༄༅།།ད་དྲག་ལ་དཔྱད་པ་སྔོན་མེད་རྟོག་གེའི་རིགས་འཕྲུལ་སྐམ་པོ།

གཙང་ཁ་བསོད་ནམས་རྡོ་རྗེ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 01-04


      དེ་ཡང་དང་བོ། ད་དྲག་གི་བརྒྱུད་རིམ་ལ་དཔྱད་པ། གཉིས་པ། ད་དྲག་ཅེས་པའི་མིང་ལ་དཔྱད་པ། གསུམ་པ།  ད་དྲག་སྐད་བཅད་གང་གི་སྐབས་སུ་བསྡུས་མིན་ལ་དཔྱད་པ། བཞི་བ། ད་དྲག་གི་འཇུག་ཡུལ་ངོས་བཟུང་བ། ལྔ་བ། ཚིག་ཕྲད་འདྲེན་སྟངས་སྐོར་ལ་དཔྱད་པ།

            དང་བོ། ད་དྲག་གི་བརྒྱུད་རིམ་སྐོར་ནས་བཤད་ན།

    ད་དྲག་གི་རྣམ་གཞག་འདི་ནི་འཇམ་དབྱངས་རྣམ་འཕྲུལ་སློབ་དཔོན་ཐོན་མི་སམྦྷོཊས་བརྩམས་པའི་བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་གཉིས་སུ་མི་གསལ་བར་མ་ཟད། ལོ་ཙཱ་བ་ཆེན་པོ་ལྕེ་ཁྱི་འབྲུག་གི་གནས་བརྒྱད་རྩ་འགྲེལ་དང་། པཎྜིཏ་དྲན་པ་ཡེ་ཤེས་གྲགས་པའི<<སྨྲ་སྒོ་མཚོན་ཆ>>རྩ་འགྲེལ་སོགས་སུ་གསལ་བོར་མེད་ཐོག ཕྱི་ལོ(1182_1251)ཕེབས་པའི་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི<<སུམ་རྟགས་ཀྱི་དོན་འགྲེལ་ཡི་གེ་སྦྱོར་བ>>ལས་ཀྱང་གསལ་བོར་བསྟན་མེད།  འོན་ཏེ།  ཕྱི་ལོ(1059 -1109) ཕེབས་པའི་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི<<དག་ཡིག་ཉེར་མཁོ་བསྡུས་པ>>ལས།  ད་དྲག་གི་ཐོབ་ཐང་སྐོར་ཞིག་གསལ་བཤད་གནང་ཡོད།  དེ་མིན་དེའི་གོང་དུ་མཁས་པ་སུ་ཞིག་གིས་ད་དྲག་གི་སྐོར་གསལ་བོ་བཤད་མེད་ཅེས་ཁ་ཚོན་བཅད་མི་ཐུབ་ཀྱང་།  དེང་ཆར་འཇིག་རྟེན་འདིར་མིག་དང་རྣ་བའི་དགའ་སྟོན་ལས་ཡོངས་སུ་འདས་ཡོད།

      འོ་ན།  དེའི་གོང་དུ་ད་དྲག་གི་རྣམ་གཞག་འདི་མེད་དམ་ཞེ་ན།  རྩ་བ་ནས་མ་ཡིན་ཏེ།  དེ་ནི་སློབ་དཔོན་གྱིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད (དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམས།  ཀ་མད་སུམ་ཅུར་བསྒྱུར་བ།  སྡེབ་སྦྱོར་བསྒྲིག་པའི་གཞི་མ།  ཐོན་མིའི་མདོ་རྫིའི་སྒྲ་མདོ། གཞན་ཡང་། མུན་པའི་སྒྲོན་མེའམ་སྔགས་ཀློག་ཐབས། བྱཱཀརཎའི་གཞུང་ཀ་ཁའི་བསྟན་བཅོས། སུམ་རྟགས་ཀྱི་གཞུང་དག་ལ་འདོད།) མཛད་པ་གྲགས་ཀྱང་དེང་སྐབས་མཇལ་དུ་མེད་པས་སོ། །

   འོ་ན་སློབ་དཔོན་གྱི་བརྡའི་བསྟན་བཅོས་བརྒྱད་ཙམ་མཛད་ཡོད་དམ་ཞེ་ན། གྲངས་ཀྱི་ཁ་ཚོན་བཅད་མི་ནུས་ཀྱང་སུམ་རྟགས་གཉིས་ལས་གཞན་ཡང་ཡོད་པ་ནི་ལུང་རིགས་གཉིས་ཀྱིས་གྲུབ་ཏེ། དང་བོ། སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་མཇུག་ཏུ་བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་བོའི་བྱཱ་ཀ་ར་ཎ་དང་བོའི་སྐབས་ཏེ་ལྔ་བའོ། །ཞེས་དང་། བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་བོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ། །ཞེས་གསུངས་པའི་ཕྱིར། དེས་ན་སྒྲ་ཡི་བསྟན་བཅོས་ཀྱི་གྲངས་ངེས་དང་བམ་ཚོད་མཇལ་བར་མི་ནུས་ཀྱང་བཅུ་གཅིག་ཡོད་པ་གྲུབ་བོ། །སྔོན་བྱོན་གྱི་མཁས་པ་ཁག་ཅིག་རྩ་བ་བརྒྱད་པ་ཞེས་པ་ལ་འཁྲུལ་ནས་སློབ་དཔོན་གྱིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པ་འདོད་ཀྱང་། རྩ་བ་བརྒྱད་པ་ནི་སློབ་དཔོན་གྱིས་བརྩམས་པའི་བརྡ་སྤྲོད་པའི་རྩ་བ་རྒྱ་གར་གྱི་སྒྲ་ཡི་བསྟན་བཅོས་བརྒྱད་ཡིན་པ་ལས་ཀུན་ཏུ་བཟང་བོ་རང་གིས་བརྩམས་པའི་བྱཱ་ཀ་ར་ཎའི་བསྟན་བཅོས་ཀྱི་གྲངས་ཚད་མིན་ནོ། །དེའི་ཕྱིར་བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་བྱུང་པའི་ཀུན་ཏུ་བཟང་བོའི་བྱཱ་ཀ་ར་ཎ་ཞེས་བརྗོད་དགོས་ཤིང་། གལ་སྲིད་རྩ་བ་བརྒྱད་པ་སློབ་དཔོན་རང་གིས་བརྩམས་ན་ཀུན་ཏུ་བཟང་བོའི་བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ཞེས་སྨོས་དགོས་པ་ལས་དེ་ལྟར་མ་སྨོས་པས་སོ། །ཞེས་པ་འདི་ཡང་རག་བཟི་རྒན་པོའི་འཁྲུལ་གཏམ་ཞིག་དང་མི་མཚུངས་པར་རྟོག་གེ་བ་ཞིག་གི་བསམ་བློའི་ཉིང་ཁུ་ཞིག་ཡིན།

