༄༅། །བོད་ཀྱི་རིག་གཞུང་དང་རྟ་རྒྱུགས་རྩེད་མོ།

མགར་ཐར་འཇིགས་མེད་བསམ་འགྲུབ། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 04-29


གླེང་སློང་།

      རྣམ་དཔྱོད་རྒྱས་པ་དང་མ་རྒྱས་པའི་མི་མང་པོ་ཞིག་གིས་ད་ལྟ་བོད་ཁུལ་ན་ཆེས་དར་སྲོལ་ཆེ་བའི་རྟ་རྒྱུགས་དང་།   དེ་ལས་གཞན་པའི་དམངས་ཁྲོད་རྩེད་རིགས་ལ་དགག་བཞག་སྤོང་གསུམ་བྱེད་བཞིན་དྲ་ལམ་ཁག་ན་ངལ་བ་བསྟེན་པ་མང་པོ་བདོག  ངེས་པར་དགག་དགོས་པ་ཞིག་ཀྱང་མ་ཡིན་ལ་ངེས་པར་དུ་ཤི་འཐམ་རོ་འཐམ་བྱ་ཡུལ་ཡང་མ་ཡིན་པའི་དམངས་ཁྲོད་ཀྱི་རྩེད་རིགས་འདི་ལ་དཔྱད་བརྗོད་སྨྲ་བ་ཕལ་མོ་ཆེ་ནི།  ཆོས་སྒོར་བཞུགས་ནས་ཉམས་ལེན་གྱིས་རྒྱུད་ཡོངས་སུ་འཆོས་མདོག་སྟོན་མཁན་དང་། རིགས་ཞེན་ལ་རྒྱ་སྙིང་དབུས་སུ་བཅངས་ཏེ་མི་ཚེ་སྡུག་བསྔལ་གྱི་ཀློང་དུ་བཙུད་དགོས་པར་སྨྲ་བ་དག་དང་།   དེ་མ་ཡིན་པའི་འཇིག་རྟེན་པའི་ལུགས་ཀྱི་བསྟན་བཅོས་ལ་བློ་རྩལ་མ་རྒྱས་ཤིང་མི་རྒྱས་པའི་རིགས་ཅན་ཏེ།    དབང་རྩ་ཆད་པ་དང་འཁྲུག་པ་མ་ཚང་བ་དག་གིས་ཀྱང་དེ་བཞིན་དུ་སྨྲ་བར་བྱེད་དོ། ། དེ་དང་འབྲེལ་ནས་སྐབས་ཀྱི་དཔྱད་གཏམ་ལ་འཇུག་པར་བྱ་བ་ལ།  

