ཉིན་འདི་དག་ལ་ས་ཁུལ་སོ་སོར་གདགས་གཤིས་མངོན་པའི་ནད་འགོས་མཁན་གྱི་གདོད་འགོག་སྲིབ་གཤིས་སུ་གྱུར་ན་ཡང་། མི་མི་ཉུང་བ་ཞིག་ལ་སྔར་བཞིན་ལུས་ཡོངས་སུ་སྟོབས་ཟད་ཅིང་ཐང་ཆད་སླ་བ་དང་། བློ་རིག་ཀྱང་གཅིག་ཏུ་སྒྲིམ་དཀའ་ལ།ཐ་ན་གོམ་འགྲོས་ཀྱང་ཇེ་དལ་དུ་གྱུར་ཏེ་ཉལ་བསམ་ནས་འགུལ་སྐྱོད་བྱེད་འདོད་མེད་པ་ཞིག་ཆགས་ཡོད།
ཟླ12པའི་ཚེས་29ཉིན། པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་༼ཏོག་གསར་ནད་དུག་འགོས་མཁན་གྱི་བདེ་ཐང་སླར་གསོའི་ཆེད་མཁས་པའི་མཛུབ་སྟོན་(པར་གཞི་དང་པོ)༽བཀྲམ་པ་དང་། དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་༼ཏོག་གསར་རིམས་ནད་ནད་པའི་བདེ་ཐང་སླར་གསོའི་ཕྱོགས་སྟོན༽གཞིར་བཟུང་ཞིང་། ནད་ཐོག་ལྟ་ཞིབ་དང་མི་ཚོགས་ཀྱི་བརྟག་དཔྱད་དང་ཟུང་འབྲེལ་བྱས་ནས་ལུས་པོར་ཤུགས་མེད་པའམ་ཐང་ཆད་པ་དང་། ངལ་གསོ་བྱས་རྗེས་ད་རུང་རིག་པ་མི་དྭངས་བ་ནི་ཏོག་གསར་ནད་དུག་འགོས་རྗེས་སླར་གསོ་བྱེད་པའི་སྐབས་ཀྱི་རྒྱུན་ལྡན་གྱི་ནད་རྟགས་ཤིག་ཡིན་ཞེས་བཏོན་འདུག
སྲིབ་གཤིས་སུ་གྱུར་ཡོད་ན་ཡང་། ད་རུང་ལུས་ཤུགས་མེད་པ་ཅི་ཡིན། དུས་ཚོད་ཅི་ཙམ་འགོར་ན་ད་གཟོད་སྔར་གྱི་གསོན་ཤུགས་སླར་གསོ་འབྱུང་ཐུབ་བམ།
སྲིབ་གཤིས་སུ་གྱུར་རྗེས་ད་རུང་ཐང་ཆད་དོན་ཅི་ཡིན།
ཀོང་ཀྲུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གསུམ་པའི་འབྱིན་རྔུབ་ཚན་ཁག་གི་སྨན་རམས་པའམ་སློབ་དཔོན་ཆེན་མོ་སོན་ཀྲི་ཅ་ཡིས་བསྟན་དོན། སྲིབ་གཤིས་སུ་གྱུར་རུང་རྩ་བ་ནས་བདེ་ཐང་དུ་གྱུར་བ་མི་མཚོན་ལ། ང་ཚོས་ནད་འགོ་བའི་བརྒྱུད་རིམ་དེ་གཡུལ་འགྱེད་ཅིག་ཏུ་ངོས་བཟུང་ཆོག་སྟེ། གདགས་གཤིས་ནས་སྲིབ་གཤིས་སུ་གྱུར་བ་དེ་འཐབ་འཁྲུག་ཅིག་མཚམས་བཞག་པ་མཚོན་ལ། དེའི་རྗེས་ཀྱི་འཐབ་རིམ་ད་རུང་ཤིན་ཏུ་རིང་སྲིད་ཟེར།
གདོད་འགོག་དང་ཉིང་སྐྱུར་སྲིབ་གཤིས་སུ་གྱུར་རུང་། ལུས་ཕུང་ད་དུང་མི་བདེ། སྐབས་འདིར་ནད་གཞི་སངས་དྲག་ཏུ་གྱུར་སོང་ཞེས་བརྗོད་མི་ཐུབ།
ལུས་ཡོངས་སུ་ཤུགས་མེད་པ་ནི་རྒྱུ་རྐྱེན་གང་མང་ཞིག་གིས་བསྐྱེད་པ་སྟེ། སྲིབ་གཤིས་སུ་མ་གྱུར་བའི་སྔོན་ལ་མིའི་ལུས་ཕུང་གི་རིམས་ཐར་མ་ལག་གིས་དུས་དང་རྣམ་པ་ཀུན་དུ་ཏོག་གསར་ནད་དུག་དང་འཐབ་རྩོད་རྒྱག་བཞིན་ཡོད། ནད་འགོས་པའི་སྐབས་སུ་མངོན་པའི་ཚ་བ་རྒྱག་པ་དང་གློ་ལུ་བྱེད་པ། ཁོག་པ་བཤལ་བ། ཕྱིར་སྐྱུག་པ་སོགས་ནད་རྟགས་དེ་ལུས་ཕུང་ལ་མཚོན་ན་ཟད་གྲོན་ཅུང་ཆེན་པོ་ཞིག་ཡིན་པས། ལུས་ཤུགས་ཟད་པ་ནི་རྒྱུན་ལྡན་ཞིག་ཡིན།