    དེ་བཞིན་སློབ་དཔོན་གྱིས་སུམ་རྟགས་གཉིས་ལས་བརྩམས་མེད་པའང་མི་འཐད་དེ། སློབ་དཔོན་གྱིས་ཡི་གེའི་རྣམ་འགྱུར་གྱི་བཟོ་དང་། ཀ་མད་སུམ་ཅུར་བསྒྱུར་ཚུལ་སོགས་ཅི་ཡང་མ་བཤད་པར་རྡོ་རྗེ་རྐེད་བཟུང་གིས་སུམ་རྟགས་གཉིས་ལས་བརྩམས་མེད་ན། སློབ་དཔོན་ལ་རང་ཉིད་ཀྱིས་གཏན་ལ་ཕབ་པའི་ཡི་གེའི་བསྟན་བྱ་མ་རྫོགས་པ་དང་། སྐོལ་བྱེད་ཀྱི་ནུས་པ་ཆ་ཚང་མེད་པ་ཞིག་ཏུ་གྱུར་ཡོད།

    གཉིས་པ། གལ་སྲིད་སློབ་དཔོན་གྱིས་སུམ་རྟགས་གཉིས་མ་མཛད་ན་བརྡའི་བསྟན་བཅོས་གཞན་ཡང་མཛད་མེད་དགོས། དེ་མེད་ན། རྒྱ་གར་གྱི་ཡི་གེ་དཔེར་བྱས་ནས་བོད་ཡིག་སུམ་ཅུ་གཏན་ལ་ཕབ་པ་ཡང་རྫུན་ཡིན། དེ་མེད་ན་ཆོས་རྒྱལ་སྲོང་བཙན་ཞེས་པ་ཕེབས་པའང་རྫུན་ཡིན། དེ་ཡིན་ན་བོད་ཀྱི་རྒྱལ་རབས་ཀྱི་དེབ་ཐེར་ཞེས་པའང་རྫུན་ཡིན། དེ་ལྟ་ན་སྔོན་བྱོན་མཁས་དབང་ཐམས་ཅད་ལ་ཡིད་བརྟན་མེད་པར་འགྱུར་རོ། །

     འོན་ཏེ། དེང་རབས་ཀྱི་དཔྱོད་སྟོབས་རིག་པའི་མེ་ལྕེ་ལྷ་ལམ་དུ་གཡོ་བའི་མཁས་དབང་ཁག་ཅིག་གིས་སུམ་རྟགས་གཉིས་སློབ་དཔོན་ཐོན་མིས་བརྩམས་པ་མིན་པ་དང་། ཕྱིས་ཀྱི་ས་སྐྱ་ཚང་གིས་བརྩམས་པར་བདེན་ཁ་ཧ་ཅང་སྦྱིན་ཚབས་ཆེ། དེ་དག་གི་ཁུངས་ནི་ས་སྐྱ་ཚང་མ་ཕེབས་པའི་གོང་དུ་སུམ་རྟགས་ཀྱི་མིང་ཙམ་ཡང་གོ་རྒྱུ་མེད་པ་དང་གཅིག  སྐབས་དེར་དག་ཡིག་ལས་སུམ་རྟགས་ཀྱི་འགྲེལ་བ་གཅིག་ཀྱང་མེད་པ་དང་གཉིས། ས་སྐྱ་ཚང་གི་ཡི་གེའི་སྦྱོར་བ་དེ་ཚིག་རྐང133ལྷག་ལས་དེ་མིན་སུམ་རྟགས་གཉིས་དང་ཚིག་རིས་ཧ་ཅང་མཐུན་པ་དང་གསུམ། གལ་སྲིད་དེའི་གོང་དུ་ཡོད་ན་དཀར་ཆག<<འཕང་ཐང་མ>>རུ་བཀོད་དགོས་པ་ལས་དེའི་ནང་དུ་མཚན་ཙམ་ཡང་མི་གསལ་བ་བཞིས་སློབ་དཔོན་གྱི་མིན་པར་སྒྲུབ། འོ་ན་ས་སྐྱ་ཚང་གི་ཡིན་ན་སློབ་དཔོན་གྱི་མཚན་ནས་སྨྲོས་པའི་དགོས་པ་ནི། བསྟན་བཅོས་ཀྱི་མཛད་འཕྲིན་ལ་དགོངས་ནས་ཟེར།

དང་བོ།  མ་གོ་བ་དང་གོ་རྒྱུ་མེད་པ་གཉིས་རྣམ་པ་ཀུན་ཏུ་མི་མཚུངས་ཤིང་། ང་ཚོས་གོ་ཐོས་མ་མྱོང་བས་མེད་པར་སྒྲུབ་པ་ནི། དཔལ་ཆོས་ཀྱི་གྲགས་པས། མ་མཐོང་ཕྱིར་ན་མེད་པར་མིན། །ཞེས་གསུངས་པ་དང་འགལ་ཞིང་།  དེ་ཙམ་མ་ཟད་བསྐལ་དོན་རྣམ་བཞི་ལས་དུས་ལ་ལྟོས་པའི་སྐལ་དོན་ཞིག་གསུང་པའང་རྒྱུ་མཚན་ཞིག་ཡོད་ལས་ཆེ་སྙམ། དེ་མིན་ལོ་རྒན་སྟོང་ལ་སོན་པའི་མི་རྒན་ཞིག་ཡོད་ན་ཁོང་ལ་བཀའ་འདྲི་ཞུ་རྒྱུ་ལས་དེ་མིན་ཀུན་ལ་ལྐོག་ཏུ་གྱུར་པ་ཞིག་རེད།

