ཝུ་ཀན་ཏ་ཨའེ་པོ་ལཱ་རིམས་ནད་མཇུག་བསྒྲིལ་བ་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-13


        ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་11ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཨ་ཧྥེ་རི་ཁ་གཞུང་དོན་ཁང་གིས། ཝུ་ཀན་ཏ་ཨའེ་པོ་ལཱ་རིམས་ནད་མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས་པ་རེད།

        ཝུ་ཀན་ཏའི་རེས་སྐོར་འདིའི་ཨའེ་པོ་ལཱ་རིམས་ནད་དེ་ན་ནིང་ཟླ་9པར་དབུས་རྒྱུད་ས་ཁུལ་དུ་བྱུང་ཞིང་། ན་ནིང་གི་ཟླ་12པའི་ཟླ་མཇུག་བར། ཝུ་ཀན་ཏར་ཨའེ་པོ་ལཱ་རིམས་ནད་ཀྱི་ནད་དཔེ་142གཏན་འཁེལ་བྱས་པ་དང་གཞན་ཡང་ནད་དཔེ་56ཚེ་ལས་འདས་པ་རེད།

        1976ལོར་ཨའེ་པོ་ལཱ་ནད་དུག་ཁོང་ཀོ(ཅིན)བྱང་རྒྱུད་ཀྱི་ཨའེ་པོ་ལཱ་གཙང་པོའི་ཉེ་འགྲམ་དུ་ཤེས་རྟོགས་བྱུང་བས་མིང་དེ་ལྟར་བཏགས་པ་རེད། ནད་དུག་འདིས་ཁྲག་ཐོན་རང་བཞིན་གྱི་འགོས་ནད“ཨའེ་པོ་ལཱའི་ཁྲག་ཐོན་ཚ་ནད”ཕོག་གི་ཡོད་པ་དང་། གཙོ་བོ་འགོས་ནད་འགོས་པའི་མི་དང་སྲོག་ཆགས་ཀྱི་ཁྲག་དང་། ལུས་པོའི་གཤེར་གཟུགས། ཟགས་ཐོན་དངོས་རྫས། གཅིན་སྐྱག་སོགས་ལ་རེག་པ་ལས་འགོས་ཀྱི་ཡོད། ནད་རྟགས་མངོན་ཚུལ་གཙོ་བོ་ནི་ཚ་རྒྱས་པ་དང་། ཁྲག་ཐོན་པ། ནང་ཁྲོལ་མང་ཆེ་བ་ལ་གནོད་སྐྱོན་ཕོག་གི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1