ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།
མཐུན་སྒྲིལ་འབད་འཐབ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
ཟླ་12ཚེས་26ཉིན་དང་ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
ཟླ་12ཚེས་26ཉིན་དང་ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་26ཉིན་དང་ཚེས་27ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ། ཏང་ཡོན་ལས་བྱེད་པར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་ལ་ཕབ་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་ཟུང་འབྲེལ་དང་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་དང་། སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། སྣེ་ཁྲིད་དེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། སྣེ་ཁྲིད་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། སྣེ་ཁྲིད་དེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་པ་སོགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གྲུབ་འབྲས་ཕྱོགས་སྡོམ་དང་། མི་འདང་ས་འཚོལ་བཤེར། ཏང་གཤིས་ལ་དབྱེ་ཞིབ་བཅས་གནང་བ་མ་ཟད་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད། ཚོགས་འདུ་མ་འཚོག་གོང་འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་ནན་ཏན་གནང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྙིང་གཏམ་ཤོད་རེས་དང་གླེང་མོལ་གནང་བ་དང་། བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད། གཏམ་བཤད་ཀྱི་གནད་བསྡུས་ཟིན་བྲིས་ཀྱང་བསྐྱོན་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་རིམ་བཞིན་གཏམ་བཤད་སྤེལ་གནང་ཞིང་། ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་པའི་ཁར། 《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ》དང་ཞིབ་བསྡུར་བྱས་ནས་འཚོལ་བཤེར་ནན་ཏན་དང་། དབྱེ་ཞིབ་གཏིང་ཟབ། དྲང་པོ་དྲང་གཞག ལྷག་བསམ་ཟོལ་མེད་བཅས་གནང་བའི་རྣམ་པ་དེ་གཟབ་ཅིང་ནན་ལ་གསོན་ཉམས་དོད་པ་ཞིག་ཡོད་ལ་སྔོན་དཔག་གི་ཕན་འབྲས་ཀྱང་ཐོན་ཡོད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་གཏམ་བཤད་གཙོ་གནད་6ལ་དམིགས་པ་སྟེ། གཅིག་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་པར་བྱེད་དགོས་ཤིང་། རང་རྟོགས་ངང་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་པར་འབད་བརྩོན་ངོ་མ་དང་ཕན་འབྲས་དངོས་ཐོབ་པར་བྱེད་དགོས་པ་དང་། གཉིས་ནི“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་དེ་བས་གཏིང་ཟབ་ལོན་པར་བྱེད་དགོས་ཤིང་། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་སྔར་བས་ཆེ་རུ་གཏོང་དགོས་པ། གསུམ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་ལ་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་པར་བྱེད་དགོས་ཤིང་། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས་པ། བཞི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་པར་བྱེད་དགོས་ཤིང་། དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་ལས་འགན་དང་། ཉེན་ཁ། འགྲན་སློང་བཅས་ཀྱི་མདུན་དུ་འཐབ་རྩོད་བྱེད་ཕོད་པ་དང་། རང་འགན་ཐེག་པ་ཁུར་ལེན། ཏང་ཆེད་འགན་སྒྲུབ། དམངས་ཆེད་འགན་འཁུར་བཅས་བྱེད་དགོས་པ། ལྔ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ནུས་པར་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་པར་བྱེད་དགོས་ཤིང་། རང་ངོས་གསར་བརྗེ་ནན་པོ་བྱས་ཏེ་རང་རྟོགས་ངང་སྒྲིག་ཁྲིམས་སྲུང་བའི་ཐད་ཏང་ཡོངས་ལ་མིག་དཔེ་སྟོན་དགོས་པ། དྲུག་ནི་ཏང་ཆེན་པོ་ཁོ་ནར་མ་གཏོགས་མེད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་ངོས་འཛིན་བརྟན་པོ་དེ་བས་ཟབ་ཏུ་གཏོང་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་སྒྲུབ་དགོས་པ་བཅས་རེད།
ཚོགས་འདུའི་ཐོག འདི་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། རིམས་ནད་འགོག་དགོས་ལ། དཔལ་འབྱོར་བརྟན་པོ་དང་། འཕེལ་རྒྱས་བདེ་འཇགས་ཡོང་བར་བྱེད་དགོས་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་གྱི་རྡབ་རྡེག་ལ་ཁ་གཏད་འཇལ་བ་བཅས་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱུང་ཡོད། ལོ་ཧྲིལ་པོར་དཔལ་འབྱོར་རྒྱུན་མཐུད་འཕར་སྣོན་དང་། ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ། ཟོག་གོང་བརྟན་པོ། རྒྱལ་སྤྱིའི་གཏོང་ཡོང་གནས་ཚུལ་ཅུང་ཡག་པོ་བཅས་བྱུང་ཡོད། འབྲུ་རིགས་ཐོན་འབབ་ལོ་བརྒྱད་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་བྱུང་བ་དང་འབྲུ་རིགས་བདེ་འཇགས་དང་། ནུས་རྒྱུའི་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་འགན་སྲུང་ནུས་ལྡན་བྱུང་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་གཅེས་སྤྲས་ལྡབ་བརྒྱ་བྱེད་རིན་ཡོད་ཅེས་ནན་བཤད་བྱས་པ་རེད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས། ལོ་གཅིག་རིང་གི་ལག་ལེན་ལས“གཏན་འཁེལ་གཉིས”ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ལག་ལེན་ལས་སླར་ཡང་ར་འཕྲོད་བྱུང་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་ཡོངས་ཀྱིས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས། སང་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་འཛུགས་པའི་ལོ་ཡིན་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། “ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཆང་བ། མཐུན་སྒྲིལ་འབད་འཐབ། གསར་འབྱེད་གསར་གཏོད། འགོ་ཡག་པོ་ཧུར་ཐག་འཛུགས་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྨང་གཞི་ཡག་པོ་ཞིག་འདིང་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་རེ་རེ་བཞིན་ལ་དཔྱད་བརྗོད་དང་རེ་རེ་བཞིན་ལ་བླང་བྱ་བཏོན་གནང་བ་དང་ཕྱོགས་སྡོམ་ཡང་གནང་བ་རེད། ཁོང་གིས། ད་རེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཧ་ཅང་ཡག་པོ་འཚོགས་ཡོད་ལ་ཕན་འབྲས་ཀྱང་ཆེན་པོ་ཐོབ་ཡོད། ཚང་མས་གང་བསམ་ལྷུག་པོར་གླེང་བའི་རྣམ་པའི་ཐོག་ནས་བསམ་བློ་སྤེལ་རེས་དང་། གནད་དོན་འཚོལ་བཤེར། ཁ་ཕྱོགས་གསལ་སྟོན་བཅས་གནང་བ་དེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་དང་། ལས་དོན་ལེགས་བཅོས་བྱེད་རྒྱུ། འགན་འཁྲི་ཁུར་ཕོད་པ་བཅས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ལ། ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་གོང་བུ་འགྲིལ་ཤུགས་དང་། དམག་འཐབ་ནུས་པ། བློ་ཁ་ཕྱོགས་ཤུགས་བཅས་ཆེ་རུ་གཏོང་བར་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་དེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་དེ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་པར་སྣེ་ཡག་པོ་འཁྲིད་པ་དང་། མིག་དཔེ་སྟོན་པ། རང་འཁྲིའི་ལས་འགན་ཆུད་ཟོས་སུ་མི་གཏོང་བ། ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་ཁག་གི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ཚགས་ཚུད་པའི་མར་ཁེ་སི་རིང་ལུགས་སྲིད་འཛིན་ཏང་གི་ཏང་འཛུགས་རྩ་དོན་གལ་ཆེན་ཞིག་རེད། ང་ཚོའི་ཏང་ཆེན་པོ་འདི་འདྲ་ཞིག་དང་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་ལ། གལ་ཏེ་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་དང་ནུས་ལྡན་ངང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་མ་ཐུབ་ཚེ། རང་ཐག་རང་གཅོད་དང་རང་སྣང་གང་ཤར་བྱེད་པའི་གནས་ཚུལ་ཐོན་སྲིད་པས་བྱ་བ་གང་ཡང་སྒྲུབ་ཐབས་བྲལ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ཞིབ་ཕྲ་ཞིག་ཡིན་པ་ལས་སྤྱི་མཚན་ཞིག་མིན་པས། དང་ཐོག་ཏང་ཀྲུང་དབྱང་གི་དབང་གྲགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པའི་ཐོག་དོན་འཁྱོལ་བྱེད་དགོས་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་དོན་འཁྱོལ་བྱེད་དགོས། དུས་གང་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་འོག་འཆམ་མཐུན་གྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པ་ལས། བརྗོད་བྱའི་དོན་དང་བྲལ་བ་དང་ངོ་བོ་འགྱུར་བ་སོགས་གཏན་ནས་བྱེད་མི་རུང་། དུས་གང་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཏང་གི་དར་ཆས་དར་ཆ་བྱེད་པ་དང་། ཏང་གི་ཁ་ཕྱོགས་ཀྱིས་ཁ་ཕྱོགས་བྱེད་པ། ཏང་གི་འདོད་བློས་འདོད་བློ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་ཕྱིན་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་ཕྱིན་མཐའ་གཅིག་ཏུ་ཇི་མ་ཇི་བཞིན་སྒྲུབ་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་ཕྱིན་མཐའ་གཅིག་ཏུ་མི་སྒྲུབ་པ་བཅས་བྱས་ཏེ། རྣམ་ཀུན་ནས་ཚད་གཞི་དང་ཡང་ཡང་བསྡུར་ཏེ་ནོར་འཁྲུལ་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། དུས་གང་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་ལ་བློ་གཅིག་སེམས་གཅིག་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་ཏང་ལ་དགའ་ཞེན་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་སེམས་ཁྲལ། བློ་བརྟན་འགྱུར་མེད་ཀྱིས་ཏང་ལ་སྲུང་སྐྱོང་། ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་གཏོང་བ་བཅས་བྱེད་དགོས། ལས་དོན་ཁྲོད་ཀྱི་ཐབས་ཇུས་གལ་ཆེན་དང་། དོན་དག་གལ་ཆེན། གནས་ཚུལ་གལ་ཆེན་བཅས་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་དགོངས་སྐོར་སྙན་སེང་ཞུ་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས་ང་ཚོས་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས་ཀྱི་ཡོད། དེས་རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པའི་བྱང་ཚད་དང་འཇོན་ཐང་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་པ་དང་། ང་ཚོའི་བསམ་བློའི་འཁྱེར་ཕྱོགས་དང་སྤྱོད་ཚུལ་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ངོས་ནས་བརྗོད་ན་འགན་འཁྲི་སྒྲུབ་ནུས་གལ་ཆེ་ཤོས་ནི་ཆབ་སྲིད་ཀྱི་འཇོན་ཐང་ཡིན་པས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་པའི་ཚད་གཞི་ལྟར། རང་ཉིད་ལ་བླང་བྱ་ནན་པོ་འདོན་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཁར། རྒྱལ་ནང་དང་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་བརྡར་གཅོད་བྱེད་མཁས་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ། རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དོན་གཉེར་བྱེད་མཁས་པ་བཅས་བྱས་ཏེ་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་དམངས་སེམས་ཐོབ་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བླང་བྱ་ལྟར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་སྔོན་འགོག་དང་སེལ་བའི་འཇོན་ཐང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པར་བཀོད་པའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་འགན་ཐེག་པ་ཁུར་ལེན་བྱེད་དགོས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་ལ་ལུས་འབུལ་དྲིན་གཟོ་དང་དཀའ་སྤྱད་འབད་བརྩོན་གྱིས་སྤྱི་དོན་ལ་གཞོལ་དགོས། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་སེམས་པ་དང་རང་འགན་ཐེག་པ་ཁུར་ལེན་ཧུར་ཐག་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་དང་འགན་འཁྲི་ཡག་པོ་ཁུར་དགོས། ལས་སྒྲུབ་ལས་གཏོད་བྱེད་པར་ཕན་པའི་ཁོར་ཡུག་ཡག་པོ་ཧུར་ཐག་བསྐྲུན་ནས་རང་འགན་ཐེག་པ་ཁུར་ལེན་བྱེད་མཁན་ལ་འགན་འཁུར་བ་དང་། འགན་འཁུར་མཁན་ལ་འགན་ཁུར་བ། ལས་དོན་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་མཁན་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། བཀོལ་སྤྱོད་བཅས་བྱེད་མཁས་པ། ལས་བྱེད་པས་རང་འགན་ཐེག་པ་ཁུར་ལེན་བྱེད་པར་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་མཐའ་དག་ནུས་ཤུགས་ཡོད་རྒུས་སེལ་བ་བཅས་བྱས་ཏེ། འགན་འཁྲི་འཁུར་འདོད་པ་དང་། འགན་འཁྲི་འཁུར་ཕོད་པ། འགན་འཁྲི་འཁུར་མཁས་པ་བཅས་སྲོལ་བཟང་དུ་འགྱུར་བ་བྱེད་དགོས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་བཅག་སྟེ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་མ་ལག་གི་འདུ་ཤེས་ཟབ་ཏུ་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། འཐབ་རྩོད་རླབས་པོ་ཆེ་དང་། འདུ་འགོད་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་འདོམས་བྱེད་མཁས་པོ་བྱེད་དགོས་ལ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་མཁས་པོ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་མཁས་པོའང་བྱེད་དགོས་པ་དང་། རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ་དང་སྤྱི་ཡོངས་ལ་དམིགས་ནས་རང་རྟོགས་ངང་བྱ་སྤྱོད་སྤེལ་བ་དང་། གནས་ལུགས་ཆུང་བས་གནས་ལུགས་ཆེ་བར་བསྟུན་པ་དང་ས་གནས་ཀྱི་ཁེ་ཕན་གྱིས་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་བསམ་གཞིགས་དང་། ལོ་རྒྱུས་ཀྱི་བསམ་གཞིགས། རྩོད་སྒྲུབ་ཀྱི་བསམ་གཞིགས། རྒྱུད་ཁོངས་ཀྱི་བསམ་གཞིགས། གསར་གཏོད་ཀྱི་བསམ་གཞིགས། ཁྲིམས་སྐྱོང་གི་བསམ་གཞིགས། མཐའ་ཚད་ཀྱི་བསམ་གཞིགས་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བྱ་གཞག་ཁག་ལ་སྔ་ལྟས་རང་བཞིན་གྱིས་བསམ་གཞིགས་དང་། ཁྱོན་ཡོངས་རང་བཞིན་གྱིས་འཆར་འགོད། སྤྱི་ཡོངས་རང་བཞིན་གྱིས་སྐུལ་གཏོང་བཅས་ཏན་ཏིག་བྱེད་དགོས། ཆེ་རྩིས་དང་ཕུགས་རྩིས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ་ལས་ཁོག་རྩིས་ཆུང་ཆུང་མི་རྒྱག་པ་དང་མགོ་བདེ་པོ་མི་བྱེད་པར་རང་དོན་རིང་ལུགས་དང་། ཁ་ཐོར་རིང་ལུགས། རང་མོས་རིང་ལུགས། རང་གནས་རིང་ལུགས་བཅས་ལ་སྔོན་འགོག་དང་ངོ་རྒོལ་བྱས་ཏེ། ཁུལ་ཁོངས་གཅིག་ལ་གཟི་བརྗིད་བརྩོན་ལེན་བྱེད་ཐུབ་ལ་སྤྱི་ཡོངས་ལ་བྱས་རྗེས་འཇོག་ཐུབ་པའང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པའི་སྤྱོད་ཚུལ་ནི་སྔར་ནས་བཟུང་ཏང་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་ལ་ཁྲིད་སྟོན་བྱེད་པའི་རླུང་ཕྱོགས་སྟོན་རྟགས་གལ་ཆེན་ཞིག་དང་། མི་དམངས་མང་ཚོགས་ཀྱིས་ཏང་སྲོལ་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། དེས་ན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་དང་ཞིབ་བསྡུར་དང་དོན་ཚན་རེ་རེ་བཞིན་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ངན་རེངས་གཅོང་ནད་གཙོ་གནད་དུ་བཅོས་པ་བཅས་བྱས་ནས་ཏང་གི་སྤྱོད་ཚུལ་བཟང་པོ་སྣེ་ཁྲིད་དེ་དར་སྤེལ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་ཤུགས་ཆེན་བཏང་སྟེ་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་གཞི་རིམ་འཐབ་ས་དང་པོར་མང་ཙམ་སྐྱོད་པ་དང་། དཀའ་ངལ་མང་བ་དང་། མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་ཆེ་བ། ལས་དོན་སྤེལ་དཀའ་བ་བཅས་སུ་མང་ཙམ་བསྐྱོད་དེ། གནས་ཚུལ་དངོས་ལ་ཞིབ་དཔྱད་དང་གནད་དོན་དབྱེ་ཞིབ་བྱས་ནས་ཕྱོགས་ཡོངས་ནས་གནས་ཚུལ་ཁོང་དུ་ཆུད་པ་དང་གཏིང་རྒྱུས་ལོན་པ་བྱེད་དགོས། ཁོར་ཡུག་སྐྲུན་པ་དང་ཆ་རྐྱེན་བཏོད་དེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་སྐད་ཆ་དྲང་པོ་དང་སྙིང་གཏམ་ཤོད་པར་ལྕག་སྐུལ་བྱེད་དགོས། ཤེས་རྟོགས་བྱུང་བའི་གནད་དོན་རིགས། རྒྱུ་རྐྱེན་དབྱེ་ཞིབ་དང་གནད་འགག་གནད་སྨིན་ངང་བཙལ་ཏེ་དམིགས་ས་ཡོད་པའི་སྒོ་ནས་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པར་བྱེད་པ་ལས་ཁེ་ཕན་གྱི་ཚོགས་པ་དང་། དབང་ཤུགས་ཀྱི་ཚོགས་པ། དམིགས་བསལ་དབང་ཆ་ལྡན་པའི་རིམ་གྲས་བཅས་གང་རུང་གི་ཁེ་ཕན་གཏན་ནས་མཚོན་གྱི་མེད། འགོ་ཁྲིད་ལས་བྱེད་པར་འཇོན་ཐང་ལྡན་དགོས་ན་སྔོན་ལ་རང་ངོས་སྤྱོད་གཙང་དགོས། སྤྱོད་གཙང་ཡོང་བར་རང་རྟོགས་བྱེད་རྒྱུ་ནི་གཙོ་གནད་དང་། རྒྱུན་འཁྱོངས་བྱེད་རྒྱུ་ནི་གལ་ཆེ་ཤོས། མཐར་ཕྱིན་བྱེད་རྒྱུ་ནི་དཀའ་གནད་བཅས་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་སྤྱོད་གཙང་རང་གཅུན་དང་། སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ། ཁག་བགོས་དོ་དམ་ཁྱབ་ཁོངས་སམ་སྲིད་སྐྱོང་ཁུལ་གཙོ་བོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ། ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་དང་མཐའ་གཅིག་ཏུ་འཐབ་རྩོད་བཅས་བྱས་ཏེ། བློ་མཐུན་དབར་གྱི་གཙང་མ་གཙང་རྐྱང་གི་འབྲེལ་བ་དང་། གོང་འོག་དབར་གྱི་ཚུལ་དང་མཐུན་པའི་འབྲེལ་བ། སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་གཅིག་གྱུར་གྱི་འབྲེལ་བ་གསར་པ་བཅས་ཆགས་པར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོའི་སྣེ་ཁྲིད་པ་དང་། འཛུགས་སྐྲུན་པ། སྲུང་སྐྱོང་བ་བཅས་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག་ནང་མི་དང་གཉེན་ཉེར་དོ་དམ་ནན་པོ་དང་ཉེ་འཁོར་གྱི་མི་དང་དོན་དག་ལའང་དོ་དམ་ཡག་པོ་བྱེད་དགོས་པ་ལས། ཁོང་ཚོས་རང་ཉིད་ཀྱི་དབང་ཆ་དང་ཤུགས་རྐྱེན་ལ་བརྟེན་ནས་ལུགས་དང་མི་མཐུན་པའི་ཁེ་ཕན་རག་ཐབས་གཏན་ནས་བྱེད་དུ་འཇུག་མི་རུང་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ད་རེས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་ཧ་ཅང་ཡག་པོ་མང་པོ་བཏོན་སོང་། ཚོགས་འདུ་གྲོལ་རྗེས་གང་མགྱོགས་ཞིབ་འཇུག་བྱེད་པ་དང་། བྱེད་ཐབས་འདོན་པ། ལས་དོན་ལེགས་བཅོས་བཅས་བྱས་ནས་ཕན་འབྲས་ངོ་མ་ཐོབ་ཐབས་བྱེད་དགོས་ཞེས་བསྟན་གནང་བ་རེད།