རིག་གཞུང་། 

        ཐོག་མར་འདི་ལྟར་བློར་ཆུབ་དགོས་ཏེ།   ང་ཚོ་ལ་རླུང་ལྟར་གྲགས་པའི་སྐད་ཆ་ཚིག་དུམ།     ཆོས་དང་རིག་གཞུང་།   སྐད་དང་ཡི་གེ།   ཞེས་སྡེ་ཚན་གྱིས་བཅད་ཅིང་གོ་རྒྱུ་ཡང་མི་འདྲ་བ་ཡོད་པའི་ཚིག་འདི་ནི།   ནུབ་ཕྱོགས་པའི་བཤད་སྟངས་ལ་ཚད་མར་བྱེད་པ་ཞིག་ཡིན་པའི་རྟགས་སུ་ཆེ།   དེ་ཡང་། ནུབ་ཕྱོགས་པ་ཚོས།    རིག་གཞུང་གི་ངོས་འཛིན་ (Culture.) འདིའི་སྐད་དོད་ལ་བོད་ཀྱིས་རིག་གཞུང་ཞེས་ཐ་སྙད་སྦྱར་ཞིང་སྦྱར་བ་ལྟར་དུས་རབས་ཕྱེད་ཀ་ཙམ་གྱི་རིང་ལ་རྒྱུན་ཆགས་གཏན་འཁེལ་དུ་གྱུར།   དེའི་གོ་དོན་ཡང་།   སྦྱང་པའམ་རྩོལ་བ་སྔོན་དུ་བཏང་ཞིང་མིའམ་སྤྱི་ཚོགས་ཤིག་གི་བསམ་བློའི་ལྟ་བ་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས་བྱུང་བའི་ཡོན་ཏན་ཞིག་ལ་རིག་གཞུང་ཟེར་ཞིང་།    དེའི་ཁོངས་སུ་གླུ་གར་སྒྱུ་རྩལ།    རི་མོ་བཅའ་བཟོ།   ཡུལ་སྲོལ་གོམས་གཤིས།   སོ་ནམ་འབྲོག་ལས་བྱེད་སྟངས་དང་།    བཟའ་བཏུང་གཡོ་སྦྱོར།   ཁྱིམ་འབུབ་ཨར་ལས་ཚུན་ཆད་ཀྱང་ཚུད་ཡོད།   འདི་ཡང་མཐར་ཐུག་སྤྱི་ཚོགས་ཤིག་གི་ལྟ་གྲུབ་གཅིག་གིས་ཐག་གཅོད་པ་ལ་བྱ་ཞིང་།   གང་ཟག་དང་ཡུལ་ལུང་མི་རིགས་འགའ་ཞིག་ལ་རིག་གཞུང་ཡིན་ལ་འགའ་ཞིག་ལ་རིག་གཞུང་མ་ཡིན་པར་འགྱུར་བའང་ཡོད་པས་ཆོས་ལུགས་རྐྱང་པའི་ལྟ་གྲུབ་ཀྱི་ངོས་ནས་བཤད་ན་འཇིག་རྟེན་པ་ལ་རིག་གཞུང་ཞིག་གཏན་ནས་མེད་པའམ་མ་ཡིན་པར་འགྱུར་འགྲོ་ལ།    འཇིག་རྟེན་རྐྱང་པའི་ལྟ་གྲུབ་ཀྱི་ངོས་ནས་བཤད་ན་ཆོས་ལུགས་ཀྱང་སྙིང་པོ་མེད་པ་ཞིག་ཏུ་མཐོང་བས་སྤྱི་ཚོགས་ཤིག་གི་ཐད་ནས་བཤད་ན་ཕྱོགས་སུ་ལྷུང་བའི་ལྟ་གྲུབ་འཛིན་པར་དགག་བྱ་ཆེའོ།  །  

               དེ་བཞིན་བོད་ལ་རིག་གནས་ཆེ་ཆུང་བཅུ་ཞེས་ཐ་སྙད་ཨ་འཐས་སུ་སོང་ཡོད་པས་བོད་ཕལ་ཆེ་བས་རིག་གཞུང་གི་འགྲེལ་བཤད་གནང་སྐབས་རིག་གནས་དེ་དག་སྟོན་པའི་གཞུང་ལ་རིག་གཞུང་ཞེས་སྒྲ་བཤད་གཡུ་འབྲུག་གི་སྐད་ལ་བསྡོ་བ་ཞིག་སྒྲོག་པར་བྱེད་ཅིང་འདི་ལྟར་ན་རྟ་རྒྱུགས་པ་སོགས་ནི་རིག་པའི་གཞུང་མ་ཡིན་པར་བློ་གྲོས་ཅན་སུ་ཞིག་གིས་མི་ཤེས།     དེས་ན་ནུབ་ཕྱོགས་པའི་འདོད་པ་ལྟར་གྱི་རིག་གནས་དང་རིག་གཞུང་གི་བཤད་ཚུལ་ནང་བཞིན་འགྲོ་དགོས་ལ་དེ་ལྟར་བཤད་ན།     ལོ་རབས་ལྔ་བཅུ་པའི་ཡར་སྔོན་དུ་ཕྱི་གླིང་བས་བཤད་པའི་(Culture)ལ་རིག་གཞུང་གི་ཐ་སྙད་དེ་བོད་ཁམས་སུ་སྤྱོད་བཞིན་མེད་པ་ལྟར་སྣང་སྟེ།    གྲོས་མཐུན་དོན་ཚན་བཅུ་བདུན་དང་ཟུར་རྒྱན་སྔོན་འགྲོའི་ཡིག་ཆ་ལ་ལོ་ཙཱ་བྱེད་དུས་ཡུལ་གྱི་གོམས་པའི་གཤིས་ལུགས་སམ་ཡུལ་སྲོལ་གོམས་གཤིས།    ཡང་ན་རིག་གཞུང་ངམ་རིག་གནས་ཞེས་འགྱུར་ཆད་བྱུང་ཡོད་པའང་ཐོས་ཤིང་དེ་ལྟར་ན་ཡུལ་སྲོལ་གོམས་གཤིས་ཀྱིས་བསྡུས་པའི་རྟ་རྒྱུགས་ཀྱང་རིག་གཞུང་མ་ཡིན་པར་སུ་ཞིག་གིས་མིག་སྣ་བཀབ་པའི་སྒྲིབ་བྱེད་བསྟེན་པ་དང་ཁས་བླངས་མེད་པའི་དམ་བཅའ་ལ་བློ་བཅོལ་ན་མ་གཏོགས་སྨྲ་མི་ནུས་སོ། །      

