༄༅།། གླིང་སྒྲུང་གི་གློག་བརྙན་འཁྲབ་གཞུང་བཅོས་སྒྲིག་སྐོར་གླེང་བ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-29


【ནང་དོན་གནད་བསྡུས།】 གློག་བཪྙན་སྒྱུ་རྩལ་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་འཛམ་གླིང་གི་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དང་མི་རིགས་གཞན་གྱིས་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་དག་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་ཏེ།  གློག་བཪྙན་དུ་ཕབ་ནས་སྔ་ལས་གྲུབ་འབྲས་རླབས་ཆེན་ལོན་གྱིན་ཡོད་པར་གཞིགས་ནས།  ང་ཚོས་གཞན་ལ་ཡར་ལྟ་དང་མིག་དཔེར་བཟུང་ནས་རང་གི་རྩོམ་རིག་བརྩམས་ཆོས་ཁྱད་འཕགས་ཅན་ཏེ།  《གླིང་སྒྲུང》ལྟ་བུ་དག་ནི་སྤྱིར་བཏང་གི་གློག་བཪྙན་གྱི་འཁྲབ་གཞུང་བཅོས་སྒྲིག་གི་རེ་བའམ་ཆ་རྐྱེན་ཏེ།  བརྗོད་དོན་ནམ་བསམ་བློའི་དགོངས་དོན་དང་།  གཏམ་རྒྱུད་ཀྱི་བྱུང་རིམ།  ཐུན་མིན་གྱི་མི་སྣའི་སྣང་བཪྙན་བཅས་ཀྱི་ཐད་ནས་ཁྱད་ཆོས་དང་རང་བཞིན་ཕལ་ཆེར་ལྡན་ཡོད་པས།  དེའི་བཅོས་སྒྲིག་གི་གལ་ཆེན་རང་བཞིན་སོགས་ཀྱི་ཕྱོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་ངང་སོ་སོ་ནས་གླེང་ཁུལ་བྱས་པ་ཡིན།

 【བརྡ་ཆད་གཙོ་བོ།】  འཁྲབ་གཞུང་བཅོས་སྒྲིག     བསམ་བློའི་དགོངས་པ།    གཏམ་རྒྱུད་ཀྱི་བྱུང་རིམ།      ཐུན་མིན་གྱི་མི་སྣའི་གཤིས་ཀ 

 གླེང་གཞི།

 གློག་བཪྙན་ནི་རྩོམ་རིག་སོགས་སྒྱུ་རྩལ་གཞན་དག་ལ་མཚོན་ན་གསར་དར་གྱི་སྒྱུ་རྩལ་ཞིག་ཡིན་པར་མ་ཟད་།  སྒྱུ་རྩལ་གཞན་དག་གི་ལེགས་པའི་ཆ་དང་བཅུད་རྣམས་ཚད་མཐོའི་སྡུད་ལེན་བགྱིས་ཡོད་པའི་སྣ་འཛོམས་རང་བཞིན་ལྡན་པའི་སྒྱུ་རྩལ་ཞིག་ཡིན་ལ།  གློག་བཪྙན་དང་བཪྙན་འཕྲིན་སྒྱུ་རྩལ་གང་ཡིན་རུང་ཆེས་ཐོག་མའི་གཞི་འཛིན་སའམ་རྨང་གཞི་ནི་འཁྲབ་གཞུང་ཡིན་ལ།  འཁྲབ་གཞུང་ནི་སྣ་འཛོམས་སྒྱུ་རྩལ་འདིའི་ནང་གི་གྲུབ་ཆ་གལ་ཆེན་གཅིག་ཡིན་ཞིང་།  འདིས་དུས་ཡུན་རིང་བོར་གློག་བཪྙན་འཕེས་རྒྱས་ཀྱི་གོ་རིམ་ཁྲོད་ནས་རྩོམ་རིག་སྒྱུ་རྩལ་དང་གར་སྟེགས་སྒྱུ་རྩལ་ལས་ཉིང་བཅུད་བླངས་ཡོད་པར་མ་ཟད།  ཐ་ན་ཐད་ཀ་ནས་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་ཡོད་པའང་ཧ་ཅང་མང་མང་རེད།  སྒྱུ་རྩལ་འདི་དར་ནས་ད་སྔའི་བར་ལོ་སྐོར་བརྒྱ་ཙམ་ལས་འདས་མེད་ནའང་འཕེལ་རྒྱས་ཀྱི་ཚད་མཐོན་པོ་ཞིག་ཏུ་བསླེབས་ཡོད་པ་དང་།  འཛམ་གླིང་གི་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དང་མི་རིགས་རྣམས་ཀྱིས་སྒྱུ་རྩལ་འདི་ལ་བརྟེན་ནས་རང་གི་བསམ་བློ་དང་རིག་གནས།  ཡུལ་སྲོལ་གོམས་གཤིས།  ལོ་རྒྱས་ཀྱི་འཕེལ་འགྱུར།  རང་བྱུང་ཡུལ་ཁམས།  འཚོ་བའི་རོལ་སྟངས་སོགས་མི་ཡུལ་ལ་མིག་གི་དགའ་སྟོན་དུ་བཀྲམ་སྟོན་བྱེད་ཀྱིན་ཡོད།

