ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་ཚུགས།
ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་། ཧོང་ཆང་སོགས་གྲོས་ཚོགས་སུ་ཞུགས་ཏེ་རྟེན་འབྲེལ་ཞུས། ཐེན་ཞང་ལི་ཡིས་ལས་ཀའི་སྙན་ཞུ་ཕུལ།
སྤྱི་ཟླ་དང་པོའི་ཚེས་10ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་འཚོག་འགོ་ཚུགས།
ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ཨུའི་ཀྲུའུ་ཞི་དང་འགོ་ཚུགས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཐེན་ཞང་ལི། ཀྲུང་མེན། ཏུའུ་ཧོ་ཕིང་། རྡོ་རྗེ་རབ་བསྟན། ལིན་ཧྲུའུ་ཁྲེང་། ཨུའོ་དབྱང་ཙེ་ཧྭ། ལིའུ་ཁྲེང་མིང་། དབྱང་ཏན། ཞེ་ཧྲང་ཧྭ། ལིའུ་ཞུས་ཀོང་། ཞུས་ཝེ་ལིན། ལི་ཅན་ཆིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་རེད།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧོང་ཆང་སོགས་གྲོས་ཚོགས་སུ་ཞུགས་ཏེ་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པ།
ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཨུ་ཡོན་873ཕེབས་དགོས་པ་དང་། དངོས་སུ་ཨུ་ཡོན་844ཕེབས་ཡོད་པས་གཏན་འབེབས་མི་གྲངས་དང་མཐུན་ཡོད། འགོ་ཚུགས་ཚོགས་འདུ་ནི་ཀྲུང་མེན་གྱིས་གཙོ་སྐྱོང་གནང་བ། སྔ་དྲོའི་ཆུ་ཚོད་10པའི་ཐོག །ཀྲུང་མེན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་དང་། ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས།
ཐེན་ཞང་ལི་ཡིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་མཛད་དེ་ལས་ཀའི་སྙན་ཞུ་ཕུལ། སྙན་ཞུ་ལས་བསྟན་རྒྱུར། ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་དང་ཇེ་ལེགས་གཏོང་བའི་དགོངས་པ་གལ་ཆེན་དང་། དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་ཀ་ལེགས་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། རྩ་བའི་སྲུང་བྱ་མཁོ་འདོན་བྱས་ཡོད། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་བྱས་པ་དང་། ཀྲུང་དབྱང་སྲིད་གྲོས་ཀྱི་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པར་ཡིག་ཆ་རབ་དང་རིམ་པ་བཏོན་པར་མ་ཟད། སྲིད་གྲོས་ཀྱི་འགན་སྒྲུབ་ལས་ཀར་རྩ་བའི་འགན་སྲུང་མཁོ་འདོན་བྱས་ཡོད། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་རྒྱུན་འཁྱོངས་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་ཚོགས་ཆེན་ཉི་ཤུ་པ། དེ་མིན་ཐེངས་སོ་སོའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱས་པ། ཕྱོགས་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་ཀྱི་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ལག་བསྟར་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་སྤེལ་གཉིས་ཟུང་དུ་སྦྲེལ་བ། ཐབས་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་སྡུད་བྱེད་པར་རྒྱུན་འཁྱོངས་བྱས་པ། ལྟེ་བའི་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་ནས་བྱས་རྗེས་གསར་པ་འཇོག་པ་དང་རྣམ་པ་གསར་པ་བཏོད་དེ། དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་གཏོང་བར་སྐས་རིམ་གསར་པར་འཛེག་པར་བྱས་རྗེས་ནུས་ལྡན་བཞག་ཡོད།
