བྱང་ཆིངས་ནང་ཞུགས་པར་ཆ་རྐྱེན་བཏོན་པ་ཡོད་ཚད་སྐོང་མི་ཐུབ་ཟེར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-11



        ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་8ཉིན། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁེ་ལི་སི་ཐེ་སུང་གིས། ཐུར་ཁེ་ཡིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆ་རྐྱེན་བཏོན་པ་ཡོད་ཚད་སྐོང་མི་ཐུབ་ཅེས་བཤད་པ་རེད།

        གནས་འཕྲིན་སྤེལ་བར་གཞིགས་ན། ཁེ་ལི་སི་ཐེ་སུང་གིས་ཉིན་དེར་རྒྱལ་སྲུང་རིག་མཛོད་གྲོས་ཚོགས་ཐོག ང་ཚོ་རང་ཉིད་ཀྱིས་བསྒྲུབ་རྒྱུ་ཁས་བླངས་པའི་བྱ་བ་བསྒྲུབས་ཟིན་པ་ཐུར་ཁེ་ཡིས་ར་སྤྲོད་བྱས་མོད། འོན་ཀྱང་ཐུར་ཁེ་ཕྱོགས་ནས་ད་དུང་སུའེ་ཏེན་གྱིས་སྒྲུབ་མི་ཐུབ་པའམ་སྒྲུབ་མི་འདོད་པའི་བྱ་བ་བསྒྲུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

        2022ལོའི་ཟླ་5ཚེས་18ཉིན། ཧྥིན་ལན་དང་སུའེ་ཏེན་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐུའོ་ཨེར་ཐེང་པེ་ཀེ་ལ་མནའ་འབྲེལ་དེར་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་བ་རེད། ད་ལྟ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་30ཡི་ཁྲོད་ཁོངས་ཞུགས་རྒྱལ་ཁབ་ཧང་ག་རི་དང་ཐུར་ཁེ་གཉིས་ཀྱིས་ཞུ་བ་འདིར་ཆོག་མཆན་བཀོད་མེད།

        དེའི་རྗེས་སུ་ཧྥིན་ལན་དང་སུའེ་ཏེན་གྱིས་ཐུར་ཁེ་དང་ཕྱོགས་གསུམ་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་དེའི་དམིགས་ཡུལ་ནི་ཐུར་ཁེ་ལ་གོ་སྐོན་བློ་འགུག་བྱས་ནས། རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་མོས་མཐུན་བྱེད་དུ་འཇུག་རྒྱུ་དེ་ཡིན་མོད། འོན་ཀྱང་ཐུར་ཁེ་ཡིས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་ཀྱི་ཡོད།

        ཁེ་ལི་སི་ཐེ་སུང་གིས། སུའེ་ཏེན་གྱིས་རེ་བ་སྐོང་མི་ཐུབ་པའམ་སྐོང་མི་འདོད་པ་དེ་ཕྱོགས་གསུམ་གྱི་གྲོས་མཐུན་ཁྱབ་ཁོངས་ནང་ཚུད་མེད་ཅེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1