 སྤྱིར་འཛམ་གླིང་གི་གློག་བཪྙན་བཟོ་གྲྭའི་མཁས་པ་རྣམས་ཀྱིས་བཤད་པ་ལྟར་ན།  གློག་བཪྙན་གྱི་འཁྲབ་གཞུང་གི་ཡོངས་ཁུངས་ལ་གསུམ་དུ་དབྱེར་ཡོད་དེ།  གཅིག་ནི་ཆེད་ལས་ཀྱི་འཁྲབ་གཞུང་རྩོམ་པ་པོས་གསར་རྩོམ་ལས་ཐོན་པ་དང་།  གཉིས་ནི་ཆེད་དུ་རྩོམ་པ་པོ་གྲགས་ཅན་གང་རུང་ཞིག་གདན་དྲངས་ནས་གསར་རྩོམ་བྱེད་པ་ལས་བྱུང་བ།  གསུམ་ནི་ཕུལ་བྱུང་བརྩམས་ཆོས་གྲགས་ཅན་དག་ལས་བཅོས་སྒྲིག་བྱེད་པ་ལས་བྱུང་བ་བཅས་ལས།  བརྩམས་ཆོས་བཅོས་སྒྲིག་ལས་ཐོན་པའི་བསྡུར་ཚད་ཀྱིས་མང་ཤོས་ཟིན་ཡོད།  འཛམ་གླིང་གི་གློག་བཪྙན་ལོ་རྒྱུས་ལྟར་ནའང་།  གཅིག་ནས་གློག་བཪྙན་བཅོས་སྒྲིག་གི་ལོ་རྒྱུས་རིང་བ་དང་།  གཉིས་ནས་གློག་བཪྙན་བཅོས་སྒྲིག་གི་གྲངས་ཚད་མང་བ།  གསུམ་ནས་གློག་བཪྙན་བཅོས་སྒྲིག་གི་སྤུས་ཚད་ལེགས་པ་སོགས་ལས།  "བཅོས་སྒྲིག་ནི་གློག་བཪྙན་འཁྲབ་གཞུང་གི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པར་མ་ཟད།  བརྩམས་ཆོས་ལས་རིང་དུ་བརྒལ་བའི་འཁྲབ་གཞུང་བཅོས་སྒྲིག་གིས་གློག་བཪྙན་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད་པར་རྟོགས་ཐུབ།  རང་རྒྱལ་ལ་མཚོན་ནའང་དེ་ལས་མ་འདས་པ་དུས་ཡུན་རིང་བོའི་གློག་བཪྙན་བཅོས་སྒྲིག་གི་ལོ་རྒྱུས་ལྡན་ཡོད།  ཡིན་ཡང་ནང་ལོགས་ཀྱི་གྲངས་ཉུང་མི་རིགས་ལ་མཚོན་ན་གློག་བཪྙན་སྒྱུ་རྩལ་འདི་ད་དུང་རྒྱང་ཐག་རིང་ཙམ་དུ་འདུག  དཔེར་ན་ང་ཚོ་བོད་མི་རིགས་ལ་མཚོན་ན་རྩོམ་རིག་སྒྱུ་རྩལ་གྱི་ཕྱོགས་སུ་རྒྱ་ཆེར་དར་ཡོད་ནའང་གློག་བཪྙན་སྒྱུ་རྩལ་འདི་ད་དུང་འགོ་རྩོམ་པའི་དུས་སྐབས་ཙམ་ལས།འཕེལ་རྒྱས་ཀྱི་ཚད་འདིར་ཐོན་ཡོད་ཅེས་མཛུབ་ས་མེད་པས།  སྒྱུ་རྩལ་འདི་འཕེལ་རྒྱས་ཀྱི་ཚད་ངེས་ཅན་ཞིག་ཏུ་ཐོན་དགོས་ན།  འཛམ་གླིང་གི་གློག་བཪྙན་ལོ་རྒྱུས་ལྟར་རང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་སོགས་ལ་བརྟེན་ནས་བཅོས་སྒྲིག་གི་ལམ་བུར་ཞུགས་དགོས་པ་ལྡོག་མེད་རེད།  དེས་ན"བཅོས་སྒྲིག"ཟེར་བ་ནི་གློག་བཪྙན་གྱི་བསམ་གཞིག་བྱེད་སྟངས་བེད་སྤྱད་དེ།  དེའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཆོས་ཉིད་བརྩི་སྲུང་གི་ཆ་རྐྱེན་འོག་ནས།  གར་སྟེགས་སམ་རྩོམ་རིག་བརྩམས་ཆོས་དེ་བསྐྱར་དུ་གློག་བཪྙན་ནམ་བཪྙན་འཕྲིན་འཁྲབ་གཞུང་སྒྱུ་རྩལ་གྱི་སྣང་བཪྙན་རྣམ་པར་བཅོས་སྒྲིག་གིས་གསར་རྩོམ་མཛད་པ་ཞིག་ལ་ཟེར་བ་དང་།  སྤྱིར་འཁྲབ་གཞུང་གསར་རྩོམ་ནི་གློག་བཪྙན་སྒྱུ་རྩལ་གྱི་གསར་རྩོམ་ཆོས་ཉིད་གཞིར་བཟུང་ནས་རྩོམ་རིག་གི་རྣམ་པའི་ལམ་ནས་རྩོམ་པ་ཞིག་ཡིན་པས།  འདིར་གློག་བཪྙན་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པར་མ་ཟད་རྩོམ་རིག་གི་རྣམ་པ་ཞིག་ཀྱང་ཡིན།  དེ་ནི་གློག་བཪྙན་དང་རྩོམ་རིག་ཚང་མས་བྱེ་བྲག་པའི་སྣང་བཪྙན་བརྒྱུད་ནས་སྤྱི་ཚོགས་འཚོ་བ་མཚོན་པ་དང་།  གློག་བཪྙན་ནི་སྣ་འཛོམས་སྒྱུ་རྩལ་ཞིག་ཡིན་པས་ཆ་ནས་རྩོམ་རིག་གི་ལེགས་ཆ་སྡུད་ལེན་བྱས་ཤིང་།  གློག་བཪྙན་དང་རྩོམ་རིག་ཚང་མ་དུས་ཚོད་སྒྱུ་རྩལ་ཡིན་པ་སོགས་འདྲ་བས་ཡིན།  ཏག་ཏག་མཐུན་པའི་ཆ་འདི་ནི་རྩོམ་རིག་སྣང་བཪྙན་དེ་བཪྙན་ཡོལ་སྣང་བཪྙན་དུ་ཕབ་སྒྱུར་བྱེད་ཐུབ་པའི་རྨང་གཞི་ཡིན་ཞེས་ཚང་མས་སྤྱི་མཐུན་དུ་འདོད།  