སྙན་ཞུ་ལས་བསྟན་རྒྱུར། ལོ་ལྔའི་རིང་། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱིས“གཏན་འཁེལ་གཉིས”རྦད་དེ་བརྩི་སྲུང་དང“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་པ། ལྟེ་བ་ལ་དམིགས་ནས་འགན་འཁུར་ཡག་པོ་བྱས་པ་དང་། སྲོག་ཤིང་སྲུང་སྐྱོང་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་བསམ་བློ་ཆབ་སྲིད་ཀྱི་ཐུན་མོང་གི་འདུ་ཤེས་གཞི་རྒྱ་ཆེན་པོའི་སྒོས་ཕྱོགས་གཅིག་ཏུ་བསྡུས་ནས། རང་རེའི་ཞིང་ཆེན་གྱི་སྲིད་གྲོས་བྱ་གཞག་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་དུ་སྐྱོད་པར་ཁག་ཐེག་བྱས་པ། ཐོག་མཐའ་བར་གསུམ་དུ་ལྟེ་བའི་ཁྱོན་ཡོངས་ལ་དམིགས་ནས་སྲིད་གླེང་ཇུས་འབུལ་རྒྱུན་འཁྱོངས་བྱས་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོས་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་དང་། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་བྱ་གཞག་ཇུས་འདོན་ཤུགས་འདོན་བྱས་ཏེ། སྤུས་མཐོའི་འགན་སྒྲུབ་ལ་བརྟེན་ནས་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དུས་ནམ་ཡང་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཆེད་དུ་དོན་དངོས་བསྒྲུབས་པ་དང་། དབུལ་གྲོལ་འགག་སྒྲོལ་ལས་རྣམ་པར་རྒྱལ་བ་དང་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བ་གཉིས་ལ་རམ་འདེགས་བྱས་པ། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་པ། རིག་གནས་ཀྱི་རང་རྟོན་རང་སྟོབས་ཇེ་དྲག་བཏང་ནས། དམངས་འཚོའི་སྤྱི་ཚོགས་བྱ་གཞག་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ། དུས་ནམ་ཡང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བླང་བྱ་གསར་པ་ལག་བསྟར་བྱས་པ་དང་། ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་ནང་རྐྱེན་འཐུས་ཚང་བཙུགས་པ། གྲོས་མོལ་རྣམ་པའི་ལྟ་སྐུལ་གྱི་དགེ་མཚན་འདོན་སྤེལ་བྱས་པ། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་བྱས་པ། “དོན་དག་ཡོད་ན་གྲོས་མོལ་བྱེད་པར”གསར་གཏོད་སྐུལ་འདེད་དང་། སྲིད་གྲོས་གྲོས་མོལ་དེ་དམངས་གཙོའི་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་གཏོང་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་བ། དུས་ནམ་ཡང་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱས་པ་དང་། ཆབ་སྲིད་འཛུགས་སྐྱོང་གིས་སྣེ་ཁྲིད་པ། གཞི་རིམ་དམ་འཛིན་བྱས་ནས་རྨང་གཞི་བརྟན་པོ་བཏང་བ། དཔུང་ཁག་གཉིས་འཛུགས་སྐྱོང་ཇེ་དྲག་བཏང་སྟེ། སྲིད་གྲོས་ཏང་གི་འཛུགས་སྐྱོང་སྣེ་ཁྲིད་ལ་བརྟེན་ནས་སྲིད་གྲོས་རང་ཉིད་འཛུགས་སྐྱོང་རྒྱུན་ཆད་མེད་པར་ཇེ་དྲག་བཏང་ཡོད།
སྙན་ཞུ་ལས། རྗེས་མའི་ལོ་ལྔའི་རིང་གི་སྲིད་གྲོས་ལས་ཀ་ཡག་པོ་སྒྲུབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས། སི་ཁྲོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག །ཏང་གི་གསར་གཏོད་ཀྱི་གཞུང་ལུགས་ཀྱིས་སྲིད་གྲོས་ཀྱི་ལས་ཀར་གཅིག་འདོམས་མཐའ་གཅིག་ཏུ་བྱེད་དགོས་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་གྱིས་སྲིད་གྲོས་ཀྱི་ལས་ཀར་སྣེ་ཁྲིད་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་སྲིད་གྲོས་ཀྱི་ལས་ཀ་ཟབ་སྤེལ་བྱེད་པ། “སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་སྲོག་ཤིང་ལ་ཞབས་ཞུ་སྒྲུབ་པ། དམངས་ཀྱི་ཆེད་དུ་དམ་བཅའ་མི་འགྱུར་བ་དང་མི་སེམས་གཅིག་ཏུ་བསྡུ་བའི”ལས་ཀའི་རིག་ལམ་རྒྱུན་འཁྱོངས་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ནས། བསམ་བློའི་སྣེ་ཁྲིད་དང་སྟོབས་ཤུགས་གཅིག་བསྡུ། སྲིད་གླེང་ཇུས་འབུལ། ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ལས་དོན་ཁག་ཡག་པོར་བསྒྲུབ་ནས། སྲིད་གྲོས་ཀྱིས་ལྟེ་བའི་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་བྱས་རྗེས་འཇོག་ཚད་མུ་མཐུད་དུ་ཇེ་ལེགས་གཏོང་བ། དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་གཏོང་བར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཛེག་པ་དང་། བགྲོད་ལམ་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམ་པར་མཐུན་སྒྲིལ་འབད་བརྩོན་བྱེད་དགོས།
