ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་མ་ཁོ་སི་དང་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-06


        ཟླ་1ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥི་ལི་ཕིན་གྱི་ཙུང་ཐུང་མ་ཁོ་སི་དང་གྲོས་མོལ་གནང་ཞིང་། གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་མ་ཁོ་སིར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མ་ཁོ་སི་དང་སྐུ་ཟླ་ལི་ཧྲ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

        ཟླ་1ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥི་ལི་ཕིན་གྱི་ཙུང་ཐུང་མ་ཁོ་སི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་མ་ཁོ་སིར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥི་ལི་ཕིན་གྱི་ཙུང་ཐུང་མ་ཁོ་སི་དང་གྲོས་མོལ་གནང་བ་རེད།

        ཞི་ཅིན་ཕིང་གིས་མ་ཁོ་སིས་ཧྥི་ལི་ཕིན་གྱི་ཙུང་ཐུང་གི་འགན་བཞེས་རྗེས་ཀྲུང་གོར་ཐེངས་དང་པོ་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས། ད་ཐེངས་ནི་ཁྱེད་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཕུད་པའི་རྒྱལ་ཁབ་གཞན་དག་ལ་དངོས་སུ་འཚམས་འདྲི་གནང་ཐེངས་དང་པོ་རེད་ལ། ཁྱེད་རང་ཡང་འདི་ལོར་ཀྲུང་གོ་ཕྱོགས་ཀྱིས་སྣེ་ལེན་ཞུས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་པོ་དེ་རེད། དེ་ཐོག་ནས་ཀྲུང་ཧྥི་དབར་གྱི་འབྲེལ་བ་ཟབ་མོ་གང་ལེགས་མཚོན་པ་མ་ཟད། ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་ཕྱི་འབྲེལ་ཆགས་སྟངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པའང་གསལ་བཤད་བྱེད་ཐུབ། ཀྲུང་ཧྥི་ནི་ཆུ་བོ་གཅིག་གིས་བཅད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་ལོ་ངོ་སྟོང་གི་སྤེལ་རེས་ལོ་རྒྱུས་ཁྲོད་ཕན་ཚུན་ལྷག་བསམ་ཟོལ་མེད་དང་ཕན་ཚུན་ལྟ་སྐྱོང་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྥིའི་འབྲེལ་བའི་གཙོ་རྒྱུན་རེད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཐུན་མོང་ལ་དབང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་རེད། ལོ་48གོང་ཁྱེད་ཀྱི་ཡབ་ཆེན་དང་ཀྲུང་གོའི་འགོ་ཁྲིད་པ་རྒན་རབས་ཚོས་དུས་བབ་གསལ་རྟོགས་དང་འཕེལ་ཕྱོགས་ཆེན་པོར་བསྟུན་ནས་ཐུན་མོང་ཐོག་ཀྲུང་ཧྥིའི་དབར་ཕྱི་འབྲེལ་འཛུགས་པའི་ལོ་རྒྱུས་རང་བཞིན་གྱི་ཐག་བཅད་གནང་བ་རེད། དེ་རྗེས་ཀྱི་དུས་རབས་ཕྱེད་ཀ་ཙམ་རིང་རྒྱལ་སྤྱིའི་དུས་འགྱུར་ཆེ་མོ་དང་ཧྥི་ལི་ཕིན་རྒྱལ་ནང་གི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་ཁྱེད་དང་ཁྱེད་ཀྱི་ཁྱིམ་རྒྱུད་ཀྱིས་ཐོག་མའི་དམིགས་འདུན་ལྟར་ཀྲུང་ཧྥིའི་མཛའ་གྲོགས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བཏང་བས་བརྩེ་སེམས་འདི་ནི་ཧ་ཅང་རྩ་ཆེ་བ་ཞིག་རེད། ད་ཐེངས་ཁྱེད་ཀྱིས་ཀྲུང་གོར་འཚམས་འདྲི་གནང་བ་དེ“སྔར་སོང་རྗེས་དྲན་གྱི་ཡུལ་སྐོར”ཞིག་ཡིན་པ་མ་ཟད། “གསར་གཏོད་ཀྱི་ཡུལ་སྐོར”ཞིག་དེ་བས་ཀྱང་ཡིན་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་རྒྱལ་བབ་མི་འདྲ་ལ་སྒྲིག་སྲོལ་ལའང་ཁྱད་པར་ཡོད་མོད། འོན་ཀྱང་འཕེལ་རྒྱས་དོན་གཉེར་བྱེད་པའི་ལམ་བུའི་དམིགས་ཚད་གཅིག་མཚུངས་དང་ཐབས་ལམ་གཅིག་མཐུན་ཡིན་པས་མཉམ་ལས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་སྡེ་ཚན་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་དབར་གྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། རང་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཉམ་འདྲེས་དང་སྐུལ་འདེད་གཏོང་རེས་བཅས་བྱས་ནས་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་དེ་བས་ལེགས་པའི་སྒོ་ནས་རམ་འདེགས་བྱེད་དགོས། ཕྱོགས་གཉིས་པོས་ཞིང་ལས་དང་། རྨང་གཞིའི་འཛུགས་སྐྲུན། ནུས་རྒྱུ། མི་ཆོས་རིག་གནས་བཅས་གཙོ་གནད་ཀྱི་མཉམ་ལས་ཁྱབ་ཁོངས་ཆེན་པོ་བཞི་གཏན་འཁེལ་བྱས་པ་དེ་ནི་ཀྲུང་ཧྥིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བར་འདེགས་སྐྱོར་བྱེད་པའི་གདུང་བཞི་ཀ་བརྒྱད་ལྟ་བུ་ཡིན་པས། སྟོབས་ཤུགས་ཆེན་པོ་བཏོན་ནས་འཕར་གཞི་སྐྱེད་སྲིང་དང་བཀྲག་མདངས་འཚེར་ས་གསར་པ་གཏོད་དགོས། ཀྲུང་གོས་གྲོང་གསེབ་དར་རྒྱས་དང་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་མགྱོགས་པོ་སྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། ཧྥི་ལི་ཕིན་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་རམ་འདེགས་ཐུབ་ནས་ཞིང་ལས་ལག་རྩལ་ལྟེ་གནས་ཀྱི་སྤུས་རྟགས་རྣམ་གྲངས་བཏོད་དེ་སོན་གསོ་དང་། ཐོན་སྐྱེད། ལས་སྣོན། གསོག་ཉར་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མཉམ་ལས་དང་ཤ་མོའི་སོན་རྩྭའི་མཉམ་ལས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་མཉམ་སྦྲེལ་མཉམ་མཐུད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གཙོ་གནད་རྣམ་གྲངས་ཀྱི“མཁྲེགས་ཆས”ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་མཉམ་ལས་དོན་འཁྱོལ་ཡག་པོ་བྱེད་པ་དང་། གློག་འཕྲིན་དང་། གྲངས་གཞི་ཆེ་མོ། དྲ་ཐོག་ཚོང་དོན་སོགས“མཉེན་ཆས”ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་མཉམ་ལས་རྒྱ་ཆེར་བཏང་ནས་ཧྥི་ལི་ཕིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་འདོད་ཡོད། ཀྲུང་ཧྥིས་སྲོལ་རྒྱུན་འགྱུར་རྡོའི་ནུས་རྒྱུ་དང་ནུས་རྒྱུ་གཙང་མའི་ཐད་མཉམ་ལས་བྱེད་པར་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་མཛའ་གྲོགས་གྲོས་མོལ་གྱི་བྱ་ཐབས་ཐོག་ནས་མཚོ་ཐོག་གི་གནད་དོན་ཐག་གཅོད་འཚམ་པོ་བྱས་ཏེ་སྣུམ་རླངས་གསར་སྤེལ་གྱི་གྲོས་མོལ་བསྐྱར་དུ་བྱས་ནས་རྩོད་གཞི་མེད་པའི་ས་ཁུལ་གྱི་སྣུམ་རླངས་གསར་སྤེལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འོད་ཤུགས་དང་། རླུང་ནུས། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ལྗང་མདོག་ནུས་རྒྱུའི་ཐད་མཉམ་ལས་བྱེད་འདོད་ཡོད། ཀྲུང་གོས་ཧྥི་ལི་ཕིན་གྱི་སྤུས་ལེགས་ཞིང་ཟོག་དང་ཉ་ལས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཀྲུང་གོའི་ཁེ་ལས་ཀྱིས་ཧྥི་ལི་ཕིན་དུ་མ་དངུལ་བཏང་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། ཀྲུང་ཧྥི་གཉིས་ཀ་ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་ང་ཚོའི་འཕེལ་རྒྱས་ནི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ཀྱི་མཐའ་འཁོར་ཁོར་ཡུག་དང་མཉམ་ལས་གཉིས་ཁེའི་ཨེ་ཤེ་ཡའི་ཁྱིམ་ཚང་ཆེན་པོ་དང་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་གཞན་དག་དང་མཉམ་ལས་དང་འཕེལ་རྒྱས་ལ་དམིགས་ཏེ་ཁུལ་ཁོངས་མཉམ་ལས་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་སྲུང་སྐྱོང་ཡག་པོ་བྱས་ནས“ཁྱིམ་གཞིས་ཆེན་པོ་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ས་ཁུལ་དེ་ཉིད་འཇམ་འཐབ་ཀྱི་ཤུགས་རྐྱེན་ལས་སྒྲོལ་བ། དཔུང་ཤོག་བསྒྲིགས་ནས་ཁ་གཏད་དུ་མི་ལངས་པ་བཅས་བྱས་ཏེ་འཕེལ་རྒྱས་དང་དར་རྒྱས་ཀྱི་མཐོ་ས་ཞིག་ཏུ་རྒྱུན་མཐུད་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

        གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”དང་། ཞིང་ལས་དང་ཉ་ལས། རྨང་གཞིའི་སྒྲིག་བཀོད། དངུལ་རྩ། འགག་སྒོ། དྲ་ཐོག་ཚོང་དོན། ཡུལ་སྐོར་སོགས་འབྲེལ་ཡོད་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1