རྨང་གཞི་འདི་ལ་བརྟེན་ནས་དུས་ཡུན་རིང་བོའི་འཁྲབ་གཞུང་བཅོས་སྒྲིག་གི་ལག་ལེན་ལས་བཅོས་སྒྲིག་ལྟ་བ་སྣ་ཚོགས་བྱུང་ཡོད་ལ།  ལྟ་བ་དེ་དག་གཙོ་བོ་བཅོས་སྒྲིག་གི་སྐབས་སུ་མ་རྩོམ་ལ་བློ་དཀར་ཚད་དང་བཟོ་བཅོས་བྱེད་ཚད་ཀྱི་སྟེང་ནས་བྱུང་བ་དང་།  རང་རྒྱལ་གྱི་གློག་བཪྙན་མཁས་པ་ཞ་ཡན་ལྟར་ན།  བཅོས་སྒྲིག་བྱེད་ཡུལ་མི་འདྲ་བ་དང་བསྟུན་ནས་མ་རྩོམ་ལ་བློ་དཀར་ཚད་དང་བཟོ་བཅོས་ཀྱི་ཚད་མི་འདྲ་ཞིང་།  གལ་ཏེ་བཅོས་སྒྲིག་བྱེད་ཡུལ་གྱི་མ་རྩོམ་དེ་རྩོམ་པ་པོ་གྲགས་ཅན་གྱི་ཕུལ་བྱུང་བརྩམས་ཆོས་ཡིན་ན་ངེས་པར་དུ་མ་རྩོམ་ལ་བློ་ཆེས་ཆེར་དཀར་དགོས་པ་དང་བཟོ་བཅོས་ཀྱི་ཚད་ཧ་ཅང་ཆུང་།  གལ་ཏེ་བཅོས་སྒྲིག་བྱེད་ཡུལ་དེ་ལྷ་སྒྲུང་དང་ངག་རྒྱུན་སོགས་དམངས་ཁྲོད་བརྩམས་ཆོས་ཡིན་ན།  བཅོས་སྒྲིག་བྱེད་མཁན་ལ་བཟོ་བཅོས་ཀྱི་ཐད་ནས་རང་དབང་སྔར་ལས་ཆེ་ཟེར།  དེ་བས་རང་རྒྱལ་གྱིས་སྤྱིར་བཏང་བཅོས་སྒྲིག་བྱེད་པའི་སྐབས་སུ་མ་རྩོམ་གང་དེའི་བསམ་བློའི་དགོངས་པ་དང་སྒྱུ་རྩལ་གྱི་ཉམས་འགྱུར་ལ་བློ་ཆེས་ཆེར་དཀར་བའི་རྨང་གཞིའི་སྟེང་ནས་འཁྲབ་གཞུང་གསར་རྩོམ་བྱས་པ་ཡིན།  གཙོ་བོ་རྩོམ་རིག་བརྩམས་ཆོས་དེ་གློག་བཪྙན་འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་ཐུབ་པའི་ཆ་རྐྱེན་ནམ་རང་བཞིན་ཅི་ཞིག་འཛོམས་ཡོད་མེད་ཀྱིས་འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་ཐུབ་མིན་དང་།  ཡང་ན་དཀའ་སླ་ཡི་རང་བཞིན་ཐག་གཅོད་པ་ཞིག་ཡིན།  སྤྱིར་བཏང་དུ་གློག་བཪྙན་མཁས་པ་རྣམས་ཀྱིས་བཤད་པ་ན།  རྩོམ་རིག་བརྩམས་ཆོས་ཤིག་འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་པ་ལ་སྤྱིར་བཏང་དུ་ཕྱོགས་གསུམ་གྱི་ཆ་རྐྱེན་ནམ་རང་བཞིན་འཛོམས་དགོས་ཏེ།  གཅིག་ནས་བརྩམས་ཆོས་དེ་ལ་ཁྱད་འཕགས་ཀྱི་བརྗོད་དོན་ནམ་བསམ་བློའི་དགོངས་པ་ཟབ་མོ་ཡོད་པར་མ་ཟད།  རྒྱ་ཆེ་བའི་ལྟ་མཁན་རྣམ་པར་སློབ་གསོའི་དོན་སྙིང་ལྡན་པ་སྔོན་འགྲོའི་ཆ་རྐྱེན་དང་།  གཉིས་ནས་བརྩམས་ཆོས་དེར་ཅུང་ཆ་ཚང་བའི་གཏམ་རྒྱུད་དང་བྱུང་རིམ(འགལ་བ།  འཐབ་རྩོད།  མཇུག་འབྲས།)སོགས་འཛོམས་པ།  གསུམ་ནས་དཔེ་མཚོན་དང་ཐུན་མིན་གྱི་མི་སྣའི་གཤིས་ཀ་དང་ལྡན་པའི་མི་སྣ་ཁ་ཤས(ཉུང་མཐའ་ཡང་གཅིག་དགོས)ཡོད་པ་བཅས་ཡིན།  ཆ་རྐྱེན་འདིར་གཞིགས་ན་ང་ཚོ་བོད་མི་རིགས་ལ་རྩོམ་རིག་བརྩམས་ཆོས་རི་ལྟར་སྤུངས་ཡོད་པ་དེ་དག་གི་ནང་ན།  གློག་བཪྙན་འཁྲབ་གཞུང་གི་རྒྱུ་ཆ་གང་མང་ཞིག་སྦས་ཡོད་པ་སྨོས་ཅི་དགོས།  གནད་འགག་ནི་ང་ཚོ་ད་དུང་གློག་བཪྙན་སྒྱུ་རྩལ་གྱི་གསར་རྩོམ་ལམ་བུར་དངོས་སུ་ཞུགས་མེད་པ་ལས་བཅོས་སྒྲིག་ཏུ་རུང་བའི་བརྩམས་ཆོས་མེད་པ་མིན།  དཔེར་ན།  ང་ཚོ་བོད་མི་རིགས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི《གླིང་སྒྲུང》ལྟ་བུར་མཚོན་ན་བསམ་བློ་དང་སྒྱུ་རྩལ་སོགས་ཕྱོགས་གང་ཐད་ནས་གློག་བཪྙན་བཅོས་སྒྲིག་གི་རིན་ཐང་གཞལ་དུ་མེད་པ་དང་།  སྤྱིར་བཏང་གི་འཁྲབ་གཞུང་བཅོས་སྒྲིག་གི་རེ་བའམ་མ་མཐའི་ཆ་རྐྱེན་དེ་དག་དངོས་སུ་འཛོམས་ཡོད་པས།  གློག་བཪྙན་དུ་ཕབ་ཐུབ་པའི་ཁྱད་ཆོས་སམ་རང་བཞིན་ལྷག་ཏུ་ལྡན་ཡོད།  འདིར《གླིང་སྒྲུང》གི་གློག་བཪྙན་འཁྲབ་གཞུང་བཅོས་སྒྲིག་གི་ཁྱད་ཆོས་དང་དེའི་གལ་ཆེན་རང་བཞིན་སོགས་རེ་རེ་ནས་གླེང་ཁུལ་བྱ།