ཨོའུ་དབྱང་ཙེ་ཧྭ་ཡིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། ཚོགས་ཆེན་ལ་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞིའི་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ཕུལ། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་སུ་རྒྱ་ཆེའི་ཨུ་ཡོན་དང་། སྲིད་གྲོས་ལ་ཞུགས་པའི་ཏང་ཤོག་ཁག་དང་མི་དམངས་ཚོགས་པ། སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་བསྡོམས་པས་གྲོས་གཞི་6428བཏོན་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་5465ཐོ་འགོད་བྱས། མིག་སྔར་ཐོ་འགོད་གྲོས་གཞི་ཡོངས་ལ་ལན་འདེབས་བྱས་ཚར་བ་རེད།
ཝང་ཞའོ་ཧུའེ་ཡིས་གྲོས་ཚོགས་ཐོག་གསུང་བཤད་གནང་བ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཚབ་མཛད་དེ་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་དང་། སྲིད་གྲོས་ཀྱི་ཨུ་ཡོན་དང་ཚོགས་ཞུགས་བློ་མཐུན་ཡོངས་ལ་འཚམས་འདྲི་ཞུས་པ། དེ་མིན་འདས་པའི་ལོ་ལྔ་དང་ལྷག་པར་དུ་2022ལོའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་ལས་དོན་ཁག་དཀའ་སེལ་མཁྲེགས་གཏོར་བྱས་ནས་གྲུབ་འབྲས་གསར་པ་བླངས་བར་ཕྱིར་མིག་བལྟས། ཁོང་གིས་བསྟན་རྒྱུར། འདས་སོང་ལ་ཕྱིར་མིག་ལྟ་སྐབས། འབད་བརྩོན་གྱི་གོ་རིམ་ཁྲོད་དཀའ་སྡུག་མང་པོ་དང་འཕྲད་ཡོད་ལ། གྲུབ་འབྲས་ནི་དེ་བས་རྙེད་དཀའ་བ་རེད། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་གྲུབ་འབྲས་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་གྱི་འབྲས་བུ་ཡིན། ཞིང་ཆེན་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་སྡུག་རུས་བྱས་པའི་གྲུབ་འབྲས་ཡིན་ལ། ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་ཁག་གི་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་རྔུལ་ཆུ་དང་དཀའ་སྡུག་ལས་བྱུང་བའང་རེད། ལོ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་པ་ཁག་གི་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ནས། དམངས་གཙོ་དང་མཐུན་སྒྲིལ་གྱི་བརྗོད་བྱ་གཙོ་བོ་གཉིས་དམ་དུ་བཟུང་ཞིང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་ཀྱི་འགན་ནུས་ལག་ལེན་ནན་མོ་བྱས་ནས། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་སྐས་རིམ་གསར་པ་རུ་འཛེག་པར་བྱས་རྗེས་གལ་ཆེན་བཞག་ཡོད།
ཝང་ཞའོ་ཧུའེ་ཡིས་བསྟན་རྒྱུར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་དུས་རབས་ཀྱི་དུང་བརྡ་བཏང་ཡོད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་དེ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། “ཅན་བཞི་མཉམ་འགྲོས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཆུས་ལྔ་མཉམ་དར”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་གྱི་མཛེས་སྡུག་ལྡན་པའི་དཔེ་རིས་བཀོད་ཡོད། བརྗིད་ཆེ་བའི་དམིགས་འབེན་གྱིས་མདུན་ལ་འབོད་སྐུལ་བྱེད་བཞིན་ཡོད་ལ། བརྗིད་ཆེ་བའི་རྒྱང་སྐྱོད་ནི་རྐང་འོག་ཏུ་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་དང་ཕྱོགས་སོ་སོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀར་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་དང་། སྤྱིའི་ཁྲིད་ཕྱོགས་དང་སྤྱིའི་གཞི་འཛིན་ས། སྤྱིའི་རིག་ལམ་བཅས་ཀྱི་སི་ཁྲོན་དེང་རབས་ཅན་གྱི་འཛུགས་བསྐྲུན་གྱི་སྤྱིའི་འཆར་འགོད་ཡང་དག་དམ་འཛིན་བྱས་ཏེ། དཀའ་སྤྱད་སྡུག་རུས་དང་དཔའ་ངར་ཆེར་བསྐྱེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱེད་པར་འབད་པ་བྱེད་དགོས།
ཝང་ཞའོ་ཧུའེ་ཡིས་བསྟན་རྒྱུར། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱེད་དགོས་ན་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་བླངས་ནས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་ནན་པོ་བྱས་ཏེ་སི་ཁྲོན་གྱི་བྱ་གཞག་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱེད་དགོས་ན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། “ཅན་བཞི་མཉམ་སྤེལ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཆུས་ལྔ་མཉམ་དར”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་ནན་མོ་བྱས་ཏེ། ངེས་པ་དོན་གྱིས་བཀོད་སྒྲིག་གལ་ཆེན་ཁག་དང་། གཙོ་གནད་ལས་དོན་དོན་འཁྱོལ། མཐའ་སྣེའི་ཕན་འབྲས་བཅས་འགན་ལེན་བྱས་ཏེ། གོམ་པ་རེ་རེ་བཞིན་བརྗིད་ཉམས་ཆེ་བའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱེད་དགོས་ན། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ནན་ཏན་བསྟར་ནས་འཕེལ་རྒྱས་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བཅོས་སྔར་ལས་ལེགས་པར་བྱེད་པ་དང་། ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ཐད་ངོ་བོའི་རང་བཞིན་ལྡན་པའི་འཕེལ་རྒྱས་སྔར་ལས་ལྡན་པར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱེད་དགོས་ན། ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་དང་། ཁྱབ་ཁོངས་ཁག་གི་ཉེན་ཁ་ཚབས་ཆེན་གཅིག་གྱུར་གྱིས་སྔོན་འགོག །ཆུ་ཚད་སྔར་ལས་མཐོ་བའི་དུས་བདེ་སི་ཁྲོན་འཛུགས་སྐྲུན་བཅས་བྱས་ཏེ། བདེ་འཇགས་ཀྱི་གནས་སྟངས་གསར་པའི་ཐོག་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་སྲུང་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱེད་དགོས་ན། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། མཐུན་སྒྲིལ་འབད་འཐབ་མཐའ་འཁྱོངས། ལས་ཀ་བསྒྲུབ་ཀྱང་ཉེན་གཡོལ་མི་བྱེད་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ནུས་ཤུགས་གང་ཡོད་ཀྱིས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། འབད་འཐབ་ཡར་བརྩོན་གྱི་ཉམས་འགྱུར་ལས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
ཝང་ཞའོ་ཧུའེ་ཡིས་བསྟན་རྒྱུར། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱ་རྒྱུ་ནི་མ་ལག་ཅན་གྱི་ལས་གཞི་ཞིག་ཡིན་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་ལས་འགན་ཞིག་ཡིན། མི་དམངས་སྲིད་གྲོས་ལ་ཕུགས་འདུན་ཡོད་དགོས་ལ། མདུན་ལམ་ཆེན་པོ་ཡོད། ངའི་རེ་བ་ནི་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཏང་གི་དབུ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། དམངས་གཙོ་གྲོས་མོལ་བཅས་ཟུང་འབྲེལ་གང་ལེགས་རྒྱུན་འཁྱོངས་བྱེད་