 རྟ་རྒྱུག་རིག་གནས་ཀྱི་ཁུངས་འཚོལ་བ།

             སྤུ་རྒྱལ་གདོང་དམར་བོད་པའི་མི་རིགས་འདི་ཆགས་ནས་ཚད་ངེས་ཅན་ཞིག་སོང་མཚམས་ཏེ་རྡོ་ཆས་གསར་མའི་དུས་སྐབས་ནས་བཟུང་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདིར་རྟ་འདུལ་བའི་ལས་ཀ་རབ་དང་རིམ་པ་སྤེལ་མྱངས་ཤིང་།  འབྱུང་བཞི་ཉི་ཟླ་ནམ་མཁའི་ལྷ་དང་བཅས་པ་སྐྱབས་སུ་བསྟེན་པའི་གདོད་མའི་ཆོས་ལུགས་ཀྱི་སྲོལ་ཚུགས་པ་ནས་རྟ་དེ་སྲོག་ཆགས་གལ་ཆེན་ཞིག་ཡིན་ཞིང་།   དད་མོས་བྱ་ས་དང་ལྷ་གསོལ་འདྲེ་འདུལ་གྱི་རྫས་ལའང་འབུལ་བཞིན་ཡོད་པ་དང་འཚོ་བའི་ཁྲོད་དུ་མེད་ཐབས་མེད་པར་གྱུར།      སྤུ་དེ་གུང་རྒྱལ་གྱི་སྐབས་སུ་རྟ་རྒོད་གཡུང་དང་།   འབྲོང་རྒོད་གཡག་ཏུ་བཏུལ་བའི་མགོ་བརྩམས་ཡོད་པར་གནའ་བོའི་སྒྲུང་དང་གཏམ་རྒྱུད།   དེང་དུས་ཀྱི་གནའ་དཔྱོད་རྒྱུ་ཆ་དག་གིས་མཚོན་ནོ།།    བཙན་པོའི་རྒྱལ་རབས་དང་ཆོས་རྒྱལ་ཚོའི་སྐུ་རིང་ལ་རྟ་དང་འབྲེལ་བའི་འཚོ་སྐྱོང་གི་རིག་པ་མང་པོ་དང་།   ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་སུ་རྟ་དང་འབྲེལ་བའི་ཁྲིམས་ཡིག་ཡོད་པར་གསལ།   རྟ་རྒྱུག་མདའ་འཕེན་གྱི་འགྲན་ཚོགས་ལོ་འཆར་ཅན་སྡུད་བཞིན་ཡོད་པ་ལོ་རྒྱུས་ཀྱི་ཤོག་ལྷེ་དག་གི་ཟུར་ནས་མངོན་ཞིང་བསམ་ཡས་གཙུག་ལག་ཁང་གི་ལྡེབ་རིས་ནང་རྟ་རྒྱུགས་མདའ་འཕེན་གྱི་རྩེད་མོ་ལ་ཞི་དྲག་གི་དཔོན་བློན་རྣམས་ཀྱིས་གཟིགས་མཐོང་མཛད་པའི་ཚུལ་བྲིས་ཡོད་པ་དང་།   བོད་སིལ་བུའི་སྐབས་ཀྱི་གུ་གེའི་དུང་དཀར་བྲག་ཕུག་གི་ལྡེབ་རིས་སུ་རྟ་གཡག་རྒྱུགས་པའི་ཚུལ་དང་དགའ་སྟོན་གྱི་སྐབས་སུ་རྟ་འཆམ་དང་སེང་འཆམ་སོགས་གསལ་པོར་བྲིས་པ་རྣམས་ལ་དཔག་ན་སྐབས་དེར་རྟ་རྒྱུགས་བང་འགྲན་ལ་གཙིགས་མཐོང་ཡོད་པའི་བརྡ་རུ་འཁུམས། 