 དང་བོ།  བརྗོད་དོན་ནམ་བསམ་བློའི་དགོངས་པ་དང་སློབ་གསོའི་དོན་སྙིང་གི་ཐད་ནས་བཅོས་སྒྲིག་གི་ཁྱད་ཆོས་དང་རང་བཞིན་ལྡན་པ།

 ལར་གློག་བཪྙན་དང་རྩོམ་རིག་གཉིས་ནི་རང་རྐྱ་ཐུབ་པའི་སྒྱུ་རྩལ་མི་འདྲ་བ་གཉིས་ལགས།  སོ་སོས་སྒྱུ་རྩལ་གྱི་མཚོན་བྱེད་དང་མཚོན་ཐབས་མི་འདྲ་བའི་སྟེང་ནས་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་ཡིན་ནའང་།  རང་རྐྱ་ཐུབ་པའི་སྒྱུ་རྩལ་འདི་གཉིས་ཀྱི་མཐར་ཐུག་གི་དམིགས་ཡུལ་སྤྱི་ཚོགས་ལ་གཏད་ཡོད་པ་དང་།  གཉིས་ཀའི་དམིགས་ཡུལ་གཙོ་བོ་ནི་ཚོགས་པའམ་སྤྱི་ཚོགས།  ཐ་ན་འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་རྒྱུ་དེ་ཡིན།  དེ་བས་ང་ཚོས་རང་རྐྱ་ཐུབ་པའི་སྒྱུ་རྩལ་འདི་གཉིས་ཀྱི་ཕན་ཚུན་གྱི་མཐུན་པའི་ཆ་རྣམས་རྨང་གཞིར་བཟུང་ནས།  རྩོམ་རིག་སྒྱུ་རྩལ་གང་ཞིག་གློག་བཪྙན་སྒྱུ་རྩལ་དུ་བཅོས་སྒྲིག་བྱེད་པའི་སྐབས།  ཆེས་ཐོག་མར་བསམ་བློ་འཁོར་དགོས་པ་ནི་བརྩམས་ཆོས་གང་དེ་བཅོས་སྒྲིག་བྱེད་པའི་དམིགས་ཡུལ་ཅི་ཡིན་པ་དང་།  དེར་དོན་སྙིང་ཡོད་མེད།  དེས་ལྟ་མཁན་རྣམ་པར་ཕན་པའི་ཤུགས་རྐྱེན་ཇི་འདྲ་ཞིག་ཐོན་ཐུབ་པ་བཅས་ཡིན་ཟེར་བ་ལྟར།  ཆེས་ཐོག་མར་བཅོས་སྒྲིག་བྱེད་ཡུལ་གྱི་བརྩམས་ཆོས་གང་དེའི་བརྗོད་བྱ་དང་བསམ་བློའི་དགོངས་པ།  དེའི་དོན་སྙིང་སོགས་ལ་རང་བཞིན་གྱིས་བསམ་གཞིག་རྣལ་མ་ཞིག་བྱེད་དགོས་པ་ཡིན།  དེ་བས་ང་ཚོ་བོད་ཀྱི་ཁྱད་འཕགས་བརྩམས་ཆོས་ཏེ།  《གླིང་སྒྲུང》ནི་འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་པ་ལ་ཐོག་མར་འདིའི་ཐད་ནས་ཁྱད་ཆོས་དང་རང་བཞིན་ལྷུན་གྱིས་འཛོམས་ཡོད་པ་སྟེ།  སྒྲུང་རིང་འདི་ནི་བོད་རིགས་ངལ་བརྩོན་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་ཆེས་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་།  འདི་ནི་བོད་བཙན་པོའི་རྒྱལ་ཁབ་སིལ་བུར་ཐོར་རྗེས་ཀྱི་དུས་རབས་དགུ་བའི་སྨད་དང་བཅུ་གཅིག་པའི་སྟོད་ལ་ཁམས་ཕྱོགས་སུ་འཁྲུངས་པའི་གླིང་གེ་སར་གྱི་རྨད་བྱུང་མཛད་འཕྲིན་དང་རྒྱལ་གཅེས་ཀྱི་དགོངས་པ།  འཐབ་འཛིང་གི་སྙིང་སྟོབས།  ཁྱད་འཕགས་ཀྱི་བློ་གྲོས་སོགས་ཀྱི་ལོ་རྒྱུས་དོན་དངོས་བརྗོད་བྱར་བཟུང་ནས།  གངས་ཅན་བོད་ཀྱི་འདས་སོང་གི་ཆབ་སྲིད་དང་དཔལ་འབྱོར།  དམག་དོན།  རིག་གནས་སོགས་དང་སྐབས་དེའི་བོད་རིགས་མི་དམངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་སྤྱོད་སྟངས།  ཆོས་ལུགས་དད་མོས།  བསམ་བློའི་ཤེས་རྟོགས།  སྐད་ཆའི་སྒྱུ་རྩལ།  མཛེས་སྤྱོད་རིག་པ།  རིན་ཐང་ལྟ་ཚུལ།  ཕུགས་བསམ་རེ་འདུན།  དགའ་སྡང་ཆགས་ཞེན་སོགས་ཕྱོགས་ཀུན་ནས་མཚོན་ཡོད་པ་དང་སྦྲགས།  མདོ་དབུས་ཁམས་གསུམ་གྱི་བོད་རིགས་མི་དམངས་ཀྱིས་ཕྱོགས་བཞིའི་བཙན་འཛུལ་པ་རྣམས་ལ་དཔའ་ངར་ཞུམ་མེད་ཀྱིས་འཐབ་འཛིང་བྱས་ཏེ་མེས་རྒྱལ་གྱི་མངའ་ཁོངས་སྲུང་སྐྱོབ་མཛད་པ་དང་།  སྐབས་དེའི་ཁ་ཐོར་དང་འཁྲུག་རྩོད་ཀྱི་འཐོར་རླུང་དྲག་པོའི་ཁྲོད་དུ་ཞི་བདེ་དང་སྤྱི་མཐུན་ལ་རེ་སྙེག་དང་བཅས་དཔའ་ཉམས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ལ་སྐད་གསེང་མཐོན་པོས་བསྟོད་གླུ་བླངས་ཡོད་པ་ཞིག་ཡིན་པས།  འདི་འདྲའི་རྒྱལ་གཅེས་རིང་ལུགས་དང་དཔའ་ཉམས་རིང་ལུགས།  ཞི་བདེ་དང་སྤྱི་མཐུན་ལ་རེ་སྙེག་བྱེད་པའི་བསམ་བློའི་དགོངས་པ་ཁྱད་དུ་འཕགས་པ་འདི།  གནའ་སྔ་མོ་ནས་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་བར་མ་ཟད།  སློབ་གསོའི་དོན་སྙིང་ལ་དུས་རབས་ཀྱི་ཚད་བཀག་མེད་པ་བསྐལ་བའི་བར་དུ་བཀྲག་མདངས་འཚེར་ཐུབ་པ་ཞིག་ཡིན།  དེ་བས་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་ན་འདིའི་བརྗོད་དོན་ནམ་བསམ་བློའི་དགོངས་པ།  སློབ་གསོའི་དོན་སྙིང་སོགས་ཕྱོགས་གང་ཐད་ནས་ཁྱད་དུ་འཕགས་པས།  རང་རྒྱལ་གྱི་སྤྱིར་བཏང་གི་འཁྲབ་གཞུང་བཅོས་སྒྲིག་གི་ཐབས་ཤེས་ཏེ།  མ་རྩོམ་གྱི་བརྗོད་དོན་ནམ་བསམ་བློའི་རང་བཞིན་ལ་ཆེས་ཆེར་བློ་དཀར་བའི་རྨང་གཞིའི་སྟེང་ནས།  གློག་བཪྙན་སྒྱུ་རྩལ་གྱི་ཆོས་ཉིད་དང་མ་འགལ་བར་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་ནས་གློག་བཪྙན་དུ་ཕབ་ན་ཧ་ཅང་ལེགས་སྙམ།  རྒྱུ་མཚན་ནི་སྤྱིར་སྒྲུང་རིང་འདི་ནི་དམངས་ཁྲོད་བརྩམས་ཆོས་ཡིན་པའི་ཆ་ནས་བཟོ་བཅོས་དང་བློ་དཀར་ཚད་ཀྱི་ཐད་ནས་རང་དབང་ཅུང་ཆེ་ནའང་།  འདི་ནི་བོད་རིགས་དམངས་ཁྲོད་དུ་གནའ་སྔ་མོ་ནས་དར་ཁྱབ་ཆེ་བར་མ་ཟད་།  འདིའི་ནང་དོན་ཟབ་ཅིང་རྒྱ་ཆེ་ལ་དེ་ཡིས་བོད་རིགས་མི་དམངས་ཀྱི་ཕུགས་བསམ་དང་སྨོན་འདུན།  ཀུན་སྤྱོད་དང་སེམས་གཤིས།  དགའ་སྡང་དང་སྙེག་བྱ་སོགས་དཔྱིས་ཕྱིན་པ་ཞིག་མཚོན་ཏེ།  བོད་རིགས་དམངས་ཁྲོད་དུ་ཉམས་པ་མེད་པར་མི་རབས་མང་བོར་མི་དམངས་ཀྱི་སེམས་ཁོང་ནས་ཡི་རངས་དང་ལེགས་སོ་བཀུགས་ཤིང་།  དེ་དག་གི་ཡིད་ཀྱི་མཚོ་མོ་རྟག་ཏུ་བསྐྱོམས་ཤིང་ཀུན་ལ་ཞི་བདེ་དང་སྤྱི་མཐུན་ལ་འབད་འབངས་དང་།  ཡར་རྒྱས་ཀྱི་སེམས་ཤུགས་འཛད་དུ་མེད་པ་ཞིག་བསྩལ་ཡོད་པ་དང་།  ད་དུང་རྒྱལ་ཁབ་དང་མི་རིགས་གཞན་པར་རྒྱ་ཆེར་དར་ཡོད་པས་གང་བྱུང་དུ་བཟོ་བཅོས་བརྒྱབ་ན། རྒྱ་ཆེ་བའི་ཀློག་པ་པོ་ཡིས་གུ་ཡངས་བྱེད་མི་སྲིད།  "བཅོས་སྒྲིག"གི་སྤྱིར་བཏང་རྩ་དོན་ལྟར་ན།  "བཅོས་སྒྲིག་"ནི་སྒྱུ་རྩལ་གྱི་བསྐྱར་དཔར་མིན་པ།  དེ་ནི་སྔ་ལས་སྒྱུ་རྩལ་གྱི་རིན་ཐང་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན་ཟེར་བ་དང་།  ལྷག་པར་དུ་སྒྲུང་རིང་འདིའི་བརྗོད་དོན་ནམ་བསམ་བློའི་དགོངས་པ་སོགས་ཆེས་ཁྱད་དུ་འཕགས་པ་ཞིག་ཡིན་པས།  བློ་ཆེས་ཆེར་དཀར་བའི་སྒོ་ནས་བཅོས་སྒྲིག་མཛད་ན།  སྔར་ལས་སྒྱུ་རྩལ་གྱི་ཚད་མཐོན་པོར་ཞིག་ཏུ་བསྐྱལ་ཐུབ་པར་སྙམ།