    སྐབས་འདིར་ངས་ཞུ་འདོད་པ་ཞིག་ནི། གལ་སྲིད་བསྟན་བཅོས་ཀྱི་མཛད་འཕྲིན་ལ་དགོངས་པ་དེ་འདྲ་ཡིན་ན་ས་སྐྱ་ཚང་གི་སུམ་རྟགས་ལས་ཅུང་ཆ་ཚང་བའི་ཡི་གེའི་སྦྱོར་བ་དེ་སློབ་དཔོན་གྱི་ཡིན་ལབ་ན་ཅི་འདྲའི་མི་མཛེས་སམ། འདི་ལ་བསམ་ཡང་ལྐོག་གྱུར་གྱི་གནད་དོན་ཞིག་རེད།

  འོན་ཏེ་གལ་གནད་ཆེ་བ་ཞིག་ལ། ང་ཚོ་མང་བོ་ཞིག་གིས་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་གི་ཡི་གེ་དང་། ཏུང་ཧོང་ཡིག་རྙིང་སོགས་ལ་བལྟས་ནས་སུམ་རྟགས་ཀྱི་སྒྲིག་གཞི་ལྡན་པའི་ཡི་གེ་མེད་པས། སུམ་རྟགས་སློབ་དཔོན་གྱིས་རྩོམ་པ་མིན་པར་ཕྱིས་ཀྱི་ས་སྐྱ་ཚང་གིས་བརྩམས་པ་རེད་ཟེར། དེ་ལ་ང་ཚོས་བསམ་གཞིག་རེ་བྱེད་དུས། རྡོ་རིང་གི་ཡི་གེ་དང་ཏུང་ཧོང་གི་ཡིག་རྙིང་སོགས་ནི་སྐབས་དེ་དུས་ཁ་སྐད་དང་མཐུན་པ་དང་། སུམ་རྟགས་སོགས་ནི་བརྡ་སྤྲོད་པའི་གཞུང་དང་མཐུན་ཕྱིར་བརྡ་སྤྲོད་ཀྱི་རྣམ་གཞག་ལྟར་གཏན་འབེབས་བྱས་པ་ཞིག་རེད། དཔེར་ན། བོད་ཀྱི་སྐས་བཅད་དང་བོ་གནང་བའི་སྐབས་སུ་ཡང་བཙན་པོས། ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཞིག་ཅེས་བཀའ་སྩལ་ཚུལ་སྒྲ་སྦྱོར་བམ་གཉིས(ཤོག་གྲངས1)ནང་གསལ་བ་ལྟར་རོ། །ཡང་དེ་ཉིད་ལས། ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱཀརཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། ཞེས་སོགས་གསུངས་པར་གཞིགས་ན་ཆོས་སྐད་དང་བྱཱཀརཎའི་ལུགས་གཉིས་ཐ་དད་དུ་བྱས་པར་སྣང་། དེས་ན་ཆོས་སྐད་ཀྱི་རྣམ་གཞག་དང་། བརྡ་སྤྲོད་པའི་ལུགས། ཁ་སྐད་ཅེས་རིམ་པ་མི་འདྲ་བ་གསུམ་ཡོད་དོ།།

    གཉིས་པ།  གཅིག་བྱེད་ན་སྐབས་དེ་དག་གི་སྤྱི་ཚོགས་སུ་སུམ་རྟགས་གཉིས་ཀྱི་མཛད་འཕྲིན་ནམ་མཁོ་རྒྱུགས་ཆེན་པོ་མེད་པས་འཆད་ཉན་དང་འགྲེལ་བ་དེ་ཙམ་མ་བྱུང་བར་མངོན། ང་ཚོས་སྤྱི་ཡངས་ཀྱི་ཆ་ནས་བསམ་གཞིགས་རེ་བྱེད་དུས། དུས་རབས་བཅུ་གཅིག་བཅུ་གཉིས་ནང་དུ་བྱོན་པའི་མཁས་པ་དག་དང་། དུས་རབས་བདུན་པ་གཡས་གཡོན་དུ་ཕེབས་པའི་མཁས་པ་དག་གིས་སློབ་དཔོན་འདི་ལ་དད་གུས་དང་ཡིད་ཆེས། རེ་བ།  མ་ཚད་འགྲན་སེམས་སོགས་ལ་ཧ་ཅང་གི་ཧེ་བག་ཆེན་པོ་ཡོད་པར་མ་ཟད།  སྐབས་དེར་མཚན་གྲགས་དང་མཛད་རྗེས། བཀའ་དབང་བཙན་པའི་བློན་པོའི་ཚོགས་ཀྱི་འགྲན་སེམས་ཀྱིས་དཀའ་ངལ་མི་ཉུང་བ་ཞིག་སྤྲད་པ་ནི།  སྔོན་གྱི་རྒྱལ་རབས་དེབ་ཐེར་དག་ལས་ཤེས་ཤིང་། དེས་ན་རྗེ་འདི་དང་འདིའི་བསྟན་བཅོས་ཀྱི་འཕྲིན་ལས་ལ་བར་ཆད་མི་ཉུང་བ་ཞིག་ཕྲད་ཡོད་པ་ནི་ལོང་བའི་རྒྱལ་ཁམས་ཞེས་པའི་དཔེ་ལྟར་མ་ཡིན་ནམ།

    གསུམ་པ།  ཚིག་རིས་མཐུན་པས་རྒྱུ་མཚན་གྱིས་བགྲང་པ་ཡིན་ན་རྩ་འགྲེལ་སྤེལ་མར་བྱས་པའི་བསྟན་བཅོས་གཞན་ཡང་མང་ན་འདིར་རྐྱང་པར་འོ་བརྒྱལ་གནང་དགོས་དོན་ཅི་ཡང་མི་འདུག་སྙམ།  དཔེར་ན་འདུལ་ནག་པ་དཔལ་ལྡན་བཟང་པོས་བརྩམས་པའི་དགའ་ལྡན་ལྷ་བརྒྱ་མ་བཞིན་ནོ(འདི་ནས་བྱང་ཕྱོགས་གསེར་རི་རོལ་མཚོའི་དབུས། །ལྷུན་པོ་དཔག་ཚད་བརྒྱད་ཁྲིར་འཕགས་པའི་སྟེང་། །མཁའ་སྤྱོད་སྣོད་བཅུད་དག་པའི་འབྱོར་བ་ཅན། །དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས།། )། །