              གནའ་བོ་ཡོ་རུབ་དང་ཨེ་ཤེ་ཡའི་སྐམ་ས་དག་ལ་དཔལ་འབྱོར་འཕེལ་རྒྱུས་བྱུང་བ་ཡང་འགྲིམ་འགྲུལ་ཐོན་སྐྱེད་ཀྱི་རྩ་བ་རྟ་དང་གླང་པོ།    རྔ་མོ་སོགས་ཁྱོགས་ཀྱི་བྱེ་བྲག་མང་པོ་ཡོད་པས་ཡིན་ཟེར་བ་ཡང་ཐོས།      གླིང་གེ་སར་རྒྱལ་པོའི་མངའ་ཁོངས་སུ་སྐྱེས་པ་ཕོ་ཡིས་དཔའ་རྩལ་རྟ་རྒྱབ་ནས་ངོམས་སྲོལ་དར་བ་དང་།     རྟ་རྒྱུག་རྒྱལ་འཇོག་ལ་བརྟེན་ནས་གེ་སར་ལ་འབྲུག་མོ་ཐོབ་ཅིང་གེ་སར་ཡི་དམ་དུ་སྒོམ་པའི་ས་ཆ་ཡུལ་ལུང་དག་ལ་རྟ་རྒྱུག་གི་སྲོལ་ད་ལྟའང་མ་ཉམས་པར་རྒྱུན་སྐྱོང་བཞིན་འདུག་ཨང་།   ས་ཕག་རིན་གཙང་།   དགའ་ལྡན་ཕོ་བྲང་གི་སྐབས་སུ་རྟ་རྒྱུགས་དང་སྲོལ་རྒྱུན་གྱི་རྩེད་མོ་རྣམས་དར་རྒྱས་སུ་སོང་བ་དང་།   ལྷག་པར་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལོ་རེར་གླིང་ག་གཏོང་སྐབས་སུ་ཕོ་རྩལ་སྣ་དགུ་འགྲན་པའི་སྲོལ་བཙུགས་ཤིང་དེའི་ནང་རྟ་རྩེད་རྒྱག་པ་སོགས་ཀྱང་ཡོད་པ་བཞིན་ཕོ་བྲང་པོ་ཏ་ལའི་ལྡེབ་རིས་སུ་རྟ་བཞོན་ནས་མདའ་རྩལ་འགྲན་པ་དང་དེ་ལ་བོད་སོག་མན་ཇུའི་ཆ་བྱད་ཅན་གྱི་སྐུ་ངོ་ཚོས་གཟིགས་མཐོང་མཛད་ཚུལ་ཀྱང་བྲིས་འདུག     འདི་ནི་གློ་བུར་བ་ཞིག་དེ་ལས་ཀྱང་མ་ཡིན་ལ་ཡ་ཐོག་གི་སྐབས་ནས་ཀྱང་རྟ་མདོ་བའི་གོང་གི་མི་རིགས་ཤིག་ཡིན་པར་གསལ་ཞིང་རྟ་རྒྱུགས་ཀྱང་གཉུག་མའི་དམངས་ཁྲོད་རྩེད་རིགས་ཤིག་ཅི་ལ་མིན།       ད་དུང་དམག་དོན་རིག་པའི་ཐད་ནས་བཤད་ན་ཡན་ལག་བཞི་པའི་དཔུང་ཞེས་གྲགས་པ་ལྟར་རྟ་དམག་ནི་དེའི་ཡན་ལག་ཅིག་ཡིན་ལ་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།   རྟ་ཐོག་གི་རྩེད་མོ་སྣ་མང་ཞིག་བོད་ཡུལ་དར་ཞིང་མང་པོ་ཞིག་བོད་ཡུལ་ནས་ཉམས་བཞིན་ཡོད།       གཞན་ཡང་།    མཁས་གྲུབ་གོང་མ་དག་གིས་མཛད་པའི་གཡང་འགུག་གཡང་ལེན་གྱི་ཆོ་ག་ནང་དུ་ཡང་།      མྱུར་ཞིང་མགྱོགས་པ་རྟ་ཡི་གཡང་།  །  ཞེས་དང་།  རྫུ་འཕྲུལ་ཤུགས་ལྡན་རླུང་ལྟར་མགྱོགས་པའི་བང་།།  ཞེས་དང་།    བང་རྩལ་ཅན་གྱི་རྟ་ཡི་གཡང་། ། ཟེར་བ་སོགས་ལུང་ནམ་མཁའ་མཛོད་ཀྱི་སྒོ་མོ་ཕྱེ་བ་ལྟར་ཡོད་ན་དམ་པ་དེ་དག་གིས་སྙིང་རྗེ་སྒོམ་མ་ཐུབ་པ་ཞིག་ཡིན་ནམ།    བང་རྩལ་མྱུར་མགྱོགས་རྒྱུགས་ནས་ཤེས་དགོས་པ་ལས་བལྟས་པ་ཙམ་གྱིས་མི་ཤེས་སོ།    །  

