ཡ་རྐྱང་རྒོད་འཕུར་ཤེས་ཁྱོད། ད་ལྟ་གླིང་ཡུལ་ལ་བརྡ་གཏོང་བར་འགྲོ་དགོས་གསུངས་ནས། ལྡོང་སྤྱི་དཔོན་དང་སྲས་དགྲ་ལྷ་གཉིས་གཙོ་བྱས་པའི་དཔའ་བརྟུལ་རྣམས་ལ། གོས་ཆེན་སེར་པོ་ཁ་གང་གི་ངོས་ལ་བཀའ་ཡིག་ཐེལ་དམར་གྱིས་མནན་པ་དེ་རྟ་སྐེ་ལ་བཏགས་ནས་གླིང་ལ་བང་ཆེན་དུ་འགྲོ་དགོས་པའི་གླུ་འདི་ལྡེམ་ཆེན་ལྡེམ་ཆུང་ལ་དྲངས་ནས་བླངས་སོ། །
གླུ་ཐ་ལ་ཐ་ལ་ཐ་ལ་རེད།
གླུ་ཨ་ལ་ལ་མོ་ཨ་ལ་རེད། །
སྟེང་དག་པ་དབྱིངས་ཀྱི་ལྷ་རྣམས་མཁྱེན། །
ཐུགས་མ་གཡེལ་བདུད་ཁམས་ཆམ་ལ་ཕོབ། །
དགུང་ནམ་མཁའི་ཁྲི་གདུགས་ཉི་མ་ཁོ། །
ནངས་སྔ་དྲོ་ཤར་རིའི་རྩེ་ནས་འཁྲུངས། །
དགོང་ཕྱི་དྲོ་ནུབ་རིའི་ཕག་ལ་བཞུད། །
འོད་ཟེར་གྱིས་འཛམ་གླིང་མུན་པ་སེལ། །
གཟའ་སྒྲ་གཅན་དུག་གི་གདོང་ལེན་ལ། །
དཔའ་ང་འགྲོ་ཁས་ལེན་མ་བྱས་མོད། །
དགུང་དུས་ཚོད་གཟའ་སྐར་འཕྲོད་ལུགས་རེད། །
མཚོ་སྔོ་ལྗང་དུང་དཀར་འཁྱིལ་ལེ་མ། །
ཁོ་སྐྱེ་ས་རྒྱ་མཚོའི་ནང་ལ་བྱས། །
ཁོ་གནས་ན་མདྲོས་མཚོ་ལ་འགྲིམ། །
མཚོ་ཆེན་པོ་བཞི་ཡི་མཐའ་བསྐོར་བྱས། །
དགྲ་ཆུ་སྲིན་གདུག་པའི་གདོང་ལེན་ལ། །
དཔའ་ང་འགྲོ་ཁས་ལེན་མ་བྱས་མོད། །
ཆུ་མཚོ་མོ་དེ་ཡི་ཆགས་ཚུལ་རེད། །
གླིང་འཛམ་གླིང་གེ་སར་རྒྱལ་པོ་ང་། །
ང་སྐྱེ་ས་གོང་མ་ལྷ་ནས་སྐྱེས། །
རྒྱུད་ལྡོང་རུས་སྨུག་པོ་གླིང་ལ་ཆད། །
ངའི་བསམ་བྱ་གླིང་དཀར་སྤྱི་དོན་རེད། །
དགྲ་ཧོར་བདུད་གདུག་པའི་གདོང་ལེན་ལ། །
དཔའ་ང་འགྲོ་ཁས་ལེན་མ་བྱས་མོད། །
སྟེང་གོང་མ་ལྷ་ནས་མངགས་ཚུལ་རེད། །
དགྲ་གུར་དཀར་སྐྱེས་པའི་བསྐོས་ཐང་ལ། །
ཤ་ཕུ་ནུའི་དུང་ཕྲེང་གཏོར་ནས་ཐལ། །
དེ་བསམས་ན་སྙིང་ཁམས་གཏིང་ནས་འཁྲུགས། །
སྐྱེ་སྔོན་མ་ལས་ཀྱི་བཀོད་ཐང་ལ། །
དགྲ་རེ་རེ་བཏུལ་ན་རེ་རེ་ལངས། །
ང་གེ་སར་སོས་དལ་སྡོད་དབང་མེད། །
རྟ་རྐྱང་རྒོད་སོས་དལ་ཟ་ཁོམ་མེད། །
ཁྱོད་མ་འདུག་ལ་མོ་འགྲོ་གྲབས་གྱིས། །
ཤར་གླིང་དཀར་དག་པའི་ཞིང་ལ་སོང་། །
མཐོ་སྤྱི་དཔོན་དགྲ་ལྷ་མན་ཆད་དང་། །
དམར་ར་རྫི་ཁམ་ལེན་ཡན་ཆད་ཀྱི། །
གླིང་དཔའ་བརྟུལ་སྙན་ལ་འདི་ལྟར་སྒྲོན། །
འུ་རྐྱང་རྒོད་མི་རྟ་གཉིས་པོ་འདི། །
དགྲ་ཧོར་ལ་ཡོང་བའི་ཚུན་ཆད་ནས། །
འདྲེ་རྗེ་ཤ་ལེ་རྐང་གཅིག་བཏུལ། །
ཉུལ་མ་སྟོང་འཁྱམ་འུར་རྡོས་བསད། །
ཐེལ་མོ་སྤུན་གསུམ་གྲོགས་ལ་བཀུག །