མི་མི་ཉུང་བ་ཞིག་ལ་ན་ཚའི་སྐབས་སུ་གཉིད་དང་ཟ་འཐུང་ལའང་ཤུགས་རྐྱེན་ཐེབས་པ་སྟེ། དཔེར་ན་མཚན་གུང་གློ་ལུ་རྒྱག་པ་དང་། ཚ་བ་མཚམས་མ་བཞག་པས་ཉིན་མང་པོར་གཉིད་སྐྱིད་པོ་ཞིག་མི་ཁུག་ལ་ཟ་མའང་ཟ་འདོད་མེད་པ་དང་། སྐྱུར་མེར་ལངས་པ་སོགས་ཀྱིས་ཀྱང་ཉིན་རེའི་འཚོ་བཅུད་ཉུང་འཕྲི་བྱས་ཡོད།
སོན་ཀྲི་ཅ་ཡིས་བཤད་རྒྱུར་ཟད་གྲོན་རྒྱུན་ལྡན་ལས་ཆེ་ལ་ཁ་གསབ་རྒྱུན་ལྡན་ལས་ཉུང་ཚེ། ལུས་པོའི་ཟུངས་ཤུགས་རང་བཞིན་གྱིས་ཉམས་འགྲོ་བ་དང་། སེམས་ཁམས་ཀྱི་ངོས་ནས་བཤད་ན་ཡང་ན་ཚ་བྱུང་བའི་སྐབས་སུ་ལུས་པོའི་སྟོབས་ཤུགས་ཚང་མ་ནད་དུག་ལ་རྒོལ་བའི་སྟེང་བཀོད་པས༼་ཕ་རོལ་བོ་༽ཕམ་པར་བཏང་རྗེས་སེམས་ཤུགས་ཀྱང་དུས་ཐོག་ཏུ་ལྷོད་ནས་མི་ལ་ཐང་ཆད་པའམ་ཤུགས་ཟད་པའི་ཚོར་སྣང་སྟེར་བ་རེད་ཟེར།
ག་དུས་རྒྱུན་ལྡན་གྱི་གསོན་ཤུགས་སླར་གསོ་འབྱུང་ངམ།
ཅུང་ཙམ་སོང་ན་ཐང་ཆད་པ་དང་། བཞི་ཐོག་ལྔ་ཐོག་ཅིག་ལ་འཛེགས་ན་དབུགས་འཚང་པ་དང་བྲང་ཁ་མི་བདེ་བ། བློ་རིག་གཅིག་ཏུ་སྒྲིམ་མི་ཐུབ། དེ་ན་ལུས་པོ་ག་དུས་གཞི་ནས་སླར་གསོ་འབྱུང་ཐུབ་བམ།
སོན་ཀྲི་ཅ་ཡིས་བསྟོན་དོན། རྨང་གཞིའི་ནད་མེད་པ་དང་ནད་འགོས་རྗེས་ནད་རྟགས་ཡང་བའི་གཞོན་དར་མི་ཚོགས་ལ་མཚོན་ན་སླར་གསོའི་དུས་ཚོད་སྤྱིར་བཏང་དུ་ཅུང་ཐུང་སྟེ། གཟའ་འཁོར་2ནས་3གྱི་རྗེས་སུ་ག་ལེར་སླར་གསོ་ཡོང་ཐུབ།
ལོ་ན་ཅུང་མཐོ་བ་དང་། རྨང་གཞིའི་ནད་ཡོད་པའི་ལོ་ལོན་དང་ནད་འགོས་རྗེས་ནད་རྟགས་ལྕི་བའི་མི་ཚོགས་ལ་མཚོན་ན་སླར་གསོའི་དུས་ཡུན་ཅུང་རིང་སྟེ།ཞིབ་ཕྲའི་གནས་ཚུལ་མི་སོ་སོའི་ལུས་པོར་རག་ལས།
ཡིན་ན་ཡང་། མི་ཚོགས་རིགས་གང་ཡིན་རུང་འགུལ་སྐྱོད་ཅུང་ཟད་བྱས་རྗེས་དབུགས་འཚང་པ་དང་། གློ་བུར་དུ་སེམས་འཚབ་པ་དང་སྙིང་མི་བདེ་བ་སོགས་བྱུང་ན་ཤིན་ཏུ་གཟབ་དགོས་ལ། དགོས་ངེས་ཡོད་ཚེ་མགྱོགས་པོར་སྨན་པར་བསྟེན་དགོས།
པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་འགོས་ནད་ཚན་ཁག་གི་ཀྲུའུ་རིན་ཀའོ་ཡན་གྱིས་ཀྱང་བསྟན་དོན། སྲིབ་གཤིས་སུ་གྱུར་ན་ཡང་མིའི་ལུས་ཕུང་གི་ཟུངས་ཤུགས་དང་ནུས་པ་སླར་གསོ་འབྱུར་བར་ད་རུང་དུས་ཚོད་དགོས་ཏེ། ཕལ་ཆེར་གཟའ་ཁོར་2ནས་3་དགོས། སྐབས་ཐོག་འདིར་སེམས་འཚབ་མི་བྱེད་པར་ངལ་གསོ་འོས་འཚམ་བྱེད་པ་དང་། འཚོ་བཅུད་ལ་ཤུགས་བརྒྱབ་ནས་རང་ཉིད་མགྱོགས་པོར་རྒྱུན་ལྡན་གྱི་རྣམ་པར་འགྱུར་ཐུབ་པ་བྱེད་དགོས།