གངས་ལྗོངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 01-06



—— བོད་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

        སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་ཤང་ཀྲང་གཞོན་པ་འགྱུར་མེད་ཆོས་བཟང་གིས“ལོ་ལྔ་ཡི་ནང་ངའི་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང་། ‘འབྱོར་འབྲིང་ཁང་པ’སྟར་པ་རེ་རེ་བྱས་ནས་བརྒྱབ་ཡོད་ལ‘བདེ་སྐྱིད་ལམ་བུའང’གང་སར་བསྐྲུན་ཡོད། 2021ལོར་ཤང་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19796ཟིན་ཡོད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།

        ཆ་སྙོམས་ས་བབ་མཐོ་ཚད་སྨི་5373ཟིན་པའི་ཕུ་མ་བྱང་ཐང་ནི་བོད་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།

        གསོན་ཤུགས་འཕེལ་བར་བྱས་ནས། ཞན་ཆ་སེལ་བ་དང་ཆད་སྐྱོན་སེལ་ནས་རྨང་གཞི་བརྟན་གཏོང་དང་དྲང་ནུས་བསྣན་པ།

        མེ་ཏོག་རྫོང་གྲོང་ནས་ལྷོ་ཕྱོགས་སུ་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གཅིག་ཙམ་བསྐྱོད་རྗེས་འབྲས་སྤུངས་ཤང་དུ་འབྱོར་གྱི་ཡོད།

        འབྲས་སྤུངས་ཤང་ཞི་རང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སངས་རྒྱས་དོན་གྲུབ་ཀྱིས“དམིགས་བསལ་གྱི་འགྲིམ་འགྲུལ་ཆ་རྐྱེན་གྱི་དབང་གིས་འབྲས་སྤུངས་ཤང་ལ་དེ་སྔ་དུས་ཡུན་རིང་པོ་ཞིག་ནང་འཚོ་བའི་མཁོ་ཆས་དང་འཛུགས་སྐྲུན་རྒྱུ་ཆ་མི་དང་ཁལ་ཕྱུགས་ཀྱི་སྒལ་པར་བརྟེན་ནས་དབོར་དགོས་ཀྱི་ཡོད། གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་བ་དང་ཆབས་ཅིག་གྲོང་ཚོའི་ཕྱོགས་བཞི་མཚམས་བརྒྱད་དུ་ཐོན་སྐྱེད་དང་འཚོ་བའི་ལམ་བུ་སྣུར་སྲིང་བྱས་པས་མི་སེར་གྱི་སྡོད་ཁང་ཡང་ཁྱིམ་ཚང་མགྲོན་ཁང་བཟོས་ཏེ་བོགས་མར་གཏོང་འགོ་ཚུགས་ཡོད”ཅེས་དྲན་གསོ་བྱེད་བཞིན་བཤད།

        ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་དཔལ་འབྱོར་གྱི་རྩིས་བརྒྱབ་ཡོད་ལ་དམངས་འཚོའི་རྩིས་དང་དམངས་སེམས་ཀྱི་རྩིས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་བོད་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དཀའ་གནད་ཁག་གཅིག་ནུས་ལྡན་ངང་བསལ་ཡོད་པ་རེད།

        ལྷ་ནག་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་99.96%སོ་སོར་ཟིན་པ། གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12ཟིན་པ། མཁའ་ལམ་19མང་དུ་ཕྱིན་པ། གོང་དཀར་གནམ་ཐང་གི་T3གནམ་ཐང་བབས་ཚུགས་སྤྱོད་འགོ་ཚུགས་པ། 2021ལོར་5Gསྦྲེལ་ཚུགས་3083གསར་དུ་བསྐྲུན་པ། འོད་སྐུད་སྤྱི་ལེ་ཁྲི་28ཙམ་ཟིན་པ། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་ནུས་པ་རྒྱ་སྐྱེད་དང་སྒྱུར་བཀོད་ལེགས་སྒྲུབ་ཟིན་པ། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པ། ལྷ་ཉིང་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པ། “བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་ཐེངས་དང་པོ་བསྐྱོད་པ་སོགས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་། གློག་དྲ་དང་། ཆུ་དྲ། དྲ་སྦྲེལ་བཅས་གྲོང་ཚོ་དང་དུད་ཚང་ཚང་མར་ཁྱབ་ནས་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། ད་དུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

