་ནས་གཞི་རིམ་དུ་བསྐྱོད་པ་དང་། བརྩེ་བ་སྐྱེལ་བའི་བྱེད་སྒོ་རྩ་འཛུགས་བྱས་ཏེ། དམངས་འཚོའི་ཚོང་རྫས་མཁོ་འདོན་གྱི་རིན་གོང་བརྟན་པོ་དང་དགོས་མཁོ་འདང་བ། སྤུས་ཀ་ལེགས་པ་བཅས་ལ་འགན་སྲུང་བྱ་དགོས། རྡོ་སོལ་དང་གློག །སྣུམ་རླངས་བཅས་སྐྱེལ་འདྲེན་ཐད་དམ་འཛིན་ཡག་པོ་བྱས་ཏེ། མི་སེར་ཚོས་སྤྲོ་སྐྱིད་ལྡན་པའི་ལོ་སར་རོལ་ཐུབ་པར་འགན་སྲུང་བྱ་དགོས། ཞོར་ལས་པ་དུས་ཆེན་གྱི་སྔོན་དུ་རང་ཡུལ་དུ་ལོག་པ་དང་དུས་ཆེན་གྱི་རྗེས་སུ་ཕྱིར་ལས་གནས་སུ་ལོག་པའི་འགན་སྲུང་ལས་ཀ་ཡག་པོ་བསྒྲུབ་པ། གླ་ཆ་སྤྲོད་པར་ཤུགས་སྣོན་བྱས་ཏེ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས་ཞེས་བསྟན།
གྲོས་ཚོགས་ཐོག །ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་། མཐུན་སྒྲིལ་འབད་བརྩོན། འབད་འབུངས་དངོས་གཉེར་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་བརྩམ་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན།