ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2022ལོའི་ཟླ་12ཚེས་30ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ལོ་མཇུག་ཏུ་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེའང་ང་ཚོའི་སྲོལ་རྒྱུན་བཟང་པོ་ཞིག་ཏུ་གྱུར་ཡོད། ང་ཚོའི་ཐུན་མོང་གི་ཁྲིད་སྟོན་འོག ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་ཚགས་ཚུད་དང་སྲ་བརྟན་དུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་དམིགས་བསལ་རིན་ཐང་དེ་བས་མངོན་གསལ་དོད་དུ་སོང་ཡོད། 2022ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཀྲུང་ཨུ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དང་། མ་འཇོག་མཉམ་ལས་མཉམ་སྒྲོག་དང་བསྡུ་སྒྲིལ་བྱས་པ། ནུས་རྒྱུའི་མཉམ་ལས་ཀྱིས“གྲུ་རྡོའི”ནུས་པ་སྔར་བས་འདོན་སྤེལ་བྱས་པ། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་བརྟན་པོའི་ངང་ལག་ལེན་བསྟར་བ་བཅས་བྱས་ཡོད། ས་གནས་ཀྱི་མཉམ་ལས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། མི་ཆོས་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་པ། ལུས་རྩལ་སྤེལ་རེས་ལོའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ། ཕྱོགས་གཉིས་པོའི་མཛའ་གྲོགས་ཀྱི་སྤྱི་ཚོགས་དམངས་འདོད་ཀྱི་རྨང་གཞི་དེ་བས་བརྟན་དུ་སོང་ཡོད། འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་རྒྱལ་སྤྱིའི་དུས་བབ་མདུན་དུ་ཀྲུང་ཨུ་ཕྱོགས་ཕན་ཚུན་གཉིས་པོས་ཐོག་མཐའ་བར་གསུམ་དུ་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། འཐབ་ཇུས་ཀྱི་མཉམ་ལས་ལ་ཤུགས་སྣོན། ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་དང་གོ་ལ་ཧྲིལ་པོའི་རོགས་ཟླར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་པོ་བཏོད་པ་དང་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་བསྣན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ད་ཡོད་ཀྱི་ལས་ཀའི་ལམ་སྲོལ་དང་འབྲེལ་མཐུད་ཐབས་ལམ་མུ་མཐུད་བེད་སྤྱོད་ཡག་པོ་དང་བེད་སྤྱོད་འདང་ངེས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། དངུལ་རྩ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་པར་སྐུལ་འདེད་གཏོང་བ་དང་། འགག་སྒོ་སོགས་མཉམ་སྦྲེལ་མཉམ་མཐུད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་ནུས་རྒྱུ་དང་ནུས་རྒྱུ་གསར་པའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་མི་ཆོས་སྤེལ་རེས་མུ་མཐུད་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཨུའི་ལུས་རྩལ་སྤེལ་རེས་ལོ་ཡག་པོ་གཉེར་བ། རྒྱལ་ཁབ་གཉིས་པོའི་མི་ཆོས་མཉམ་ལས་ཀྱི་སྤུས་རྟགས་གསར་པ་གཏོད་པ་བཅས་བྱེད་དགོས། ཉེ་དུས་ཀྲུང་གོས་ཏོག་གསར་རིམས་ནད་ཀྱི་གནས་ཚུལ་འགྱུར་ལྡོག་གཞིར་བཟུང་། དུས་བསྟུན་བབ་བསྟུན་གྱི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ལེགས་སུ་བཏང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་བྱས་པ། ལས་ཀའི་གཙོ་གནད་དེ་བདེ་ཐང་འགན་ལེན་དང་ཚབས་ལྕིའི་ནད་གཞི་སྔོན་འགོག་བྱེད་པའི་ཐོག་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཚུད་པའི་རྒྱལ་ཁབ་ཁག་དང་རྒྱུན་གཏན་ལྟར་མི་སྣ་འགྲོ་འོང་བྱ་རྒྱུ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་དེ་བཞིན་འཛམ་གླིང་ཐོག་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་མཁན་ཡར་ཐོན་སྟོབས་ཤུགས་ཚང་མ་དང་མཉམ་དུ་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་བརྙས་བྱེད་སྤྱོད་བཅས་ལ་ངོ་རྒོལ་བྱས་ནས་རྒྱལ་ཁབ་གཉིས་པོའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་བཅས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གནས་བབ་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་དང་ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་གནད་དོན་ཐད་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན་པ་དང་དཔེ་སྟོན་ནུས་པ་འདོན་དགོས། ཕྱོགས་གཉིས་པོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་བརྟེན་ནས་ཕྱོགས་ཁག་གི་མཐུན་སྒྲིལ་དང་ཡིད་ཆེས་ཟབ་ཏུ་འགྲོ་བར་མུ་མཐུད་སྐུལ་འདེད་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱི་ཐེ་ཇུས་དང་གཏོར་བཤིག་མཉམ་དུ་འགོག་དགོས།
ཕུའུ་ཅིང་གིས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་འཛིན་ཐུབ་པ་དང་། ལོ་གསར་པ་འཆར་ལ་ཉེ་བའི་མཚམས་དེར་ཀྲུའུ་ཞི་ཞི་ཅིན་ཕིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་སྟེ་འདི་ལོའི་ཨུ་ཀྲུང་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ཕྱོགས་སྡོམ་བྱེད་པ་དང་སང་ལོའི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་འཆར་གཞི་འགོད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངས་སླར་ཡང་ཨུ་རུ་སུའི་མི་དམངས་ཡོངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བསྟུད་མར་བཞེས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ནས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་ཡོད། མིག་སྔའི་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་ཨུ་ཀྲུང་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་། ནུས་རྒྱུ་དང་། ཞིང་ལས། འགྲིམ་འགྲུལ། རྨང་གཞིའི་སྒྲིག་བཀོད། ལུས་རྩལ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་བ། ཨུ་ཀྲུང་འབྲེལ་བའི་སྲ་བརྟན་རང་བཞིན་དང་། འཐུས་ཚང་རང་བཞིན། བརྟན་ལྷིང་རང་བཞིན་བཅས་སྔར་བས་ཆེ་རུ་ཕྱིན་པ། ཨུ་ཀྲུང་འཐབ་ཇུས་རོགས་ལས་ཀྱི་དོན་སྙིང་གལ་ཆེན་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་བཅས་དུས་རབས་ཉེར་གཅིག་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་ཞིག་རེད་བརྗོད་ཆོག་ཅེས་བརྗོད་པ་རེད།