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཡར་ཐོན་ནུས་ལྡན་ཟུང་འབྲེལ་བྱེད་པ། སྲིད་ཇུས་ལ་བསམ་འཆར་འདོན་པ་དང་གོང་བུ་གཅིག་འགྲིལ་བཅས་ཕྱོགས་གཉིས་ནས་ཤུགས་ཕྱུང་བར་རྒྱུན་འཁྱོངས་བྱེད་པ། གྲོས་མོལ་གཏིང་ཟབ་བྱ་རྒྱུ་དང་བསམ་འཆར་གང་མང་འདོན་པ། བསམ་བློ་གཅིག་མཐུན་གྱི་ཆུ་ཚད་རྒྱ་ཁྱབ་གཏོང་བར་ཤུགས་སྣོན་བྱས་ཏེ། སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དེ་བས་གང་ལེགས་གཏོང་བར་བློ་གྲོས་དང་ནུས་ཤུགས་འདོན་དགོས། ངའི་རེ་བ་ནི་ཨུ་ཡོན་རྣམ་པས་རྩ་ཁྲིམས་དང་བཅའ་ཁྲིམས། སྲིད་གྲོས་ཀྱི་སྒྲིག་ཡིག་བཅས་ལ་དཔེ་བཟང་ངང་བརྩི་སྲུང་ཞུ་བ་དང་། འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་སྲིད་གྲོས་ཀྱི་ཤེས་བྱ་ཤེས་ཤིང་གྲོས་མོལ་བྱེད་ཤེས་པ། སྲིད་དོན་བགྲོ་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་བརྩི་བ། ཀུན་སྤྱོད་ལ་སྣང་ཆེན་བཅས་བྱས་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འབད་བརྩོན་ཆེན་པོས་མངོན་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུས་སྲིད་གྲོས་ཀྱི་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པར་མ་ཟད། ཏང་ཨུའི་ལས་དོན་གྱི་ཁྱོན་ཡོངས་ནང་བཅུག་སྟེ་སྲིད་གྲོས་ཀྱི་ལས་དོན་སྤེལ་རྒྱུར་འགན་ལེན་དེ་བས་ལེགས་པ་དང་ཆ་རྐྱེན་དེ་བས་བཟང་པོ་གཏོད་རྒྱུར་འབད་བརྩོན་བྱེད་དགོས། ངེས་པ་དོན་གྱིས་སྲིད་གྲོས་ཀྱི་ཏང་ཙུའུ་རིམ་པ་ཁག་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། ཏང་གི་ཆབ་སྲིད་ལེགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། སྲིད་གྲོས་ཀྱི་ཏང་ལེགས་སྐྱོང་ཁག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དག་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པའི་གྲས་སུ་ད་དུང་ཀྲུང་གུང་སི་ཁྲོན་ཞིང་ཨུ། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུ། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། དེ་མིན་སི་ཁྲོན་དུ་བཅའ་སྡོད་བྱས་པའི་དཔུང་སྡེའི་འགོ་ཁྲིད་བློ་མཐུན། སི་ཁྲོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཁྲེང་ཏུའུ་རུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་བཅས་ཡོད་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་རྒན་གྲས་ཁག་གཅིག་གིས་སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཨུ་ལྷན་གྱི་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་འཁུར་མི་དགོས་པ་རེད།
ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག(ལས་ཁུངས)དང་ཞིང་ཆེན་རིམ་པའི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་མིན་པའི་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཐིང་རིམ་པའི་ལས་བྱེད་པ་དང་། གྲོང་ཁྱེར(ཁུལ)ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། རྫོང(གྲོང་ཁྱེར་དང་ཆུས)གི་སྲིད་གྲོས་ཀྱི་ཀྲུའུ་ཞི། ཐའེ་ཝན་གྱི་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླའི་འཐུས་མི་སོགས་ཚོགས་ཆེན་ལ་ཟུར་ཞུགས་གནང་བར་མ་ཟད། ཁྲེང་ཏུའུ་རུ་བཅའ་སྡོད་བྱས་པའི་རྒྱལ་ཁབ་10ཡི་གཞུང་ཚབ་ཁང་གི་དཔོན་རིགས་དང་ཁྲེང་ཏུའུ་རུ་བཅའ་སྡོད་བྱས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔལ་འབྱོར་ཚོང་དོན་དོན་གཅོད་ཁང་གི་འགན་འཁུར་པས་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཟུར་ཉན་གནང་། །