        མིག་སྔར་བོད་ལྗོངས་ཀྱི་སྤུས་ལེགས་ཚགས་ཤ་དང་ལུག་ཤ་སོས་པ་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ། ཉིང་ཁྲིའི་བེ་ཤ་སོགས་ས་མཐོའི་ཐོན་རྫས་ཟམ་མི་ཆད་པར་རྒྱལ་ཡོངས་སུ་ཁྱབ་ནས་དེ་བས་ཆེ་བའི་ཁྲོམ་རར་འདོན་བཞིན་ཡོད། “ཉིང་ཁྲིའི་འབྱུང་ཁུངས”ལ་ཆ་མཚོན་ན། ལས་སྟེགས་དེས་ལྗོངས་ཡོངས་ཀྱི་སྤུས་རྟགས་58དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཁྱོན་ཐོན་རྫས་རིགས་223ཡོད་པ་དང་2021ལོར་ཀོང་ཏུང་དུ་བྲིན་ཚོང་བྱེད་ཚད་སྒོར་ཁྲི་6000ཟིན་ནས་སྤུས་རྟགས་ཁག་གི་ལོ་ཧྲིལ་པོའི་བྲིན་ཚོང་དངུལ་འབོར་གྱི་བཅུ་ཆ་གསུམ་ཡན་བཟུང་ཡོད་པ་རེད།

        དེས་མ་ཚད་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག བོད་ཀྱིས་ཚོང་འགུགས་མ་འདྲེན་གྱི་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་ཁྲལ་བསྡུ་དང་། དངུལ་རྩ། ས་ཆ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཏོན་པས“འཛམ་གླིང་ཡང་རྩེར”ཚོང་ལས་གོ་སྐབས་འཚོལ་བ་དང་མ་འཇོག་ལས་གཏོད་བྱེད་མཁན་ཁེ་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། 2022ལོའི་ལོ་སྟོད་དུ། རང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་2853ཟིན་པ་དང་། དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་322ཟིན་པ། རྣམ་གྲངས་900ལག་བསྟར་བྱས་པ་བཅས་རེད།

        ཐོན་ལས་དར་རྒྱས་བཏང་ནས། རྨང་གཞི་བརྟན་དུ་དང་འཇོན་ཐང་ཆེར་གཏོང་དང་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་བ།

        “ལྷ་མོའི་གྲོང་ཚོ་དང་པོ”ཞེས་བརྗོད་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་སྐྱོད་སྐབས་བོད་བཟོའི་ཁང་པ་སྟར་པ་དང་སྟར་པ་བྱས་ནས་གྲལ་འགྲིག་པོར་ཡོད་པ་དང་། གྲོང་ཚོ་དང་ཞིང་ཐང་གང་སར་དྲན་རྟེན་པར་རྒྱག་མཁན་ཡུལ་སྐོར་བ་མང་པོ་མཐོང་རྒྱུ་ཡོད།

        བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ་གསོན་ཤུགས་གསར་པ་འཕེལ་བ་དེ་ནི་ས་གནས་དེ་གའི་སྲིད་གཞུང་དང་ཧུའུ་པེའི་བོད་སྐྱོར་གྱིས་ཐུན་མོང་ཐོག་ལག་བསྟར་བྱས་པའི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་གི་རྣམ་གྲངས་ལས་བྱུང་བ་ཞིག་རེད། ད་ཆ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་མང་ཚོགས་དུད་ཚང་64ཡིས་ཁྱིམ་ཚང་མགྲོན་ཁང་གཉེར་ནས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་2ལ་སྣེ་ལེན་ཞུ་གི་ཡོད།

        “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་ཚིག་ནན་པོ་སེམས་ལ་བརྟན་པོར་ངེས་ཡོད། དེས་ན། རང་ལྗོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ནས“བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་ཞབས་འདེགས་ཧུར་ཐག་ཞུས་པ་དང་གྲངས་གཞི་གསར་པ་དང་། སྐྱེ་ཁམས་ཞིང་འབྲོག ཁྱད་ལྡན་ཡུལ་སྐོར་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་དང་མི་སེར་གྱི་འབབ་འཕར་ཕྱུག་འགྱུར་གྱི“ནོར་གཞོང”ལྟ་བུར་གྱུར་ཡོད།

        མིག་སྔར། བོད་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་91%ལས་བརྒལ་བ་དང་། 2021ལོའི་ལོ་མཇུག་བར། བོད་ཀྱི་གློག་དྲས་རིམ་རྩིས་བྱས་ན་ཕྱིར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་90ལས་བརྒལ་བ་དང་།

        “ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་འཐབ་ཇུས་ཀྱི་རྒྱབ་ལྗོངས་ཆེན་པོའི་འོགཉེ་བའི་ལོ་ཤས་ནང་གྲངས་གཞི་ཆེན་པོའི་ཁེ་ལས་བརྒྱ་ལྷག་ཙམ་ས་མཐོར་གཞིས་ཆགས་ནས་བོད་ཀྱི་གྲངས་འཛིན་ལ་མགྱོགས་མྱུར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་རེད།