 ཉེས་བཤད་ལ་དཔྱོད་པ། 

               ཁ་ཅིག་ན་རེ། རྟ་རྒྱུགས་ནི་དུད་འགྲོས་དུད་འགྲོ་བཞོན་པ་དང་གཉིས་སུ་མེད་ཕྱིར་རྗེས་ལུས་ཀྱི་རྩེད་མོ་ཞིག་ཏུ་སེམས་ཤིང་དེ་ལྟར་སྨྲ་བར་བྱེད་དོ།།  ཨོ་ལིམ་ཕིང་ཁའེ་རྟ་རྒྱུགས་དང་དབྱིན་ཇིའི་རྟ་རྒྱུགས་སོགས་སྔོན་ཐོན་རྒྱལ་ཁབ་དག་གིས་ཀྱང་རྟ་རྒྱུགས་རྩེད་མོ་རྩེད་པའི་ཕྱིར་མ་མཐོང་བའི་བཤད་པའམ་བོད་ལ་མཐོང་ཆུང་བྱས་པའི་སྐད་ཆའོ།།           ཡང་རྟ་རྒྱུག་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་འབད་མེད་དུ་སྐྱེས་པས་དེ་ཡང་མི་འཐད་ཅེས་གསུངས་པ་ནི་དེ་སྐད་སྨྲ་བ་པོ་མཁན་པོ་ཞིག་གི་ངོས་ནས་བཤད་ན་རང་རྟགས་སྟོན་བྱེད་ཙམ་སྟེ།    ཆགས་སྡང་རྨོངས་གསུམ་གྱི་ཡུལ་ལ་མི་སྡུག་པ་སྒོམ་པ་སོགས་རང་རྒྱུད་ཀྱི་ཆགས་སྡང་རྨོངས་གསུམ་གྱི་འཛིན་སྟངས་ལ་དཔྱད་ནས་དགག་དགོས་པར་མ་གཏོགས་ཡུལ་མེད་པར་བྱས་ནས་འགོག་ཚུལ་ཞིག་མདོ་རྒྱུད་ལས་མ་གསུངས་པའི་ཆོས་ཚིག་ཅིག་གོ། དཔེར་ན་བུད་མེད་ཅིག་ལ་ཆགས་པ་འགོག་དགོས་ན་རང་གི་ཆགས་པ་དེ་ལ་གཉེན་པོ་བསྟེན་དགོས་པ་ལས་བུད་མེད་དེ་གསོད་སྒྲོལ་སྤྱུགས་པ་སོགས་དྲག་པོ་ལས་ཀྱིས་ཚར་གཅོད་དགོས་པ་ནི་མ་ཡིན་ནོ།   །  སྒྱུ་རྩལ་རིག་པའི་ངོས་ཐད་ནས་བཤད་ན་གང་ལ་བློའི་འགྱུར་བ་སྣ་ཚོགས་བསྐྱེད་ཐུབ་པ་ནི་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོ་དེ་ཡིན་པ་དང་།    དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནང་སྙིང་རྗེ་བ་དང་ཁྲོ་བ་ཉམས་ང་སོགས་ཀྱི་རྣམ་པ་མང་པོ་ཡོད་པས་དེ་དག་ཀྱང་ཁྱེད་ལྟར་ན་འགོག་རིགས་སོ།།  