གལ་སྲིད་སུམ་རྟགས་དང་ཡི་གེ་སྦྱོར་བ་གཉིས་རྩོམ་མི་གཅིག་ཡིན་དགོས་ན་ས་སྐྱ་ཚང་གིས་བསྟན་བཅོས་རྐུས་པ་ལས་སློབ་དཔོན་གྱི་མཚན་ནས་གཡར་བ་ཞིག་རྩ་བ་ནས་མ་རེད་ཅེས་ཚིག་ཐག་ཆོད་པོའི་སྒོ་ནས་ཞུ་རྒྱུ་ཡིན།

    བཞི་བ། དཀར་ཆག(འཕང་ཐང་མའི) ནང་དུ་བོད་དུ་ཡོད་པའི་བསྟན་བཅོས་ཀུན་ཐོ་འགོད་བྱས་མེད་པ་ནི་དཀར་ཆག་རང་ན་གསལ་བས་དེ་ལ་ཨུ་ཚུགས་བྱ་དགོས་པ་མ་མཐོང་ངོ་། །

 

 གཉིས་པ། ད་དྲག་ཅེས་པའི་མིང་ལ་དཔྱད་པ།

      ད་དྲག་གི་མིང་དང་།  དེ་དུས་རབས་གང་གི་སྐབས་སུ་བྱུང་མིན་ལ་དཔྱད་ན།

 དང་བོ།  ཡང་འཇུག་ད་ལ་ད་དྲག་ཅེས་བརྗོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན།  ཡི་གེ་རང་གི་ངོ་བོའི་ཆ་ནས་ད་དང་།  བྱེད་ལས་ཀྱི་ཆ་ནས་རང་ཉིད་གང་ལ་ཞུགས་ཀྱང་རང་ཉིད་ཀྱི་ནུས་པས་སྒྲ་གདངས་དྲག་པོ་དང་།  མིང་མཐར་ཕོ་ཡིག་དྲག་པོ་རྐྱང་བ་འདྲེན་པས་དྲག་པོ་ཞེས་བརྗོད།  འོ་ན་ས་དྲག་ཀྱང།  ཡོན་ཏན་དེ་དང་ལྡན་པར་ཐལ་ལོ་ཟེར་ན་སྐྱོན་མེད་དེ། ས་ཡང་འཇུག་ཅན་ལ་ས་དྲག་ཅེས་སྔོན་གྱི་བསྟན་བཅོས་ཚད་ཐུབ་གང་ལས་མ་གསུངས་པའི་ཕྱིར་རོ། ། འོན་ཏེ།  དེང་ཆར་མཁས་པ་འགས་ས་ཡང་འཇུག་ཅན་ལ་ས་དྲག་ཅེས་བརྗོད་པའི་རྒྱུ་མཚན་གང་ཡིན་སྙམ་ན། དེ་ནི་ཡི་གེ་རང་གི་ངོ་བོའི་ཆ་ནས་རྗེས་འཇུག་དྲག་པོ་ཕོ་ཡིན་པས་གཉིས་ཀར་ད་དྲག་དང་ས་དྲག་གི་ཐ་སྙད་འདི་བྱས་པ་རེད། དེས་ན། <<བརྡ་སྤྲོད་པའི་འགྲེལ་བ་མཁས་པའི་ཡིད་འཕྲོག>>ལས།  ཕོ་ལ་ངོ་བོའི་སྒོ་ནས་ད་ས་གཉིས་དང་། གྲོགས་ཀྱི་སྒོ་ནས་བ་འཇོག་པ་ནི་བླ་ན་མེད་པའི་ལེགས་བཤད་གཅིག་ཏུ་སྣང་ངོ་། །

གཉིས་པ།  ད་དྲག་ཅེས་པའི་མིང་འདི་དུས་གང་གི་སྐབས་སུ་བྱུང་ཞེ་ན། དེང་ཆར་ང་ཚོས་མིག་ལམ་དུ་མཇལ་དུ་ཡོད་པའི་སྐད་གསར་བཅད་མ་བྱུང་གོང་གི་རྡོ་རིང་གི་ཡི་གེ་དང་ལོ་ཙཱ་བ་ཆེན་པོ་ལྕེ་ཁྱི་འབྲུག་གི<<གནས་བརྒྱད་རྩ་འགྲེལ>>དང་།  སྐས་བཅད་དང་བོའི་སྐབས་ཀྱི<<སྒྲ་སྦྱོར་བམ་གཉིས>>སོགས།  སྐས་བཅད་གཉིས་པའི་དུས་ཀྱི<<འཕང་ཐང་གི་དཀར་ཆག>>  དེ་བཞིན་སྨྲ་སྒོ་སོགས་སུ་ད་དྲག་སྤྱོད་ཀྱང(ད་དྲག་ཅེས་པའི)ཐ་སྙད་འདི་རྩ་བ་ནས་བསྟན་མེད། སྐས་བཅད་གསུམ་པའི་སྐབས་སུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(1059-1109)ཀྱི<<དག་ཡིག་ཉེར་མཁོ་བསྡུས་པ>>ལས།  ན་ར་ལ་གསུམ་རྗེས་སུ་ནི། །སྒྲ་བསྒྱུར་སྔ་མས་ད་དྲག་བཞེད། །ཅེས་ད་དྲག་གི་རྣམ་གཞག་འདི་མཚར་བ་དང་ཡར་བ་དུས་མཉམ་དུ་བྱུང་བ་རེད། འོ་ན།  ད་དྲག་གི་རྣམ་གཞག་སྐབས་འདི་ནས་རྗེས་སུ་བྱུང་བ་ཡིན་ན་ཕྲད་འགྲོ་སྟངས་དེའི་སྔོན་ནས་ཡོད་པར་འགལ་ཞེ་ན། སྐྱོན་མེད་དེ། དེའི་གོང་ནས་སློབ་དཔོན་བཀའ་དྲིན་ཅན་གྱིས་བསྟན་ཟིན་པའི་ཕྱིར་རོ་ཞེས་བརྗོད་འདོད་པ་ནི་སྔོན་ནས་སྙིང་དཀྱིལ་དུ་སིམ་པའི་གནད་དོན་ཞིག་ཡིན།


