ལྷོ་ནུབ་སྣུམ་ཞིང་རླངས་ཞིང་གི་ལོའི་ཐོན་འབོར་ཏུན་ཁྲི་3000ལས་བརྒལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-04


        འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྡོ་སྣུམ་ལྷོ་ནུབ་སྣུམ་ཞིང་རླངས་ཞིང་ཀུང་སི་ནས་གཏམ་བཟང་བསྒྲགས་པ་ལྟར་ན། ཀུང་སིས་འདི་ལོ་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་376དང་མ་བཅོས་རྡོ་སྣུམ་ཏུན་ཁྲི་6.8ཐོན་སྐྱེད་བྱས་ནས་སྣུམ་རླངས་ཐོན་འབོར་ཏུན་ཁྲི་3000ལས་བརྒལ་བ་དང་རྒྱལ་ཡོངས་ཀྱི་2022ལོའི་རང་བྱུང་སོལ་རླངས་ཐོན་འབོར་གྱི་17%ཙམ་བཟུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།

        ལྷོ་ནུབ་སྣུམ་ཞིང་རླངས་ཞིང་ཀུང་སིའི་ལག་བསྟར་ལས་འཛིན་པ་ཏང་ཨུད་ཀྱི་ཧྲུའུ་ཅི་ཅང་ཕུང་ཧྥེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། 1958ལོ་ནས་བཟུང་སོལ་རླངས་ཐོན་སྐྱེད་བྱས་པ་ནས་2006ལོར་སླེབས་སྐབས་ཐོན་འབོར་ཏུན་ཁྲི་1000ལས་ཐོག་མར་བརྒལ་བ་དང་། ལྷོ་ནུབ་ཀྱི་སྣུམ་ཞིང་རླངས་ཞིང་ལོ་48སྤྱད་ཡོད། 2019ལོར་སྣུམ་རླངས་ཏུན་ཁྲི་2000ལས་བརྒལ་ནས་ལོ་13སྤྱད་པ་དང་། དེ་རྗེས་ལོ་གསུམ་སྤྱད་ནས་སྣུམ་རླངས་ཏུན་ཁྲི་3000ལས་བརྒལ་ཡོད།

        “ཐོན་སྐྱེད་ཀྱི་མྱུར་ཚད་ཟམ་མི་ཆད་པར་མགྱོགས་སུ་སོང་བ་དང་། ཐོན་འབོར་ཟམ་མི་ཆད་པར་ཚད་བརྒལ་བྱུང་བའི་རྒྱབ་ཕྱོགས་ཀྱི་འདེགས་སྐྱོར་ནི་རྒྱུན་གཏན་གྱི་སོལ་རླངས་དང་། རྡོ་གཡམ་སོལ་རླངས། ཚགས་དམ་སོལ་རླངས་གསུམ་གྱིས་ནུས་ཤུགས་མཉམ་དུ་བཏོན་ཡོད”ཅེས་ཅང་ཕུང་ཧྥེ་ཡིས་བཤད་ཅིང་། ཁོང་གིས་སྣུམ་རླངས་ཏུན་ཁྲི་3000གི་གྲུབ་ཆར་དབྱེ་ཞིབ་བྱས་ན་རྒྱུན་གཏན་གྱི་སོལ་རླངས་ཀྱི་བསྡུར་ཚད་61.7%དང་། རྡོ་གཡམ་སོལ་རླངས་ཀྱི་བསྡུར་ཚད་31.7% ཚགས་དམ་སོལ་རླངས་ཀྱི་བསྡུར་ཚད་6.6%བཅས་སོ་སོར་བཟུང་ཡོད། ཏུན་ཁྲི་2000ཟིན་པའི་སྐབས་ཀྱི་གྲུབ་ཆ་དང་བསྡུར་ན། རྒྱུན་གཏན་གྱི་སོལ་རླངས་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བ་དང་། རྒྱུན་གཏན་མིན་པའི་སོལ་རླངས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་རྡོ་གཡམ་སོལ་རླངས་ཀྱིས་འཕར་ཚད་ཆེ་ཤོས་ཀྱི་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་རེད།

        འདི་ལོ་སི་ཁྲོན་དུ་དྲོད་ཚད་ཆེ་རུ་སོང་བ་དང་། གློག་འདོན་ཚད་བཀག རིམས་ནད་ཕོག་པ། ས་ཡོམ་བརྒྱབ་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཀྱི་རྡབ་རྡེག་བསྟུད་མར་ཕོག་པ་མ་ཟད། ལྷོ་ནུབ་སྣུམ་ཞིང་རླངས་ཞིང་ཀུང་སིས་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་གྱིས་རྩད་ཞིབ་གསར་སྤེལ་གྱི་མྱུར་ཚད་ལ་བརྟེན་ནས་རླངས་ཁྲོན་300ཡན་ཏལ་འབིགས་ཐུབ་པ་དང་། རླངས་ཁྲོན་300ཡན་གཉེར་སྐྱོང་བྱས་ཏེ་གསར་སྐྲུན་གྱི་ཐོན་ནུས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་100ཡན་ཟིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1