ཏང་གི་ཚོགས་ཆེན་ཉི་ཤུ་པར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2023ལོའི་ཟླ་1ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད《ཏང་གི་ཚོགས་ཆེན་ཉི་ཤུ་པར་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
གསུང་བཤད་ནང་ནན་བཤད་གནང་དོན། ད་ཐེངས་ཀྱི་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐོག་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་གྱི་ལས་འགན་ལེགས་སྒྲུབ་བྱུང་ཡོད། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
གསུང་བཤད་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། སྟོབས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཡོད།
གསུང་བཤད་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། གཅིག་ནས། རང་རྒྱལ་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གསུམ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་རང་རྒྱལ་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས། བཞི་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཤུགས་སྣོན་རྒྱག་དགོས། ལྔ་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དྲུག་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
གསུང་བཤད་ནང་བསྟན་དོན། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ཡོད། དེ་ནི་གཟི་བརྗིད་ཧ་ཅང་ཆེན་པོ་ཞིག་ཡིན་ལ། འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན་པས། གཅིག་ནས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་དགོས། དུས་དང་རྣམ་པ་ཀུན་ཏུ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་ཆེན་སེམས་ལ་བཞག་སྟེ། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་ཞིག་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུ་དེ་ཆེས་རྩ་བར་གྱུར་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཏུ་བརྩི་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ། ཡུལ་བབ་དང་བསྟུན་པ་དང་དུས་བབ་དང་བསྟུན་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ངོ་མ་ཐོན་པར་བྱེད་དགོས། གཉིས་ནས་ཕྱོགས་ཡོངས་ནས་འཇོན་ཐང་ཆེ་རུ་གཏོང་དགོས། བསམ་བློའི་ཞུན་བརྡར་དང་། རིགས་པའི་གཞུང་ལུགས་ཀྱི་སྦྱོང་བརྡར། ཆབ་སྲིད་ཀྱི་མྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་ནས། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་དང་། ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆེན་པོ་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་སྔོན་འགོག་དང་སེལ་བའི་འདུ་ཤེས་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། གསུམ་ནས་འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་དགོས། འཐབ་རྩོད་ཀྱི་ལ་རྒྱ་དང་གདེང་སྤོབས་ཆེ་རུ་བཏང་ནས། མཐའ་གཅིག་ཏུ་འཐབ་རྩོད་བྱེད་རིང་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་བྱེད་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ། བཀོད་འདོམས་པ་ཡག་པོ་ཞིག་དང་འཐབ་འཛིང་པ་ཡག་པོ་ཞིག་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས། བཞི་ནས་སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་རང་ལུས་རང་གཅེས་དང་། གཞུང་དྲང་ཚུལ་མཐུན། མཐའ་ཚད་བརྟན་སྲུང་བཅས་བྱས་ཏེ་ཏང་ཡོངས་ལ་མིག་དཔེ་སྟོན་དགོས། ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ། ཚན་ཁག་ལ་དམ་འཛིན་དང་། དཔུང་ཁག་ལ་སྣེ་ཁྲིད། དར་སྲོལ་ལེགས་གཏོང་བཅས་ཀྱི་འགོ་ཁྲིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པ། ནང་མི་གཉེན་ཉེར་དོ་དམ་ཡག་པོ་འཁུར་བ། ཉེ་འགྲམ་གྱི་མི་དང་བྱ་བར་དོ་དམ་ཡག་པོ་བྱེད་པ། ཁྱིམ་སྲོལ་བཟང་པོ་བཏོད་པ་བཅས་བྱེད་དགོས།
གསུང་བཤད་ནང་ནན་བཤད་གནང་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ནས་མིག་སྔའི་ལས་དོན་ཁག་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ཏེ། མི་སེམས་བརྟན་པོ་དང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།