གསུམ་པ།  ད་དྲག་སྐད་བཅད་གང་གི་སྐབས་སུ་བསྡུས་མིན་ལ་དཔྱད་པ།

     དེ་ཡང་ཆོས་ཀྱི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རྒྱ་གར་གྱི་པཎྜིཏ་དང་། བོད་ཀྱི་ལོ་ཙཱ་བ་དུ་མ་གདན་འཛོམས་ནས་དམ་པའི་ཆོས་བསྒྱུར། སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་སྐད་གསར་བཅད་དང་བོ་གནང་ནས་སྒྲ་སྦྱོར་བམ་གཉིས་སོགས་བརྩམས(སྒྲ་སྦྱོར་བམ་གཉིས་ལས་གསལ)། དེའི་སྲས་ཆོས་རྒྱལ་ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་བ་ཅན་གྱི་སྐབས་སུ་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་སོགས་ཀྱིས་སྐས་བཅད་གཉིས་པ་གནང་(འཕང་ཐང་གི་དཀར་ཆག་ཏུ་གསལ)ནས་དཀར་ཆག་འཕང་ཐང་མ་སོགས་བསྒྲིགས་སོ། །

      སྐད་བཅད་གསུམ་པ་ནི། སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱི<<བོད་ཀྱི་སྐད་ལས་གསར་རྙིང་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང༌།>>ལས།   བཀས་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཀྱི་སྒྲ་སྒྱུར་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་བོ་ནས་དཔང་ལོ་ཙཱ་བ་ཆེན་པོ་དང་སྙིགས་དུས་ཀྱི་སྐད་གཉིས་སྨྲ་བ་གཅིག་པུ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཡིན་ལ(འདི་དག་གི་སྐབས་སུ་སློབ་དཔོན་སོ་སོས་བསྟན་བཅོས་བརྩམས་ནས་སྐད་གསར་བཅད་གནང་བ་ལས་མཉམ་དུ་བགྲོས་ནས་ནི་མ་ཡིན་སྙམ)ཞེས་གསུངས།

      སྐད་བཅད་འདི་དག་ལས་གསུམ་པའི་སྐབས་སུ་ད་དྲག་བསྡུས་པ་ཡིན་ཏེ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ(1059-1109)ཀྱི<<དག་ཡིག་ཉེར་མཁོ་བསྡུས་པ།>>ལས། ན་ར་ལ་གསུམ་རྗེས་སུ་ནི། །སྒྲ་བསྒྱུར་སྔ་མས་ད་དྲག་བཞེད། །དེ་ཚེ་ཅིང་ཅེས་ཅིག་འཐོབ་ཀྱང༌། །ཕྱི་མ་རྣམས་ཀྱིས་ད་དྲག་དོར། །ཞེས་དང་། ས་པཎ་ཀུན་དགའ་རྒྱལ་མཚན(1182-1251)གྱི<<དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ།>>ལས། ན་ར་ལ་གསུམ་རྗེས་སུ་ནི། །(ཕྱིནད། གྱུརད། རོལད། )སྒྲ་སྒྱུར་སྔ་མས(སྐ་བ་དཔལ་བརྩེགས་ལ་སོགས་པ)ད་དྲག་བཞེད། །དེ་ལ་ཅིང་ཅེས་ཅིག་འཐོབ་ཀྱང༌།། ཕྱི་མ(རྔོག་ལོ་དཔང་ལོ་ལ་སོགས་པ)རྣམས་ཀྱིས་ད་དྲག་དོར། །ཞེས་དང་། ཞཱ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་བོའི(1441-1527)<<བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག>>ལས། ན་ར་ལ་གསུམ་རྗེས་སུ་ནི། །སྒྲ་བསྒྱུར་སྔ་མས་ད་དྲག་བཞེད། །ཕྱི་མ་རྣམས་ཀྱིས་ད་དྲག་དོར། །ཞེས་གསུངས་པ་ལྟར་སྐད་བཅད་(གསུམ)པའི་སྐབས་ད་དྲག་དང་། གུག་ཀྱེད་བརྩེགས་འདོགས་ཅན་ལ་འ་མཐའ། མ་ཡིག་ཁག་ཅིག་གི་ཡ་བཏགས་དོར་ཏེ་ཡིག་ཟོར་ཡོངས་པར་བྱས་འདུག་གོ།

    འོན་ཏེ་དེའི་སྔོན་གྱི་ཏུང་ཧོང་ཡིག་རྙིང་དུ། གསོལ་ཏོ། །རྙིལ་ཏོ། །སྩལ་ཏོ། །ཐར་ཏོ། །ཟེར་ཏོ། །སྟོན་ཅིག ཉན་ཅིག སྐོལ་ཀྱི། བོན་ཏོ། །འོན་ཀྱི། བླན་ཏོ། །ཀུན་ཀྱང་། ཕན་ཏེ། མོལ་ཏེ། ཞེས་དང་། ཡང་གསུམ་པའི་འ་ཡིག་མ་བསྡུས་པ། རྗེ་འིས་ནི་བཀའ་སྩལ་པ། ཞེས་དང་། པྱ་མདའི་ནི་ཁང་སྐྱ་དང་། །ཕྱིང་བ་འི་ནི་སྟག་རྩེ་གཉིས། །ཞེས་དང་།འ་ཡིག་བསྡུས་པ། མྱེས་ཚིག བཙན་པོས་སྤུང་སད་གསོལ་བ། ཞེས་དང་། རྒྱ་ལ་ཟིགས་སོགས་པས་རྒྱའི་མཁར་ཀིང་ཤི་ཕམ་སྟེ། ཞེས་སོགས་སྐད་གསར་བཅད་ཀྱི་རང་བཞིན་ལྡན་པའི་ཡི་གེ་མི་ཉུང་བ་ཞིག་ཀྱང་ཡོད་སྣང་ངོ་། །