བྱ་ཐན་ཚང་བཅས་མེ་ལ་བསྲེགས། །
གྲུ་བ་སྡེ་ཚན་ཆུ་ལ་བསྐྱུར། །
དེ་ནས་ཧོར་ལ་ཐོན་ཙམ་ན། །
ང་བླ་མར་སྤྲུལ་ནས་དབང་ཆེན་བསྐུར། །
དགྲ་ཧོར་སེར་རྣམས་ལ་དམུ་གབ་ཕབ། །
ཧོར་རྒྱལ་པོ་གསུམ་གྱི་བླ་ཉ་བསད། །
ཧོར་བླ་ཤིང་བཅད་དེ་བླ་མཚོ་བསྐམས། །
ང་རྒྱ་ནག་ཚོང་བའི་སྤྲུལ་པ་བྱས། །
དགྲ་འདུལ་བའི་རྟེན་འབྲེལ་འཚམས་རྟགས་བྱིན། །
བློན་པཱ་ཐུར་མཆོང་ལྷ་དོང་དུ་འཕངས། །
ཁོ་ཤེད་ཆེན་རི་བོ་རྩལ་གྱིས་བཀུམ། །
བུ་ལྕགས་ཚ་ག་མ་སྟག་ལ་བྱིན། །
དུས་དེང་སང་ཨ་གཡོག་ཐང་རྙེད་ཅེས། །
མགར་ཆོས་དར་བུ་དོད་བྱས་ནས་ཡོད། །
ཧོར་གུར་དཀར་འདུལ་བའི་དུས་ལ་བབས། །
གླིང་དཀར་པོའི་ལྷ་དམག་ཧོར་ལ་བོས། །
སྤྱིའི་དམག་དཔོན་དགྲ་ལྷ་རྩེ་རྒྱལ་ཤོག །
བློ་གྲོས་ཡ་ཁུ་བོ་སྤྱི་དཔོན་ཤོག །
སྒོས་དཔའ་བརྟུལ་རང་རང་དཔུང་དང་བཅས། །
མཚོན་ངར་མའི་འཁོར་གསུམ་སྐོར་ལ་ཤོག །
བྱང་ཡ་སྟོད་ཤ་ར་གནམ་རྫོང་ནས། །
བྱང་ཡ་སྟོད་འཛིན་པའི་ལས་དམག་དཔོན། །
བྱང་ཨ་སྟག་འཁྱིལ་བའི་ལྷ་མོ་ཤོག །
རོང་ལྷ་མཁར་ཤ་བ་སྐྱ་རིང་ནས། །
རོང་བ་ཡུལ་གྱི་ལས་དམག་དཔོན། །
རོང་རྗེ་རྒྱལ་བའི་བུ་དཀར་ཤོག །
ལྷོ་མེ་སྟག་ཡུལ་གྱི་དྭངས་རྩེ་ལ། །
མེ་སྟག་གཡུ་རི་རྩེ་རྒྱལ་ཤོག །
འཇའ་ཤིང་ནགས་མར་ཁུའི་ཡོལ་བ་ནས། །
གླིང་རྨ་སྨད་ཟུར་བའི་ལས་དམག་དཔོན། །
ལྡོང་བེ་རི་ཉི་མ་རྒྱལ་མཚན་ཤོག །
བདུད་ཡུལ་མཚ་ལར་སྨུག་པོ་ནས། །
བདུད་བློན་ག་དར་ཕྱི་སྔོན་ཤོག །
བདུད་ཀླུ་བཙན་ཆ་ལུགས་གྱིས་ལ་ཤོག །
ཕྱི་སྡེ་ལོ་ཡག་སྙེ་མ་དང་།
ནང་སྡེ་ནམ་མཁའི་སྐར་ཚོགས་སོགས། །
སྡེ་ཡན་པ་རྩིས་རྩིས་གྲངས་མེད་བཅས། །
ཁོ་རང་རང་དམག་གིས་བསྐོར་ལ་ཤོག །
དམག་འཕྲུ་དཀར་ཅན་གྱིས་སྔོན་མ་གྱིས། །
ལྷ་དཀར་ཕྱོགས་བསྟན་པ་དར་ལེ་ཡིན། །
འུར་ཀྱི་ལེར་ཨ་ཆེན་ཧོར་ལ་ཤོག །
ཁྲ་ཧྲིགས་སེ་ཐང་ལ་དམག་སྒར་རྒྱོབ། །
ཧོར་གུར་དཀར་ཞེ་སེམས་འགྱོད་ལེ་གྱིས། །
སྟོབས་རྫུ་འཕྲུལ་གེ་སར་ང་ལ་ཡོད། །
དཔའ་དཔུང་བ་གླིང་དཀར་ཕུ་ནུ་དགོས། །
དོན་དེ་ལུགས་རྐྱང་རྒོད་ཡིད་ལ་ཟུངས། །
གླུ་གོ་ན་རྣ་བའི་བདུད་རྩི་གྱིས། །
མ་གོ་གླུ་ལ་འགྲེལ་པ་མེད། །
ཅེས་གླུ་དེ་བླངས་མ་ཐག་ཏུ། རྟ་རྐྱང་རྒོད་དེ་ཉིད་ཀྱི་ལུས་ལ་སྤྲིན་ཕུང་ཞིག་འདུས་ཏེ། རླུང་འཚུབ་དང་བཅས་ཤར་གླིང་དཀར་དག་པའི་ཞིང་ཁམས་ལ་གཏད་ནས་འཕུར་སོང་ངོ་། །