ཞི་ཅིན་ཕིང་གིས་དཔལ་འབྱོར་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-05


ཞི་ཅིན་ཕིང་གིས་དཔལ་འབྱོར་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ།

དཔལ་འབྱོར་འཕྲིན་སྤེལ་གྱི་འདུ་ཤེས་དང་བྱེད་སྟངས་གསར་གཏོད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་པའི་ནན་བཤད་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2023ལོའི་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། དཔལ་འབྱོར་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚགས་པར་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུས་པ་རེད།

        ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ངོ་40ཡི་རིང་དཔལ་འབྱོར་ཉིན་རེའི་ཚགས་པར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། དཔལ་འབྱོར་སྲིད་ཇུས་གསལ་འགྲེལ། དཔལ་འབྱོར་གྱི་གྲུབ་འབྲས་འཕྲིན་སྤེལ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་འཁོད་ཡོད་པ་རེད།

        ཞི་ཅིན་ཕིང་གིས། དཔལ་འབྱོར་ཉིན་རེའི་ཚགས་པར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། དཔལ་འབྱོར་འཕྲིན་སྤེལ་གྱི་འདུ་ཤེས་དང་བྱེད་སྟངས་གསར་གཏོད། ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་མ་ལག་མགྱོགས་མྱུར་གཏོད་པ་བཅས་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཚེས་1ཉིན་གྱི་ཕྱི་དྲོར། དཔལ་འབྱོར་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། འགན་འཁྲི་དང་ལས་འགན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་གཏིང་ཟབ་དང་ཏན་ཏིག་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱེད་པ། དཔལ་འབྱོར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། འཕྲིན་སྤེལ་གྱི་སྤུས་ཚད་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་གཞི་རྩར་འཛིན་པ་དང་། སྔོན་ཐོན་ལག་རྩལ་འདེགས་སྐྱོར་དུ་བྱེད་པ། གསར་གཏོད་དོ་དམ་འགན་སྲུང་དུ་བྱེད་པ་བཅས་ཀྱི་ཀུན་འདུས་སྨྱན་སྦྱོར་བརྒྱུད་བསྒྲགས་ཀྱི་མ་ལག་བཙུགས་ནས་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱས་ཏེ་གསར་འབྱེད་ཡར་བརྩོན་དང་གཞུང་འཁྱོངས་གསར་འབྱེད་ཀྱིས་དཔལ་འབྱོར་ཉིན་རེའི་ཚགས་པར་སྔར་ལས་ལེགས་པར་གཉེར་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་འགན་འཁུར་བ་དང་། བློ་མཐུན་རྒན་གྲས། ལས་བཟོའི་འཐུས་མི་བཅས་ཀྱིས་གཏམ་བཤད་སྤེལ་བ་རེད།

        དཔལ་འབྱོར་ཉིན་རེའི་ཚགས་པར་ནི་1983ལོའི་ཟླ་1ཚེས་1ཉིན་གསར་དུ་བཏོན་ཞིང་། མིག་སྔར་ཁོངས་གཏོགས་སུ་ཚགས་པར་དང་དུས་དེབ་ཁང་དང་དྲ་ཚུགས་16ཡོད་པ་དེ་དག་ལྟ་མཁན་ཚོས་རྒྱལ་སྤྱི་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་དཔལ་འབྱོར་གྱི་ཆ་འཕྲིན་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1