 གཉིས་པ།  གཏམ་རྒྱུད་དང་བྱུང་རིམ(འགལ་བ།  འཐབ་རྩོད།  མཇུག་འབྲས།)སོགས་ཀྱི་ཆ་ནས་བཅོས་སྒྲིག་གི་ཁྱད་ཆོས་དང་རང་བཞིན་ལྡན་པ།

 སྤྱིར་གློག་བཪྙན་དང་རྩོམ་རིག་སྒྱུ་རྩལ་གང་ཡིན་རུང་གཏམ་རྒྱུད་ཀྱི་བྱུང་རིམ་ནི་ཪྙོག་འཛིང་ལྡན་པའམ།  འགལ་བ་དང་འཐབ་རྩོད་སྣ་ཚོགས་ཀྱི་སྒོ་ནས་ཡང་སྐོར་བསྐྱར་སྐོར་བྱས་ནས།  ད་གཟོད་རྩོམ་པ་པོའམ་འཁྲབ་ཁྲིད་པའི་བསམ་བློའི་དགོངས་པའམ་བརྗོད་བྱའི་སྙིང་བོ་དེ་འབུར་དུ་འདོན་དགོས་པ་ནི་སྤྱི་འགྲོས་ཤིག་ཡིན།  སྤྱི་འགྲོས་འདི་ཡི་རྨང་གཞི་ལ་བརྟེན་པ་ནི་རྩོམ་རིག་སྒྱུ་རྩལ་དེ་གློག་བཪྙན་གྱི་འཁྲབ་གཞུང་སྒྱུ་རྩལ་དུ་བཅོས་སྒྲིག་བྱེད་ཐུབ་པའི་གཞི་རྩའི་ཆ་རྐྱེན་ཡིན།  ཕྱོགས་གཞན་ཞིག་ནས་འདི་གཉིས་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བ་གཉིས་ཡིན་ལ།  གཅིག་ནི་སྐད་ཆའི་སྒྱུ་རྩལ་དང་གཅིག་ནི་ཉན་གཟིགས་སྒྱུ་རྩལ་(视听艺术)ཡིན་པས།  སོ་སོར་སྒྱུ་རྩལ་རང་ངོས་ཀྱི་ཁྱད་ཆོས་དང་ཆོས་ཉིད་མི་འདྲ་བ་རེ་ཡོད་ཅིང་།  ལྷག་པར་དུ་གཏམ་རྒྱུད་ཀྱི་བྱུང་རིམ་སོགས་ཀྱི་ཐད་ནས་རྩོམ་རིག་སྒྱུ་རྩལ་དང་མི་འདྲ་བ།  བྱུང་རིམ་དེ་འདྲའི་ཪྙོག་འཛིང་ཅན་མིན་པ་དང་གཏམ་རྒྱུད་ཀྱི་ཁུངས་སྣེ་སོགས་ཅུང་སྟབས་བདེ་དང་ཁ་གསལ་ཡིན་དགོས་པ་དེ་དག་ནི་གློག་བཪྙན་གྱི་ཁྱད་ཆོས་ཤིག་ཏུ་ངེས་པས།  འཁྲབ་གཞུང་བཅོས་སྒྲིག་གི་སྐབས་སུ་གཙོ་བོ་འདིའི་སྟེང་ནས་སེམས་ཤུགས་ཆེན་པོ་གཏོད་དགོས་པ་དང་གསར་གཏོད་ཀྱི་ཆ་ཞིག་ཀྱང་ཐོན་དགོས་པ་ཡིན།  ང་ཚོའི《གླིང་སྒྲུང》ལ་སྤྱིར་གཏམ་རྒྱུད་དང་བྱུང་རིམ་ཆ་ཚང་བ་ཞིག་ཡོད་ནའང་།  སྒྲུང་བ་མི་འདྲ་བ་དང་བསྟུན་ནས་སྒྲུང་དཔེ་ལ་ལའི་གཏམ་རྒྱུད་ཀྱི་བྱུང་རིམ་ཅུང་མི་འདྲ་བའི་གནས་ཚུལ་ཡོད་པ་མ་གཏོགས།  ཆེ་ཕྱོགས་ནས་སྒྲུང་དཔེ་རེ་རེ་ཕན་ཚུན་གཏམ་རྒྱུད་ཀྱི་བྱུང་རིམ་ལྟར་དུ་སྣང་ཡོད་པ་སྟེ།  དཔེར་ན།  གེ་སར་རྒྱལ་བོ་གཙོ་བོ་བྱས་པའི་སྒྲུང་དཔེ་《ལྷ་གླིང་གབ་རྩེ་དགུ་སྐོར》ནས《འཁྲུངས་གླིང་མེ་ཏོག་ར་བ》དང《རྒྱལ་རབས་བཅུ་གསུམ》《ཟིབ་ལིང་རྟ་རྫོང》《རྟ་རྒྱུག་རྒྱལ་འཇོག》《འཛམ་གླིང་སྤྱི་གསང》《བདུད་འདུལ》《ཧོར་གླིང་གཡུལ་འགྱེལ》སོགས་ནས《ཁམས་གསུམ་བདེ་བཀོད》བར་དུ་གཏམ་རྒྱུད་ཀྱི་བྱུང་རིམ་ཆ་ནས་ཕལ་ཆེར་འབྲེལ་ཆགས་ནས་ཡོད་པ་དང་།  ཆུང་ཕྱོགས་ནས་སྒྲུང་དཔེ་རེ་རེར་གཏམ་རྒྱུད་ཀྱི་བྱུང་རིམ་ཆ་ཚང་རེ་ཡོད་པ་དང་།  དཔེར་ན།  《ཧོར་གླིང་གཡུལ་འགྱེལ》ལ་མཚོན་ན་ཧོར་གུར་དཀར་རྒྱལ་བོ་ཡིས་རང་གི་བཙུན་མོ་འདས་རྗེས་བྱ་བཞི་ཕྱོགས་བཞིར་མངགས་ནས་རང་ལ་བཙུམ་མོ་འཚོལ་དུ་བཏང་སྟེ།  གླིང་གེ་སར་བདུད་འདུལ་དུ་ཕེབས་པའི་སྐབས་དང་བསྟུན་ནས་གླིང་ཡུལ་ལ་དམག་དྲངས་པ་ནས།  མཐར་གླིང་གེ་སར་གྱིས་ཧོར་གུར་དཀར་གུར་སེར་གུར་ནག་སྤུན་གསུམ་ཆམ་ལ་ཕབ་ཅིང་ཤན་པ་རྨེ་རི་རྩེ་དབང་དུ་བསྡུས་ཏེ།  ཧོར་གྱི་རྒྱལ་བོར་བསྐོས་ནས་འབྲུག་མོ་ཁྲིད་དེ་ཕྱིར་གླིང་ཡུལ་དུ་ལོག་པའི་བར།  བྱུང་རིམ་ཅུང་ཆ་ཚང་གི་སྒོ་ནས་གཏམ་རྒྱུད་ཀྱི་རྒྱུན་སྤྲོས་ནས་ཡོད་པ་དང་།  གཏམ་རྒྱུད་ཀྱི་བརྒྱུད་རིམ་ལས་ཧོར་གླིང་བར་གྱི་འགལ་བ་དང་འཐབ་རྩོད།  རྒྱལ་བོ་བར་གྱི་འགལ་བ་དང་འཐབ་རྩོད།  ཧོར་གླིང་ནང་ཁུལ་གྱི་འགལ་བ་དང་འཐབ་རྩོད་སོགས་མི་སྣའི་བར་གྱི་ཁ་བརྡ་དང་བྱ་སྤྱོད།  ཁོར་ཡུལ་ཞིབ་འབྲི་སོགས་ཀྱི་སྟེང་ནས་མངོན་གསལ་དུ་མཚོན་ཡོད།  