དམངས་ཁྲོད་དུ་རྩེད་རིགས་དང་འདུ་འཛི་ཚོང་འདུས་གང་ཙམ་མང་བ་དེ་ཙམ་གྱིས་ཡུལ་ཕྱོགས་ཕན་ཚུན་འགྲོགས་འདྲིས་དང་དཔལ་འབྱོར་ལ་སྐུལ་འདེད་ཐེབས་ཤིང་སྲོལ་རྒྱུན་གྱི་རྟ་རྩེད་སོགས་ཀྱིས་བོད་ཀྱི་འཚོ་བའི་རྟེན་གཞི་སྒོ་ཕྱུགས་ལ་འཚོ་སྐྱོང་གི་འདུ་ཤེས་སྔར་ལས་ལྷག་པར་འགྲོ་བཞིན་ཡོད་པ་མིག་མཐོང་ལག་ཟིན་ཡིན།    དེ་ལས་ལྡོག་པ་དག་གིས་ནི་དགོན་པ་དང་བླ་མ་ལ་འབུལ་བ།   བཤས་རར་བསྐྱལ་བ་སོགས་ཀྱིས་སྒོ་ཕྱུགས་ཟད་ནས་གྲོང་མཐར་མེད་མུག་གི་འཚོ་བ་རོལ་བཞིན་གདའ་འོ།།  རིག་གནས་འདུ་ཤེས་ཡོད་མདོག་གིས་འཚོ་གནས་སྟོང་པར་སྐུལ་བའི་སློབ་གསོ་སྤེལ་མཁན་དག་གིས་ཀྱང་མནོ་བསམ་བཞེས་པའི་དུས་ལ་བབ་འདུག་སྙམ་ཏེ།    མི་རིགས་གང་ཡིན་ན་རང་ལ་འཚམ་པའི་འཚོ་རྟེན་རེ་ཡོད་ལ་འཚོ་རྟེན་དེ་མེད་པར་གྱུར་ན་རིག་གནས་པ་ཅི་ཙམ་ཡོད་རུང་རིག་གནས་ནི་བཟའ་བཏུང་གང་ལ་ཡང་མི་ཕན་པའི་ཕྱིར་འཚོ་གནས་མི་སྟོང་བའི་ཐབས་ལ་སོམས་ཤིག       གང་ལྟར་སྐྱོན་ཅུང་ཟད་ཀྱང་མེད་པའི་བྱ་བ་ཞིག་འཇིག་རྟེན་པ་དག་གིས་སྒྲུབ་མི་ཤེས་པ་དང་སྡིག་པ་དང་མ་འདྲེས་པའི་ཟས་གོས་གནས་མལ་གང་དུ་ཡང་སོ་སྐྱེས་རང་ག་བས་འཚོལ་མི་ནུས་ཤིང་།    དཀར་ཟས་ཞེས་གྲགས་པ་འདི་ཚོ་ཡང་མཐར་གཏུགས་ན་སྡིག་པ་མ་འདྲེས་པ་ཞིག་མི་རྙེད་པར་དཔེར་ན།    རྩམ་པ་དང་ཚོད་མ་དག་དཔྱིད་དང་དབྱར་སྟོན་གསུམ་ལ་ཞིང་ནང་སློག་རྒྱག་དགོས་ལ་སློག་རྒྱག་པའི་ཚེ་ས་སྟེང་འབུ་སྲིན་བགྲང་ལས་འདས་པ་ས་འོག་ཏུ་བཅུག་པ་དང་ས་འོག་གི་འབུ་སྲིན་མིག་གིས་མཐོང་བ་དང་མ་མཐོང་བགྲང་ལས་འདས་པ་སྐམ་སར་ཕུད་ནས་ཤི་འགྲོ་བས་སྡིག་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཕྱིར།    ཁྱེད་ཅག་ནི་བྱམས་སྙིང་རྗེའི་ཐུགས་རྒྱུད་ཡོངས་སུ་ཕྱུག་པ་ཞིག་ཡིན་པས་མར་རྩམ་སོགས་ལའང་མི་བསྟེན་པར་གསོལ་ལོ།།