        གྲངས་གཞི་ལས་མངོན་པར། 2021ལོར་བོད་ཀྱིས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་4150ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་441ཟིན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁོ་ནར། ཞིང་འབྲོག་པ་མི་ཐེངས་ཁྲི་8.6གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ནང་ཞུགས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་7.5དབུལ་སྒྲོལ་བྱ་རྒྱུར་སྐུལ་ཁྲིད་བྱས་པས། ཡུལ་སྐོར་ལ་བརྟེན་ནས་དམངས་ཕྱུག་པོ་ཆགས་པའི་རིན་ཐང་དང་སྐྱེ་ཁམས་སྲུང་སྐྱོང་གི་རིན་ཐང་གཅིག་གྱུར་ནུས་ལྡན་བྱུང་ཡོད།

        བདེ་སྐྱིད་འཚོ་བ་བཏོད་ནས། དམངས་འཚོའི་ཆུ་ཚད་མཐོ་རུ་ཕྱིན་པ།

        2022ལོའི་ཟླ་དགུ་པར། འབྲས་བུ་བསྡུ་བའི་དུས་ཚིགས་སུ། ཞིང་ནང་དང་གཡུལ་ཐང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། ཚང་མས་གནམ་གཤིས་ཡག་དུས་དམ་འཛིན་བྱས་ཏེ། ནས་སོགས་ཞིང་ལས་སྐྱེ་དངོས་མྱུར་བསྡུ་བྱས། ཉིན་ཤས་གོང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་2022ལོའི་འབྲུ་རིགས་ཐོན་འབབ་ཀྱི་གྲངས་གཞིའི་སྐོར་གྱི་སྤྱི་བསྒྲགས་ལས་མངོན་པར། 2022ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་སླར་ཡང་མཐོ་ཤོས་སུ་སླེབས་ནས་ཏུན་ཁྲི་107.3ཟིན་པ་དེ་2021ལོ་ལས་ཏུན་ཁྲི་1.15འཕར་ཡོད།

        བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་བྱུང་བའི་དོན་སྙིང་མཐའ་འཁྱོངས་བྱེད་དགོས་པ་དང་། ཚང་མས་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ཤེས་པ། ཚང་མས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་ཤེས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་ཤེས་པ་བཅས་བྱེད་དགོས།

        འཕེལ་རྒྱས་ནི་མང་ཚོགས་ལ་འཚོ་བ་སྐྱིད་པོ་སྐྱེལ་དུ་འཇུག་རྒྱུ་དེ་རེད།

        གྲངས་གཞི་ལས་མངོན་པར། 2021ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2080ཟིན་ནས་དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་46503དང་སྒོར་16935བར་སོ་སོར་འཕར་ཡོད། རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”ཁྲོད་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པའི་ངོས་ནས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་ཐུབ་ཡོད།

        དཔལ་འབྱོར་དངོས་ཤུགས་འཕར་བས། མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་ཆེ་རུ་སོང་ཡོད།

        2021ལོར། བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99%ཟིན་པ་དང་། ཞིང་འབྲོག་པ་ཁྲི་69.3ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་58.1བྱུང་བ། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བར་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ལོན་པ། བོད་ཀྱི་ལག་རྩལ་སློབ་གླིང་བསྐྲུན་ནས་སློབ་འགོ་ཚུགས་པ། བདེ་ཐང་བོད་ལྗོངས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་པ། གཅིག་སྡུད་འབོར་ཚད་ཉོ་སྒྲུབ་བྱས་ནས་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་རིན་གོང་རྒྱུན་མཐུད་ངང་ཆག་པ་དང་། ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་འགྲོ་སོང་ཐད་ཀར་རྩིས་རྒྱག་ཐུབ་པ། ཁེ་ལས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་མི་རེར་ཟླ་རེར་ཆ་སྙོམས་སྒོར་5629ཟིན་པ། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ཁྲི་1.12བསྐྲུན་པ། རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་། རིག་རྩལ་དཔུང་ཁག་གྲོང་ཚོ་དང་གྲོང་ལྷན་དུ་ཁྱབ་པ། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་རྒྱུན་ཆད་མེད་པར་ཐོན་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དྲན་གསོའི་དངོས་པོ་ཕྱོགས་ཡོངས་ནས་སྤྲད་པ་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་ཁྱིམ་ཚང་ཁྲི་སྟོང་མང་པོས་ཐད་ཀར་ཚོར་ཐུབ་པ་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1