མདོར་ན་མགོ་ནས་མཇུག་བར་བདེན་དགེ་མཛེས་གསུམ་དང་རྫུན་སྡིག་དམེ་གསུམ་བར་གྱི་འགལ་བའི་འཐབ་རྩོད་དེ་སྐུད་པ་བཞིན་དུ་བརྒྱུས་ཡོད་པས།  འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་ཐུབ་པའི་གཞི་རྩའི་ཆ་རྐྱེན་ནམ་རང་བཞིན་ཕལ་ཆེར་ལྡན་ཡོད།  སྤྱིར་གློག་བཪྙན་མཁས་པ་རྣམས་ཀྱིས་བཤད་པ་ན།  འཁྲབ་གཞུང་བཅོས་སྒྲིག་ལས་གློག་བཪྙན་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཆེས་འཚམས་པའི་བརྩམས་ཆོས་ནི་སྒྲུང་འབྲིང་ཡིན་པ་དང་དེ་ནས་སྒྲུང་ཐུང་ཡིན།  ཆེས་བཅོས་སྒྲིག་བྱེད་དཀའ་བ་ནི་སྒྲུང་རིང་ཡིན་ཟེར།  དེ་ནི་སྒྲུང་འབྲིང་གི་རིང་ཐུང་དང་དེའི་བྱུང་རིམ་དང་མི་སྣ་མང་ཉུང་སོགས་ནི་གློག་བཪྙན་གྱི་ཤོང་ཚད་དང་མཐུན་པ་ཡིན།  སྒྲུང་རིང་ནི་རིང་ཚད་དང་བྱུང་རིམ་ཪྙོག་དྲ་ཆེ་ཞིང་།  མི་སྣ་མང་བ་སོགས་ཀྱིས་གློག་བཪྙན་གྱི་ཤོང་ཚད་ལས་རིང་དུ་བརྒལ་བ་དང་།  ལྷག་པར་དུ་གློག་བཪྙན་ལ་ཡུལ་དུས་ཀྱི་ཚད་བཀག་རང་བཞིན་ཆེ་བས་ཡིན།  དེ་བས་ང་ཚོའི《གླིང་སྒྲུང》ལ་མཚོན་ནའང་དུས་ཚོད་གཅིག་དང་གཉིས་ཀྱི་ནང་ནས་གློག་བཪྙན་འཁྲབ་གཞུང་དུ་བསྡུས་ནས་བཀྲམ་པ་ནི་ལས་སླ་མོ་ཞིག་མིན་པས།དེ་འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་དགོས་ན།  དེ་ལ་འཕྲི་སྣོན་དང་བཟོ་བཅོས་གང་རུང་བྱེད་དགོས་པ་ནི་གཟུར་ཐབས་མེད་པ་ཞིག་རེད།  འཛམ་གླིང་གི་གློག་བཪྙན་ལོ་རྒྱུས་ལྟར་ནའང་སྒྲུང་གང་ཞིག་འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་ན།  དེ་ལ་འཕྲི་སྣོན་དང་བཟོ་བཅོས་བརྒྱབ་པ་ནི་ཡོངས་ཁྱབ་ཀྱི་གནས་ཚུལ་ཞིག་ཏུ་མཐོང་།  རང་རྒྱལ་གྱི་བརྩམས་ཆོས་གྲགས་ཅན་བཞི་ལ་མཚོན་ནའང་ཚང་མ་གློག་བཪྙན་དུ་ཕབ་ཡོད་རུང་།  ད་སྔར་སྒྲུང་ཧྲིལ་བོ་ཆ་ཚང་གི་སྒོ་ནས་བཅོས་སྒྲིག་བྱས་ཡོད་པ་ཞིག་མེད་ལ།  སྒྲུང་རིང་གང་དེའི་ནང་གི་ལེའུ་ག་གེ་མོ་དང་ཡང་ན་ཆེས་མཚོན་བྱེད་རང་བཞིན་ལྡན་པའི་མི་སྣ་གཙོ་བོ་གཅིག་དང་གཉིས་ལྟེ་བར་བཟུང་སྟེ།  མ་རྩོམ་གྱི་བརྗོད་དོན་ནམ་བསམ་བློའི་དགོངས་དོན་ལ་བློ་ཆེས་ཆེར་དཀར་བའི་འོག་ནས།  གཏམ་རྒྱུད་ཀྱི་བྱུང་རིམ་སོགས་དེ་འདྲའི་གལ་འགངས་མི་ཆེ་བ་རྣམས་གློག་བཪྙན་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཆོས་ཉིད་ལྟར།  འཕྲི་སྣོན་དང་བཟོ་བཅོས་གང་རུང་བརྒྱབ་ནས་བཅོས་སྒྲིག་བྱས་ཡོད་པ་ཞིག་ཡིན།  ང་ཚོའི་《གླིང་སྒྲུང》འདིའང་དེ་དང་འདྲ་བ་སྒྲུང་དཔེ་ག་གེ་མོའམ་ཡང་ན་གེ་སར་ལྟ་བུ་མི་སྣ་གཙོ་བོ་འགའ་རེ་ལྟེ་བར་བཟུང་ནས་འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་པ་མ་གཏོགས།  སྒྲུང་དཔེ་རྣམས་ཧྲིལ་བོ་ཆ་ཚང་གི་སྒོ་ནས་གློག་བཪྙན་དུ་ཕབ་ཐུབ་རྒྱུ་ལྷག་ཏུ་དཀའ་སྙམ།  དེ་བས་སྤྱིར《གླིང་སྒྲུང》གི་གཏམ་རྒྱུད་དང་བྱུང་རིམ་སོགས་ཀྱི་ཆ་ནས་འཁྲབ་གཞུང་དུ་བཅོས་སྒྲིག་ཐུབ་པའི་སྒྱུ་རྩལ་གྱི་ཆ་མཐུན་རང་བཞིན་ཆེ་ནའང་།  བཅོས་སྒྲིག་གི་སྐབས་སུ་དེའི་བྱུང་རིམ་དང་སྤྱི་ཁོག་གྲུབ་ཚུལ་སོགས་གློག་བཪྙན་སྒྱུ་རྩལ་གྱི་ཆོས་ཉིད་དང་མི་མཐུན་པའི་ཆ་ལ་འཕྲི་སྣོན་དང་བཟོ་བཅོས་ཚད་དང་རན་པ་ཞིག་བརྒྱབ་ནས།  གློག་བཪྙན་གྱི་ཆོས་ཉིད་ལྟར་དུ་བཅོས་སྒྲིག་བྱས་ན།  ད་གཟོད་རང་རྒྱལ་གྱི་བརྩམས་ཆོས་གྲགས་ཅན་བཞི་ཡི་གློག་བཪྙན་བཅོས་སྒྲིག་ལྟར་སྒྱུ་རྩལ་གྱི་ཚད་མཐོན་པོ་ཞིག་ཏུ་བསྐྱལ་ཐུབ་པར་འདོད།