              བཞི་པ། ད་དྲག་གི་འཇུག་ཡུལ་ངོས་བཟུང་བ།

     སྤྱིར་སློབ་དཔོན་བསོད་ནམས་རྩེ་མོའི(1142-1182)<<ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ།>>ལས།  ན་ར་ལ་གསུམ་པོ་ལ་ཡང། །ད་དྲག་དེ་བཞིན་གསུམ་པར་འཇུག །དེ་ལ་སུམ་སྟོང་བརྒྱ་ཉི་ཤུ། །ཞེས་གསུངས་པ་ལྟར་ད་དྲག་འཇུག་ཡུལ་ལ3120ཡོད་ཅིང་། དེ་དག་ནི་ན་ར་ལ་གསུམ་གྱི་རྗེས་སུ་འཇུག་པ་ཀུན་གྱི་དབང་དུ་བྱས་སོ། །འོ་ན་འདི་དག་ཐམས་ཅད་ཀྱི་རྗེས་སུ་ད་དྲག་ཐོབ་བམ་ཞེ་ན་མ་ཡིན་ཏེ། དེའི་ནང་གསེས་ལ་བྱ་ཚིག་གི་དབང་དུ་བྱས་པ་ཞིག་དང་། སྲོལ་རྒྱུན་གྱི་དབང་དུ་བྱས་པ་གཉིས་ལས་སོ། ། དང་བོ་བྱ་ཚིག་གི་དབང་དུ་བྱས་ན། འདས་པ(བྱ་ཚིག་ཕྱོགས་སྒྲིག་ཁག་ལས་བསྡུས་པ་གྲངས345དང་། )དང་སྐུལ་ཚིག(ཀྱང་ཕལ་ཆེར་འདས་པ་དང་མཚུངས)གཉིས་ལ་འཇུག་ཅིང་། དེ་ཡང་འདས་པ་ལ་འཇུག་པ་ནི།

     ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས(1441 -1527)མཛད་པའི། <<སློབ་དཔོན་ཨ་ནུས་མཛད་པའི་བོད་ཀྱི་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་བའི་རྣམ་འགྲེལ།>>ལས། འདིར་ད་དྲག་གི་དབང་གིས་ཐོབ་པ། དེ་ཕྱིན་ཏོ། །གྱུར་ཏོ། །བཀའ་སྩལ་ཏོ། །ཞེས་པ་ལྟ་བུ་རྣམས་ཀྱང་འདས་ཚིག་ཡིན་པས་ད་དྲག་ཐོབ་ལ། ཞེས་འདས་ཚིག་གིས་རྒྱུ་མཚན་ལ་བརྟེན་ནས་ད་དྲག་འཇུག་པར་གསུངས་ཤིང་།དགོས་པ་ཡང་། དཔེར་ན། པར་བསྐྲུན་ལྟ་བུ་ལ་མཚོན་ན། བསྐྲུན་ཡིག་འདས་མ་གཉིས་ད་དྲག་ཀྱིས་འབྱེད་པ་ལས་རང་གི་ངོ་བོས་འབྱེད་མི་ནུས་པས་སོ། ། འོ་ན་སྐུལ་ཚིག་ལ་འཇུག་པར་མ་ཡིན་ནམ་ཞེ་ན། སྔོན་བྱོན་མཁས་པའི་གསུང་དུ་དཔེར་བརྗོད་ཙམ་ཡོད་པ་ལས་འཇུག་ཚུལ་སྟོན་པར་མ་མཐོང་ཡང་ཕྱི་ལོ(1700-1777)ཕེབས་པའི་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བའི<<མུ་ཏིག་ཕྲེང་མཛེས>>ལས། རྗེས་འཇུག་རྣམས་སྐུལ་ཚིག་ལ་འཇུག་པའི་ཚུལ་ནི། གཞུང་འདིའི་དངོས་ཤུགས་གཉིས་ཀར་མ་བསྟན་པས་བཤད་བྱར་མ་གྱུར་མོད། འོན་ཀྱང་དེའི་རྣམ་གཞག་ཞར་ལས་རྟོགས་པར་བྱ་བའི་ཆེད་དུ་དཔེར་བརྗོད་ན།  ཞེས་དང་།  སྟོནད་ཅིག  སྟེནད་ཅིག  རྩོལད་ཅིག  སྐུརད་ཅིག  སྤོརད་ཅིག  སྡོད་ཅིག (ཁག་ཅིག་ལས་དྲངས་མེད)ཅེས་གསུངས་པ་ལས་དེའི་གོང་དུ་ད་དྲག་སྐུལ་ཚིག་ལ་འཇུག་པར་བསྟན་པའི་བསྟན་བཅོས་མ་མཐོང་ངོ་། ། འོ་ན།  སྐུལ་ཚིག་ལ་འཇུག་ན་གང་དུ་བཤད་པའི་རྒྱུ་མཚན་དང་དགོས་པ་ཚང་བར་ཐལ་ལོ་ཞེ་ན། དེ་ལྟར་མ་ཚང་ཡང་ད་སྐུལ་གཉིས་ཀྱང་ད་དྲག་གིས་ཁྱད་འབྱེད་པ་ཙམ་ལ་བསམ་ནས་ཕྱིས་ཀྱི་མཁས་པ་ཚོས་སྐུལ་ཚིག་ལ་ད་དྲག་ཐོབ་པར་བཤད་སྙམ། དེ་མིན་ཁུངས་འཕེལ་གྱི་རིགས་འཕྲུལ་ཅི་ཞིག་མེད་པ་ནི་གནའ་ནས་ད་བར་བརྒྱུད་པའི་བརྡ་སྤྲོད་པའི་གཞུང་དག་གིས་དཔང་བོར་གནང་ཡོད།  མདོར་ན་བྱ་ཚིག་གི་དབང་དུ་བྱས་ན།  ད་དྲག་ཐོབ་ཡུལ་ལ་འདས་སྐུལ་གང་རུང་གིས་ཁྱབ་ཅེས་པ་ནི་སྔོན་མེད་ལེགས་བཤད་གསར་བ་ཞིག་ཏུ་འགྱུར་མིན་ཇི་ལྟར་ཡང་། རིགས་པས་དཔྱད་པས་ཉིང་ཁུ་ཞིག་ཡིན་པས་དགག་བཞག་གི་སྤྲོས་པ་གང་མང་ཡོང་བར་རེ་བཞིན་སྨོས་སོ། ། གནད་འདིར་མཁས་པ་སྔ་མ་ཚོས་འཛིན་ཀྱང་། ཀུན་ཏུ། འོན་ཀྱང་།  གསོལ་ཏོ། དོན་ཏོ། སོགས་ལ་ཀློག་བཟང་བ་ཞིག་གིས་ཀློག་དུས་སྒྲ་གདངས་དྲག་པོ་སླེབས་པས་ཟེར། འདི་དག་ནི་ཁུངས་འཕེལ་གྱི་རྒྱུ་མཚན་མ་རྙེད་དུས་ཟེར་རྒྱུའི་རྡུགས་ནས་ཡིན་པ་ལས་མཁས་པའི་ལེགས་བཤད་ཅིག་ནི་ཇི་ལྟར་ཡིན་ཏེ་རྩ་བ་ནས་མི་སྲིད་དོ། ། སྐབས་འདིར་གལ་གནད་ཆེ་བ་ཞིག་ལ།  ཁ་ཅིག་གིས། ད་ལྟ་བའི་འཛིནད། གནོནད། གཏོརད། འཐོརད། སྐུརད།  ལེནད། རྟེནད། སྟོནད། སེལད། སོགས་ཆོས་ཅན་དུ་འཛུགས་ངེས་ཀྱང་། དེ་ནི་བྱེད་པ་པོ་ལ་ཡོད་པའི་བྱ་བ་དང་། བྱ་ཡུལ་ལ་ཡོད་པའི་བྱ་བ་གཉིས་ལ་དུས་གསུམ་གྱི་དབྱེར་བ་མ་ཤེས་པས་ལན་སྣང་། དཔེར་ན། རྩ་བ་ལས། བསླབ་པ་ཀུན་གྱི་གཞི་འཛིནད་ཅིང་། །ཞེས་པའི་འཛིན་ད་ལྟ་བའི་ཡི་གེ་ཡིན་ཡང་བསྟན་བྱ་འདས་པ་བསྟན་པས་འདས་ཚིག་ཏུ་འགྱུར་ཚུལ་ཤེས་ན་དཀའ་བའི་གནད་དེ་ལས་འབད་མེད་དུ་གྲོལ་ནུས་སོ། །

