ཏོག་གསར་སྨན་བཅོས་སྨན་རྫས་འགན་བཅོལ་གྱི་གནས་ཚུལ་གསར་ཤོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 01-10


        དུས་ཡུན་ཉིན་བཞིའི་སྤྱི་ལོ་2022ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དང་སྨན་རྫས་ཀྱི་དཀར་ཆག་གྲོས་མོལ་སྤྱི་ཚེས་8ཉིན་པེ་ཅིང་དུ་མཇུག་འགྲིལ་བ་རེད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་སྨན་རྫས་དོ་དམ་སིའི་འགན་འཁུར་བས་ཏོག་གསར་སྨན་བཅོས་སྨན་རྫས་གྲོས་མོལ་བྱས་ཚུལ་ལ་ལན་སློག་པ་སྟེ། ད་རེས་གྲོས་མོལ་ནང་ཚུད་པའི་ཏོག་གསར་སྨན་བཅོས་སྨན་རྫས་རིགས་3ཡོད་པའི་ནང་ཨ་ཙི་ཧྥུའུ་ཏིང་སྨན་དང་གློ་བའི་དུག་སེལ་རིལ་བུ་གྲོས་མོལ་ལེགས་འགྲུབ་བྱུང་བ་དང་། ཧུའེ་རུའེ་ནའེ་མ་ཐེ་ཝེ་སྨན་དང་ལི་ཐུའོ་ན་ཝེ་སྨན་སྡེབ་སྒྲིག་ཐུམ་སྒྲིལ་རིན་གོང་མཐོ་པོ་ཡིན་པས་ལེགས་འགྲུབ་བྱུང་མ་སོང་ཞེས་གསུངས་པ་རེད།

        འགན་འཁུར་བ་དེས་ཉིན་ཤས་གོང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་སོགས་སྡེ་ཚན་བཞིས《“ཁ་པའི་རིགས་ལ་ཁ་པའི་དོ་དམ”བཟོས་རྗེས་ཏོག་གསར་ནད་དུག་འགོས་པའི་ནད་པའི་སྨན་བཅོས་འགྲོ་གྲོན་འགན་ལེན་གྱི་འབྲེལ་ཡོད་སྲིད་ཇུས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཏོག་གསར་ནད་དུག་འགོས་པའི་སྨན་བཅོས་ཇུས་གཞིའི་ནང་ཚུད་པའི་ཏོག་གསར་སྨན་བཅོས་སྨན་རྫས་ལ་སྨན་བཅོས་འགན་བཅོལ་གྱི་གནས་སྐབས་གཏོང་སྤྲོད་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང་འབྲེལ་སྤྱི་ལོ་2023ལོའི་ཟླ་3ཚེས་31ཉིན་བར་སྔོན་ལ་ལག་ལེན་བསྟར་རྒྱུ་ཡིན་ལུགས་ཁ་གསལ་བསྟན་ཡོད།

        མདོར་བསྡུས་ནས་བརྗོད་ན།  ཐེངས་འདིའི་གྲོས་མོལ་གྱི་ཨ་ཙི་ཧྥུའུ་ཏིང་སྨན་དང་། གློ་བའི་དུག་སེལ་རིལ་བུ།  ཧུའེ་རུའེ་ནའེ་མ་ཐེ་ཝེ་སྨན། ལི་ཐུའོ་ན་ཝེ་སྨན་སྡེབ་སྒྲིག་ཐུམ་སྒྲིལ་བཅས་ཚང་མ་གནས་སྐབས་སུ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་ཡོད། ནད་པས་སྤྱི་ལོ་2023ལོའི་ཟླ་3ཚེས་31ཉིན་གོང་འབྲེལ་ཡོད་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

        གཞན་ཡང་། ཨ་ཙི་ཧྥུའུ་ཏིང་སྨན་དང་གློ་བའི་དུག་སེལ་རིལ་བུ་ད་ཐེངས་ཀྱི་གྲོས་མོལ་བརྒྱུད་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དང་སྨན་རྫས་ཀྱི་དཀར་ཆག་ནང་བཅུག་རྗེས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དང་སྨན་རྫས་ཀྱི་དཀར་ཆག་ནང་ཚ་རྒྱག་པ་དང་གློ་ལུ་རྒྱག་པ་སོགས་ཀྱི་ཏོག་གསར་ནད་རྟགས་ཀྱི་སྨན་རྫས་རིགས་600ལྷག་ཙམ་ཟིན་ཡོད་པ་རེད།

        འགན་འཁུར་བ་དེས་ཉེ་དུས་ས་གནས་ཁག་གི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ས་གནས་དེ་གའི་སྨན་བཅོས་འགན་བཅོལ་ཐེབས་རྩ་འཁོར་སྐྱོད་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ།  ཡང་བསྐྱར་ཏོག་གསར་སྨན་བཅོས་ཀྱི་སྨན་རྫས་གསར་པ་ཁག་གཅིག་ས་ཁུལ་དེ་གའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ཡོད་ཅེས་གསུངས་པ་རེད། སྤྱིའི་ཆ་ནས་བལྟས་ན། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱེད་པའི་ཏོག་གསར་ནད་དུག་འགོས་པའི་སྨན་བཅོས་བྱེད་པའི་སྨན་རྫས་རིགས་ཕུན་སུམ་ཚོགས་པོ་ཡོད། གོམ་སྟབས་རྗེས་མར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་སྨན་བཅོས་འགན་བཅོལ་དང་སྨན་རྫས་ཀྱི་དཀར་ཆག་ལེགས་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་སྨན་རྫས་གསར་པ་དང་སྨན་རྫས་ཡག་པོ་དེ་བས་མང་བ་སྨན་བཅོས་འགན་བཅོལ་དང་སྨན་རྫས་ཀྱི་དཀར་ཆག་ནང་བཅུག་ནས་མང་ཚོགས་ཀྱི་སྨན་པ་བསྟེན་པ་དང་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་འདུག

        ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2022ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དང་སྨན་རྫས་ཀྱི་དཀར་ཆག་གྲོས་མོལ་བྱས་འབྲས་ཉེ་དུས་ཁྱབ་བསྒྲགས་ཐུབ་རེ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1