 གསུམ་པ།  ཐུན་མིན་གྱི་མི་སྣའི་གཤིས་ཀའམ་སྣང་བཪྙན་གྱི་ཐད་ནས་བཅོས་སྒྲིག་གི་ཁྱད་ཆོས་དང་རང་བཞིན་ལྡན་པ།

 སྤྱིར་གློག་བཪྙན་དང་རྩོམ་རིག་གང་ཡིན་རུང་གསོན་ཉམས་ལྡན་པའི་མི་སྣའི་སེམས་ཁམས་དང་གཤིས་ཀ་སོགས་བཞེངས་སྐྲུན་བྱེད་པ་ལྟེ་བར་འཛིན་ཞིང་།  དཔེ་མཚོན་གྱི་སྤྱི་ཚོགས་འཚོ་བ་དང་དུས་རབས་ཀྱི་རྒྱབ་ལྗོངས་གང་ལས་བྱུང་བའི་དཔེ་མཚོན་གྱི་མི་སྣའི་སྣང་བཪྙན་བཞེངས་སྐྲུན་བྱས་པ་བརྒྱུད་ནས།  དངོས་ཡོད་སྤྱི་ཚོགས་ལ་དགེ་མཚན་གྱིས་ཕྱུག་པའི་ཞབས་འདེགས་གང་ཞིག་སྒྲུབ་རྒྱུ་ནི་ཚང་མའི་ལས་འགན་གཙོ་བོ་ཡིན།  ཡིན་ཡང་རང་རྐྱ་ཐུབ་པའི་སྒྱུ་རྩལ་རེ་རེའི་རྣམ་པ་དང་ཆོས་ཉིད་མི་འདྲ་བའི་རྐྱེན་གྱིས་སོ་སོའི་སྒྱུ་རྩལ་གྱི་མཚོན་ཐབས་ཀྱང་མི་འདྲ་བ་ཡིན།  དཔེར་ན།  མི་སྣའི་ནང་སེམས་ཀྱི་འགྱུར་བ་མཚོན་པར་ཟློས་གར་སྒྱུ་རྩལ་ལ་མཚོན་ན་གཙོ་བོ་སྨྲ་བརྗོད་དང་ཁ་བཤད་ཀྱི་ལམ་ནས་མཚོན་པ་དང་།  རྩོམ་རིག་སྒྱུ་རྩལ་ལྟ་བུ་ནི་གཙོ་བོ་མིང་ཚིག་གི་སྦྱོར་བ་དང་ཀུན་རྟོག་གི་འཆར་སྒོ་ལ་བརྟེན་ནས་མཚོན་པ།  གློག་བཪྙན་སྒྱུ་རྩལ་ནི་དེ་དང་མི་འདྲ་བ་གཙོ་བོ་མི་སྣའི་ལུས་ངག་ཡིད་གསུམ་གྱི་བྱ་བ་དང་སྤྱོད་པའི་ཉམས་དང་འགྱུར་བའི་ཚུལ་དངོས་གཟུགས་བཪྙན་གསོན་ཉམས་ལྡན་པའི་སྒོ་ནས་མཐོང་ཐོས་གྱི་ཡུལ་དུ་གྱུར་བའི་ལམ་ནས་མངོན་སུམ་ཇི་བཞིན་དུ་སྣང་བར་བཀོད་པ་ནི་འདིའི་ཐུན་མིན་གྱི་ཁྱད་ཆོས་ཡིན་པས།  རྩོམ་རིག་བརྩམས་ཆོས་ལ་ལ་ནི་ཀུན་རྟོག་དང་སྤྱི་མཚན་གྱི་རང་བཞིན་ཆེ་བའི་རྐྱེན་གྱིས་བྱུང་རིམ་དང་མི་སྣའི་འགུལ་སྐྱོད་ཀྱི་རང་བཞིན་ཤིན་ཏུ་ཕྲ།  དེ་བས་གློག་བཪྙན་གྱི་འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་པར་དཀའ་ཁག་ཆེ།  ང་ཚོའི《གླིང་སྒྲུང》ལྟ་བུར་མཚོན་ན་སྤྱིར་རྩོམ་རིག་ཡིན་པའི་ཆ་ནས་ཀུན་རྟོག་གི་འཆར་སྒོ་དང་སྤྱི་མཚན་གྱི་ལམ་ནས་མི་སྣའི་སྣང་བཪྙན་སོགས་རོལ་མྱོང་བྱེད་དགོས་ནའང་།  འདིའི་གཏམ་རྒྱུད་དང་བྱུང་རིམ་གྱི་ཆ་མ་ཟད་མི་སྣའི་འགུལ་སྐྱོད་དང་གཤིས་ཀ་སོགས་གང་ཐད་ནས་གསོན་ཉམས་ལྡན་པའི་སྒོ་ནས།  མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་ལམ་ནས་མངོན་སུམ་དུ་སྣང་ཐུབ་པའི་སྒྱུ་རྩལ་གྱི་ཁྱད་ཆོས་སམ་རང་བཞིན་ཧ་ཅང་ཆེ།  དཔེར་ན།  སྤྱིར《གླིང་སྒྲུང》ལས་མི་སྣའི་སྣང་བཪྙན་སྟོང་ཕྲག་ལ་ཉེ་བ་ཞིག་གསར་བཞེངས་མཛད་ཡོད་ནའང་།  དེའི་ཁྲོད་ནས་གལ་འགངས་ཆེ་བའི་མི་སྣ་བརྒྱ་ཕྲག་ལྷག་མཆིས་པ་དེ་དག་ལས་ནག་ཕྱོགས་ཀྱི་དགྲ་ཡ་ཡིན་ཡང་རུང་།  སྐྱེས་པ་ཡིན་ནའང་ཆོག  སྐྱེས་མ་ཡིན་ཡང་རུང་།  རྒན་དར་གཞོན་གསུམ་སོགས་མི་གང་དང་གང་ཞིག་ཡིན་ཡང་དེ་དག་རེ་རེ་ལ་གསོན་ཉམས་ལྡན་ཞིང་འགྲེང་ཚུགས་ཡོད་པ་དང་།  ཉམས་འགྱུར་ལྡན་ལ་རང་གཤིས་ཆགས་པའི་སྒོ་ནས་ཞིབ་འབྲི་མཛད་ཡོད་པ་སྟེ།  དཔེར་ན།  《ཧོར་གླིང་གཡུལ་འགྱེལ》ལས་གླིང་གེ་སར་རྒྱལ་བོ་ཡི་འགྲོ་འདུག་སྤྱོད་གསུམ་ལས་ཁོང་ནི་མཐུ་སྟོབས་ནུས་ཤུགས་མངའ་བ་སོགས་ལྷའི་ཡོན་ཏན་འཛོམས་པར་མ་ཟད།  བློ་སེམས་དཀར་ཞིང་ཤེས་རབ་རྣོ་བ།  དཔའ་ངར་ཆེ་ཞིང་བརྟུལ་ཕོད་ལྡན་པ།  ཆོས་ལ་དད་ཅིང་སྙིང་རྗེ་ཆེ་བ་སོགས་ཤ་ཁྲག་རུས་གསུམ་ལས་གྲུབ་པའི་འགྲོ་བ་མིའི་ཁྱད་ཆོས་ཀྱང་ལྡན་པའི་སྣང་བཪྙན་ལྷུན་གྱིས་གྲུབ་ཡོད་པ་དང།  བཙུན་མོ་འབྲུག་མོ་ནི་མཛངས་མའི་ཡོན་ཏན་ཀུན་དང་ལྡན་ལ།  བློ་གྲོས་ཤེས་རབ་ཆེ་བ།  ཡིད་གཞུངས་ཤིང་ཞི་ཞིང་དུལ་བ།  བག་དང་ལྡན་ཞིང་སེམས་པ་དཀར་བ།  མཛའ་གཅུགས་བརྩེ་དུང་གི་སླད་དུ་བློ་སེམས་འགྱུར་མེད་ངང་བརྩོན་སེམས་བསྐྱེད་པ་དང་།  དཔའ་ངར་ཞུམ་མེད་སྒོས་འཐབ་འཛིང་ཕོད་པའི་སྐྱེས་མའི་སྣང་བཪྙན་གསར་སྐྲུན་བྱས་ཡོད་ལ།  ཨ་ཁུ་ཁྲོ་ཐུང་ནི་ཝ་མོ་བཞིན་དུ་གཡོ་ཟོལ་ཆེ་ལ་སྡར་མའི་བརྟུལ་ཞུགས་འཛིན་པ།  གྱོད་དང་ཁ་མཆུའི་སྣ་འདྲེན།  ཕྱི་བཤིག་གི་སྟ་རེ་དང་ནང་བཤིག་གི་སྟེའུ་ལྟ་བུར་བཞེངས་ཡོད་པ་དང་།  ཧོར་གུར་དཀར་རྒྱལ་བོར་མཚོན་ན་ཁོང་ནི་རྒྱུ་འབྲས་མི་བརྩི་བ་དང་ངོ་བསྟོད་དང་བཀུར་བསྟི་ལ་སྲེད་པ།  ལྷག་བསམ་དང་སྙིང་རྗེ་མི་མངའ་བར་འདོད་སྲེད་དང་གདུག་རྩུབ་ཆེ་བའི་སྣང་བཪྙན་གསོན་པོར་བཞེངས་ཡོད་པ་སོགས་གང་ཡིན་ཡང་གསོན་ཉམས་ལྡན་ལ་འགྲེང་ཚུགས་ལྡན་པས།  གློག་བཪྙན་སྒྱུ་རྩལ་གྱི་ཁྱད་ཆོས་ལྟར་མི་སྣའི་ལུས་ངག་ཡིད་གསུམ་གྱི་བྱ་བ་དང་སྤྱོད་པའི་ཉམས་འགྱུར་སོགས་ཀྱི་ཚུལ་དངོས་ཡོད་གཟུགས་བཪྙན་གསོན་ཉམས་ལྡན་པའི་སྒོ་ནས་མཐོང་ཐོས་ཡུལ་དུ་མངོན་སུམ་ཇི་བཞིན་སྣང་ཐུབ་པ་ཞིག་ཡིན།  ལྷག་པར་དུ་མི་སྣའི་ཆ་བྱད་ཞིབ་འབྲི་དང་ཁོར་ཡུག་གི་བཀོད་པ་ཞིབ་འབྲི་སོགས་ནི་གློག་བཪྙན་གྱི་རེ་བ་དང་ཤིན་ཏུ་མཐུན་པའི་བཅོས་སྒྲིག་བྱེད་དུས་ཐད་ཀ་ནས་བླངས་ཆོག་པ་ལྟ་བུར་སྣང་།  མི་སྣའི་བར་གྱི་ཁ་བརྡ་ཡིན་ནའང་དབྱངས་རྟའི་ལམ་ནས་གྱེར་ནས་བགྲོ་གླེང་བྱེད་པ་ཞིག་ཡིན་པས།  སྤྱིའི་བརྗོད་དོན་དང་མི་འགལ་བའི་འོག་ནས་ཅུང་ཉུང་འཕྲི་ཡི་སྒོ་ནས་འཁྲབ་གཞུང་དུ་བླངས་ཏེ་བཀྲམ་རྒྱུ་ན།  སྔར་ལས་མི་རིགས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་རིན་ཐང་ཇེ་མཐོར་གཏོང་ཐུབ་ངེས།  དེ་བས"བཅོས་སྒྲིག"ནི་སྒྱུ་རྩལ་གྱི་བསྐྱར་དཔར་མིན་ཟེར་བའི་རྩ་དོན་གཞིར་བཟུང་ནས།  གློག་བཪྙན་གྱི་ཁྱད་ཆོས་དང་ཆོས་ཉིད་ལྟར་མི་སྣའི་གྲངས་ཚད་ཀྱི་ཐད་ནས་འོས་འཚམ་གྱིས་འཕྲི་སྣོན་དང་བཟོ་བཅོས་བརྒྱབ་སྟེ།  འཁྲབ་གཞུང་དུ་བཅོས་སྒྲིག་བྱས་ན་ཧ་ཅང་ལེགས་པར་འདོད།