      

གཉིས་པ། སྲོལ་རྒྱུན་གྱི་ད་དྲག

        སྲོལ་རྒྱུན་གྱི་ད་དྲག་ཅེས་པ་ནི་བྱ་ཚིག་ལས་གཞན་པའི་ད་དྲག་ཐོབ་པ། དཔེར་ན། རྣམ་ཐརད། རབ་འབྱོརད། ཀུནད། ཕ་རོལད། འོནད། བོནད་ལྟ་བུའོ། །

       འདི་དག་ལ་ཕྱིས་ཀྱི་མཁས་པ་ཁ་ཅིག་གིས་ངོ་བོ་ཉིད་ཀྱི་ད་དྲག་ཅེས་བརྗོད་འདུག་ཀྱང་མིང་དོན་མི་མཚུངས་པས་ཁོ་བོས་སྲོལ་རྒྱུན་གྱི་ད་དྲག་ཅེས་བཏགས་ཡོད། འདི་དག་ལ་སྲོལ་རྒྱུན་གྱི་ད་དྲག་ཅེས་བརྗོད་དགོས་པའི་རྒྱུ་མཚན་གང་ཞེ་ན། སྲོལ་རྙིང་མཁྲེགས་འཛིན་ནམ། མ་དག་རྒྱུན་འབྱམས་ཙམ་ལས་དོན་མཐུན་གྱི་རྒྱུ་མཚན་དང་དགོས་པ་ཅི་ཞིག་བཤད་རྒྱུ་མེད་པས་སོ། །དཔེར་ན། མིང་གཞི་མོ་ཡིག་འ་ལ་རྗེས་འཇུག་མོ་ཡིག་ན་ཐོབ་པའི་རྗེས་སུ་ཡང་འཇུག་ད་ཞུགས་དུས་སྒྲ་གདངས་དྲག་པ་ཡིན་ན། མིང་གཞི་མོ་འ་ཡིག་ལ་རྗེས་འཇུག་མོ་ན་ཡིག་ལ་ཡང་འཇུག་ད་ཞུགས་རྗེས་སྒྲ་གདངས་དྲག་པར་མི་འགྱུར་བའི་རྒྱུ་མཚན་ཅི་ཡོད། དེ་ལྟ་བཤད་པ་དེ་རྗེས་འཇུག་རྟགས་ཀྱི་འཇུག་པའི་རྣམ་གཞག་དང་རྩ་འགལ་འགྱུར་བས་རྣམ་པ་ཀུན་དུ་དོར་བར་བྱའོ། །

ལྔ་བ། ཚིག་ཕྲད་འདྲེན་སྟངས་སྐོར་ལ་དཔྱད་པ།

   ད་དྲག་གིས་ཚིག་ཕྲད་འདྲེན་སྟངས་སྐོར་ལ་བརྡ་སྤྲོད་པའི་རྩ་བ་རྟགས་ཀྱི་འཇུག་པ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །ཞེས་པ་ཙམ་ལས་གསལ་བོར་མ་བསྟན་ཀྱང་། ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི<<དག་ཡིག་ཉེར་མཁོ་བསྡུས་པ>>ལས། རྒྱན་སྡུད། འབྱེད་སྡུད། རྫོགས་ཚིག ཁྱད་པར་ཅིག་ཅིང་ཅེས་ཅེ་སོགས་ཀྱི་ཕྲད་འདྲེན་ཚུལ(འོན་ཀྱང་ན་ར་ལ་གསུམ་གྱི། །རྗེས་སུ་ཞིང་ཞེས་ཞིག་ཡིན་ནའང༌། །ད་དྲག་ངེས་པར་ཐོབ་པ་དེར། །ད་དྲག་སྦྱོར་རམ་མི་སྦྱོར་ཡང༌། །ཅིང་ཅེས་ཅིག་ཅེས་ཞེས་ཏེ་དཔེར། །)གསལ་བསྟན་གནང་ཡོད། དེ་བཞིན་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོས་བརྩམས་པའི <<སློབ་དཔོན་ཨ་ནུས་མཛད་པའི་བོད་ཀྱི་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་བའི་རྣམ་འགྲེལ>>དང་། <<བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ>>གཉིས་དང་། སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱིས་(1936)ལོར་བརྩམས་པའི<<བོད་ཀྱི་སྐད་ལས་གསར་རྙིང་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང༌།>>ལས། ཨི་ལྡན། ལ་དོན། ཚིག་ཕྲད་ཅིང་སོགས། ལྷག་བཅས། རྒྱན་སྡུད། འབྱེད་སྡུད། རྫོགས་ཚིག བདག་སྒྲའམ་པ་བ་ཡི་ཕྲད་འདྲེན་ཚུལ་ཧ་ཅང་གསལ་ལོ། །