མཇུག་གི་དོན།  

              ཚེ་འདི་སྣང་གི་ཁྱིམ་པའི་བྱ་བ་མང་པོ་ཞིག་ཆོས་ཀྱིས་ཚོད་འཛིན་བྱེད་མི་ཐུབ་ལ་ཆོས་ཀྱི་བྱ་ལ་འཇིག་རྟེན་པས་དེ་ལྟར་མི་ཐུབ་པས་སྡིག་པ་བསགས་རྒྱུ་ཡང་ཡོད་ལ་བཤགས་པའི་ཐབས་ལམ་ཡང་ཡོད་པའི་ཕྱིར།    ཚད་ལས་བརྒལ་བའི་བྱ་སྤྱོད་དང་སྡིག་པ་ཚབ་ཆེན་འདྲ་ཡིན་ན་བྱམས་སྙིང་རྗེ་ཅན་གྱི་མི་རིགས་ཤིག་དང་།   འདི་ཕྱི་ལས་འབྲས་ལ་གཙིགས་སུ་འཛིན་པའི་བོད་པ་ཚང་ལ་མི་མཛའ་བས་ཅི་ནས་ཀྱང་བསླབ་བྱ་ལམ་སྟོན་རེ་གནང་བར་ཞུ་བ་དང་།      བྱམས་བརྩེའི་ལྟ་གྲུབ་རྨང་གཞིར་བྱས་པའི་ཡ་རབས་བཟང་སྤྱོད།   ཐུན་མོང་མ་ཡིན་སྐད་ཡིག་གོམས་གཤིས་དང་།  བཅུ་ཕྲག་རིག་གནས་མི་ཚེའི་ནོར་མཆོག་ཏུ་བཟུང་ཞིང་གཞན་ལའང་དེ་ལྟར་སྐུལ་མ་བྱེད་པོ་ཀུན་ལ་བཀའ་དྲིན་ཞུ་འོས་ལ་ཕྱོགས་རེའི་བསམ་བློ་ཅན་དུ་གྱུར་པས་ཆགས་སྡང་གི་སྐད་ཆ་ནི་རང་གཞན་ཐམས་ཅད་ཀྱིས་འཛེམ་པ་ལྷུར་ལེན་དགོས།     མ་གཞི་བོད་མང་པོས་ཆེ་ས་ལ་འཐམ་སྐད་དུ་ཆུང་ས་ཤོར་བ་དང་།     རྩ་བ་གཡུག་ནས་ཡལ་ག་ལ་དམ་འཛིན་བྱེད་པ་གཤིས་ཀ་ལྟ་བུར་གྱུར་འདུག་མོད།      ས་སྒང་འདིར་སྲོལ་རྒྱུན་གྱི་རིག་གནས་གང་ཙམ་མང་བའི་མི་རིགས་དེ་ཕུལ་བྱུང་མི་རིགས་ཤིག་ཏུ་བརྩི་བཞིན་ཡང་ཡོད་པས་དགོས་ཡོད་མེད་ཐམས་ཅད་ལ་ཁ་ལག་མིག་གསུམ་མི་འཇུག་པར་གསོལ་བ་ལགས།     དེ་སྐད་སྨྲ་བ་པོ་བདག་ནི་རྟ་རྒྱུགས་རྩེད་མོ་དགའ་དྲགས་པས་བཤད་པ་མ་ཡིན་གྱི་བབ་ཅོལ་སྨྲ་བ་ལ་མོས་ཤིང་གོམས་པའི་སྐྱེ་བོ་དག་ལ་དཔྱད་གཏམ་གྱི་ཚུལ་དུ་སྐུལ་བ་པོ་འགའ་ཞིག་གི་ངོ་མ་ཐེག་པར་སྨྲས་པའོ།།  ཞལ་དྲོ།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1