 བཞི་བ།  བཅོས་སྒྲིག་གི་གལ་ཆེན་རང་བཞིན།

 ཕྱི་གླིང་གི་གློག་བཪྙན་ལོ་རྒྱུས་ཡིན་ནའང་འདྲ་རང་རྒྱལ་གྱི་གློག་བཪྙན་ལོ་རྒྱུས་སོགས་གང་ཡིན་རུང་འཁྲབ་གཞུང་བཅོས་སྒྲིག་གི་ལོ་རྒྱུས་རིང་བར་མ་ཟད།  དེའི་གྲངས་ཚད་དང་སྤུས་ཀ་གང་ཐད་ནས་ཆེད་ལས་འཁྲབ་གཞུང་རྩོམ་པ་པོའི་གསར་རྩོམ་ལས་རིང་དུ་བརྒལ་ཡོད་པར་གཞིགས་ན།  འཁྲབ་གཞུང་བཅོས་སྒྲིག་ནི་གློག་བཪྙན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནས་ངེས་པར་བརྒྱུད་དགོས་པ་ཞིག་དང་།  དེས་གློག་བཪྙན་སྒྱུ་རྩལ་གྱི་འཕེལ་རྒྱས་གོ་རིམ་ཁྲོད་ནས་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པར་རྟོགས་ཐུབ།  འཛམ་གླིང་གི་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དང་མི་རིགས་རྣམས་ཀྱིས་དུས་ཡུན་རིང་བོར་གློག་བཪྙན་སྒྱུ་རྩལ་གྱི་ལམ་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་རྩོམ་རིག་གི་ཕུལ་བྱུང་བརྩམས་ཆོས་དག་བཅོས་སྒྲིག་བྱས་ཏེ་ཁྱད་འཕགས་ཀྱི་གྲུབ་འབྲས་བླངས་ཡོད་པར་མ་ཟད།  རྒྱལ་ཁབ་དང་མི་རིགས་གཞན་གྱི་ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་རྣམས་ཁྱེར་ནས་གློག་བཪྙན་དུ་ཕབ་ཀྱིན་ཡོད་པ་ལ་གཞིགས་ན།   ང་ཚོས་རང་རྒྱལ་དང་མི་རིགས་གཞན་གྱི་རྩོམ་རིག་བརྩམས་ཆོས་དག་གློག་བཪྙན་དུ་ཕབ་མི་ཐུབ་ནའང་།  རང་མི་རིགས་ཀྱི་རི་བོའི་གཏོས་དང་མཉམ་པའི་རྩོམ་རིག་གི་ཁྱད་འཕགས་བརྩམས་ཆོས་དག་རང་དགར་བསྐྱུར་མི་ཉན་པ་ཅི་ནས་ཀྱང་གློག་བཪྙན་དུ་ཕབ་ཐུབ་དགོས།  ང་ཚོའང་མི་རིགས་གཞན་དག་དང་འདྲ་བ་རང་མི་རིགས་ཀྱི་འཚོ་བའི་རོལ་སྟངས་དང་ཐོན་སྐྱེད་བྱེད་སྟངས།  ས་ཁམས་ཁོར་ཡུག  རིག་གནས་རྒྱབ་ལྗོངས།  བསམ་བློ་ཀུན་སྤྱོད་སོགས་ཐུན་མིན་གྱི་མི་རིགས་སེམས་ཁམས་དང་ཡུལ་སྲོལ་གོམས་གཤིས།  མཛེས་རྟོག་ལྟ་བ་སོགས་ཡོད་པས་དེ་དག་འཛམ་གླིང་སྤྱི་ལ་སྔར་ལས་ཁྱབ་སྤེལ་དང་འགྲེམ་སྟོན་བྱེད་དགོས་ན།  ངེས་པར་དུ་རང་གི་ཕུལ་བྱུང་བརྩམས་ཆོས་དེ་དག་གློག་བཪྙན་དུ་ཕབ་དགོས།  སྤྱིར་ང་ཚོ་བོད་ལ་མཚོན་ན་གློག་བཪྙན་སྒྱུ་རྩལ་འདི་དར་མེད་ནའང《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནས་བཟུང་སྒྱུ་རྩལ་འདིའི་ལམ་བུར་དངོས་སུ་ཞུགས་འགོ་བརྩམས་ཟིན་པས།  བརྗོད་བྱ་རྣམས་རྟག་ཏུ་སྤྱིར་བཏང་གི་འཚོ་བའི་གཏམ་རྒྱུད་ཀྱི་བྱུང་རིམ་ཕྲ་མོ་ཞིག་གི་ལམ་ནས་འདུག་དགོས་དོན་མེད་པར།  རང་གི་རྩོམ་རིག་བརྩམས་ཆོས་དག་གིས་འཚོ་བའི་རྒྱ་ཆེས་ཆེ་ས་ནས་མཚོན་ཡོད་པ་དག   གློག་བརྙན་སྒྱུ་རྩལ་འདིའི་རྣམ་པར་བཅོས་སྒྲིག་བྱས་ན་གྲུབ་འབྲས་སྔར་ལས་འཐོབ་ངེས།  སྤྱིར་གློག་བཪྙན་ནི"སྒྲོག་སྨྱན"ཀྱི་སྒྱུ་རྩལ་རླབས་ཆེན་ཞིག་ཡིན་པས།  ང་ཚོའི《གླིང་སྒྲུང》ལྟ་བུས་དུས་སྐབས་དེའི་བོད་རིགས་མི་དམངས་ཀྱི་ཐུན་མིན་རིག་གནས་དང་བསམ་བློ་སོགས།  ཡོད་ཚད་ཀུན་ནས་རྒྱ་ཆེར་མཚོན་ཡོད་པ་དེ་གློག་བཪྙན་འཁྲབ་གཞུང་དུ་བཅོས་སྒྲིག་མཛད་ནས་འགྲེམ་སྟོན་བྱས་ན།  གངས་ཅན་བོད་ཀྱི་འདས་སོང་གི་ཆབ་སྲིད་དང་དཔལ་འབྱོར།  དམག་དོན།  རིག་གནས་སོགས་ལོ་རྒྱུས་ཀྱི་གནས་ཚུལ་ལ་སྔར་ལས་རྒྱུས་ལོན་དང་།  བོད་མི་རིགས་ཀྱི་ཐུན་མིན་གྱི་རྩམ་དྲི་སྔར་ལས་ཇེ་འཐུལ་དང་སྦྲགས།  དེའི་བསམ་བློའི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་སོགས་སྔར་ལས་ཇེ་མཐོར་དང་སྔར་ལས་འཛམ་གླིང་ལ་ཁྱབ་སྲིད་པས།  གློག་བཪྙན་འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་པར་གལ་འགངས་ཆེ་བར་མ་ཟད་དོན་སྙིང་ཡང་ཤིན་ཏུ་ཆེ། 

 ལྔ་བ།  མཇུག་བསྡུའི་གཏམ།

 མདོར་ན་ང་ཚོ་བོད་མི་རིགས་ཀྱི་བློ་གྲོས་དང་ཤེས་རབ་ཀྱི་རྩལ་ལས་ཐོན་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་སྟེ།  《གླིང་སྒྲུང》ནི་རྩོམ་རིག་ཞིག་ཡིན་པའི་ཆ་ནས་དེའི་བརྗོད་དོན་དང་བསམ་བློའི་དགོངས་པ།  སྒྱུ་རྩལ་སོགས་ཕྱོགས་གང་ཐད་ནས་འཛམ་གླིང་གི་རྩོམ་རིག་གཞན་དག་ལས་ཆེས་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད།  དེ་བས་དེང་གི་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དང་མི་རིགས་རྣམས་ཀྱི་གློག་བཪྙན་སྒྱུ་རྩལ་ལ"བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ"ཟེར་བའི་དཔེ་བཞིན།  མིག་དཔེར་བཟུང་སྟེ་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་ནས་གློག་བཪྙན་སྒྱུ་རྩལ་གྱི་ཕྱོགས་སུ་སྙེག་དགོས་ལ།  ང་ཚོའི《གླིང་སྒྲུང》འདིར་མཚོན་ན་སྤྱིར་བཏང་གི་འཁྲབ་གཞུང་བཅོས་སྒྲིག་གི་རེ་བའམ་ཆ་རྐྱེན་ལྟར།  རྒྱ་ཆེ་བའི་བསམ་བློའི་དགོངས་པ་དང་ཆ་ཚང་བའི་གཏམ་རྒྱུད་ཀྱི་བྱུང་རིམ།  གསོན་ཉམས་ལྡན་པའི་མི་སྣའི་གཤིས་ཀ་དང་འགྲེང་ཚུགས་ཐུབ་པའི་མི་སྣའི་སྣང་བཪྙན་བཞེངས་སྐྲུན་སོགས་ཀྱི་ཐད་ནས་ཁྱད་ཆོས་ཡོངས་སུ་འཛོམས་ཡོད་ཅིང་ཚུལ་མིག་མཐོང་ལག་ཟིན་དུ་སྣང་བས།  འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་ཐུབ་པའི་ཁྱད་ཆོས་དང་རང་བཞིན་ལྷུན་གྱིས་གྲུབ་ཡོད་ལ།  མ་མཐར་ཡང་གློག་བཪྙན་དུ་བཅོས་སྒྲིག་བྱེད་ཐུབ་པར་སྨོས་ཅི་དགོས།  ཡིན་ནའང་ཆེས་ཁྱད་དུ་འཕགས་པ་ཞིག་ཕབ་སྐྲུན་ཐུབ་མིན།  ད་དུང་གློག་བཪྙན་ནི་སྣ་འཛོམས་ཀྱི་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས་ཕྱོགས་མང་བོ་ཞིག་ནས་ཆུ་ཚད་དང་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ཐོན་དགོས།  གློག་བཪྙན་སྒྱུ་རྩལ་ལ་མཚོན་ན་རྨང་གཞིའམ་རྩ་བའི་གཞི་འཛིན་ས་ནི་འཁྲབ་གཞུང་ཡིན་པས།  ང་ཚོས་ཆེས་ཐོག་མར《གླིང་སྒྲུང》གཞིར་བཟུང་ནས་འཁྲབ་གཞུང་དུ་བཅོས་སྒྲིག་མཛད་ནས་མ་འོངས་གློག་བཪྙན་གྱི་ཐོག་མའི་རྨང་གཞི་ལེགས་པོ་ཞིག་འཁྱོངས་དགོས་ཤིང་།  དེའི་རྨང་གཞི་ལ་བརྟེན་ནས་གློག་བཪྙན་འཐུས་ཚང་ཞིག་ད་གཟོད་ཕབ་སྐྲུན་བྱེད་ཐུབ་ངེས།  དེ་ལྟར་ང་ཚོས་རང་གི་རིག་གནས་དང་སྒྱུ་རྩལ་གྱི་འཚོ་བ་དག་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་ཡིན།  དེ་བས་ང་ཚོ་རྗེས་རབས་པ་ལ་མཚོན་ན་གློག་བཪྙན་སྒྱུ་རྩལ་གྱི་ཕྱོགས་སུ་འབད་འབངས་ཀྱིས།  རང་མི་རིགས་ཀྱི་ཕུལ་བྱུང་བརྩམས་ཆོས་དག་ཡང་བསྐྱར་སྒྱུ་རྩལ་གྱི་ལམ་ནས་གསར་སྐྲུན་དང་འགྲེམ་སྟོན་གྱིས་སྔར་ལས་རིན་ཐང་ཇེ་མཐོར་གཏོང་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེན་དང་།  དུས་རབས་ཀྱིས་ང་ཚོར་གནང་བའི་གཟུར་མེད་ཀྱི་འོས་འགན་དང་འགན་འཁྲི་ཡིན་ནོ།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1