  སྤྱིར་བཏང་བྱ་ཚིག་གི་ཕྲད་འདྲེན་སྟངས་དང་སྲོལ་རྒྱུན་གཉིས་ཀར་ད་དྲག་ཡོད་པས་ཁྱད་པར་མེད།  དཔེར་ན། སླར་བསྡུའི་ཏོ་དང་། ལ་དོན་གྱི་ཏུ། ཨི་ལྡན་གྱི་ཀྱི། རྒྱན་སྡུད་ཀྱི་ཀྱང་། ལྷག་བཅས་ཀྱི་ཏེ། འབྱེད་སྡུད་ཀྱི་ཏམ། དེ་བཞིན་ཕྲད་རང་དབང་ཅན་གྱི་སྐབས་སུ་བདག་སྒྲའི་པ། ཚིག་ཕྲད་སྐབས་ཅིང་སོགས་སྦྱར་ཏོ། །མདོར་ན་ཕྲད་ཀྱི་ནང་གསེས་ལ་ཕོ་མོའི་ཁྱད་པར་ཡོད་ན་ངེས་པར་དུ་ཕོ་ཡིག་འདྲེན་པ་ཡིན། དེ་ལྟར་ཡང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོས་བརྩམས་པའི<<སློབ་དཔོན་ཨ་ནུས་མཛད་པའི་བོད་ཀྱི་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་བའི་རྣམ་འགྲེལ>>ལས། ད་དྲག་དངོས་སུ་མ་སྦྱར་ནའང་། དེ་ཐོབ་པ་ཡིན་པས་ཕོ་ཡིག་སྦྱར་བ་ཉིད་དུ་བྱའོ།།ཞེས་གསུངས་སོ། །འདི་དག་ནི་སྤྱིར་བཤད་ཀྱི་དབང་དུ་བྱས་སོ། །བྱེ་བྲག་བདག་སྒྲའི་པ་བ་གཉིས་ལ་ཐག་བཅད་མི་ནུས་པ་དང་། ཡང་ཁ་ཅིག ལ་དོན་གྱི་ཏུ་ཐོབ་ཀྱང་ལྷག་བཅས་ཀྱི་གྱི་བྲིས་པ་དང་། ཚིག་ཕྲད་ཀྱི་སྐབས་སུ་ཅེས་ཐོབ་ཀྱང་སླར་བསྡུའི་སྐབས་སུ་རོ(མཚར)བྲིས་པ་དང་། སླར་བསྡུའི་སྐབས་སུ་ཏོ་ཐོབ་ལ་ཨི་ལྡན་གྱི(ཟེར)བྲིས་པའི་དཔེར་བརྗོད་མང་བ་སོགས་ནི་གཤམ་ལྟར་རོ། །

ད་དྲག་ཐོབ་པ།ད་དྲག་མི་ཐོབ་པ།ད་དྲག་ཐོབ་པ།ད་དྲག་མི་ཐོབ་པ།བྱོན་ཏོ།།བྱོན་ཡང་།མཚར་ཏོ།།མཚར་གྱི།བསྐུར་ཅིག།བསྐུར་ཞིགབརྒྱན་ཏོ།།བརྒྱན་གྱི།མཚར་ཅེས།མཚར་རོ།།འཚལ་ཅེས།འཚལ་ལོ།།ཟེར་ཏོ།།ཟེར་གྱི།བསྟན་ཏོ།།བསྟན་གྱི།འཛེར་ཏོ།།འཛེར་རམ།ཡིན་ཀྱང་།ཡིན་ཡང་།འདི་དག་ནི་མཁས་པ་སོ་སོས་ཕྱག་སྲོལ་གཙིགས་སུ་འཛིན་དྲགས་པའི་སྐྱོན་ལས་དགག་དགོས་མངའ་བའི་དོན་སྙིང་ཅི་ཡང་མེད་པ་ནི་གསེར་ཏོག་ཚང་གིས་གསལ་བཤད་གནང་ཡོད་དོ། །

       སྔོན་བྱོན་མཁས་རྒུའི་ལྗགས་རྩེར་མ་བླང་ཞིང་།།

དེང་རབས་མཁས་པའི་རྩལ་གྱིས་མ་རྙེད་པའི། །

སྔོན་མེད་དཔྱད་རྩོམ་ལེགས་བཤད་གསར་བ་འདིར། །

མཁས་བླུན་ཚོགས་ཀྱིས་ཟུར་མིག་གཡོ་གྱུར་ཅིག།

ད་དྲག་ཐོབ་པ།ད་དྲག་མི་ཐོབ་པ།ད་དྲག་ཐོབ་པ།ད་དྲག་མི་ཐོབ་པ།བྱོན་ཏོ།།བྱོན་ཡང་།མཚར་ཏོ།།མཚར་གྱི།བསྐུར་ཅིག།བསྐུར་ཞིགབརྒྱན་ཏོ།།བརྒྱན་གྱི།མཚར་ཅེས།མཚར་རོ།།འཚལ་ཅེས།འཚལ་ལོ།།ཟེར་ཏོ།།ཟེར་གྱི།བསྟན་ཏོ།།བསྟན་གྱི།འཛེར་ཏོ།།འཛེར་རམ།ཡིན་ཀྱང་།ཡིན་ཡང་།འདི་དག་ནི་མཁས་པ་སོ་སོས་ཕྱག་སྲོལ་གཙིགས་སུ་འཛིན་དྲགས་པའི་སྐྱོན་ལས་དགག་དགོས་མངའ་བའི་དོན་སྙིང་ཅི་ཡང་མེད་པ་ནི་གསེར་ཏོག་ཚང་གིས་གསལ་བཤད་གནང་ཡོད་དོ། །

སྔོན་བྱོན་མཁས་རྒུའི་ལྗགས་རྩེར་མ་བླང་ཞིང་།།

དེང་རབས་མཁས་པའི་རྩལ་གྱིས་མ་རྙེད་པའི། །

     སྔོན་མེད་དཔྱད་རྩོམ་ལེགས་བཤད་གསར་བ་འདིར། །

མཁས་བླུན་ཚོགས་ཀྱིས་ཟུར་མིག་གཡོ་གྱུར་ཅིག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1