སྤྱི་ཟླ་1པོའི་ཚེས་12ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་རྒྱལ་ཁབ་སྤྱི་སྐད་གསོ་སྦྱོང་སློབ་དེབ་དང་ཁྲིད་སྟོན་ཀློག་དེབ་ཀྱི་རྩོམ་སྒྲིག་རྣམ་གྲངས་དབུ་འབྱེད་དཔྱད་གླེང་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས།
ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཧོང་ཡུང་མིང་དང་སི་ཁྲོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་ཀྲུའུ་རེན་ཝང་ཞའོ་ཆིང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བོད་འབྲེལ་ལས་དོན་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་ལིའུ་ཀྲི་ཡུང་། སི་ཁྲོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་གཞུང་ལས་ཁང་ཀྲུའུ་རེན་ཧྲུའེ་ཏན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མི་རིགས་ཆོས་ལུགས་ཁྲུའུ་ཡི་རིམ་པ་དང་པོའི་བརྟག་ཞིབ་པ་ཁྲུན་ཞིའུ་ཡོན། དེ་མིན་ལྷོ་ནུབ་མི་རིགས་སློབ་ཆེན་དང་སི་ཁྲོན་དགེ་འོས་སློབ་ཆེན། ཁྲེང་ཏུའུ་དགེ་འོས་སློབ་ཆེན། ཁམས་པ་བརྙན་འཕྲིན། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་སོགས་ཀྱི་འགོ་ཁྲོད་དང་ཆེད་མཁས་པ་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས།
དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་ནན་གསུང་གནང་ཡོད་པས། ཆོད་གཏམ་གལ་ཆེན་འདི་ཡིས་དུས་རབས་གསར་པའི་རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་གྱི་འཕེལ་རྒྱས་དང་སྐད་ཡིག་ལས་དོན་གྱི་གཙོ་གནད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཁྱབ་གདལ་ལ་ཁ་ཕྱོགས་དང་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་ཡོད།
སི་ཁྲོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་ཀྲུའུ་རེན་ཝང་ཞའོ་ཆིང་གིས། མིག་སྔར། ལས་རིགས་སློབ་གསོ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སློབ་གསོའི་ཐོན་ཁུངས། རྒྱལ་ཁབ་ཀྱི་མི་ཤུགས་མ་རྩ་མཐོ་རུ་གཏོང་བའི་སློབ་གསོའི་རིགས་གཙོ་བོ་བཅས་སུ་གྱུར་ཡོད་པས། ཐེངས་འདིའི་རྩོམ་འབྲིའི་བརྒྱུད་རིམ་ཁྲོད་བོད་འབྲེལ་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་དོན་དངོས་ཀྱི་རྨང་གཞིའི་ཐོག་ལས་རིགས་ནུས་རྩལ་གྱི་འབྱུང་རྒྱུ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ལས་རིགས་ནུས་རྩལ་གྱི་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་ཁྱད་ཆོས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཁ་ཕྱོགས་སུ་བཟུང་ནས། ཐུན་མོང་གི་འབད་བརྩོན་འོག་བོད་འབྲེལ་ཁུལ་དང་རྫོང་རིམ་པའི་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་དཔེ་ཚོགས་ཤིག་ཏུ་ཆགས་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་ཤིས་ཚིག་ཕུལ་དོན། ཐེངས་འདིར་རྩོམ་འབྲི་བྱས་པའི་དཔེ་དེབ་དག་ནི་རྒྱལ་ཡོངས་ཀྱི་བོད་འབྲེལ་ཞིང་ཆེན་དང་ཁུལ། དེ་མིན་རྫོང་རིམ་པ་རུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་སྐོར་གྱི་རྩོམ་སྒྲིག་དང་དཔེ་སྐྲུན། འགྲེམ་སྤེལ་སོགས་བྱས་པར་སྟོང་ཆ་ཁ་གསབ་ཀྱི་དོན་སྙིང་ལྡན་པས། ང་ཚོས་ལས་དོན་འདི་དང་བསྟུན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱི་ཚོགས་ཁྲོད་སྔར་བས་ནུས་པ་འདོན་སྤེལ་བྱས་ཏེ་མི་རིགས་དང་ས་ཁུལ་ཁག་བར་གྱི་རིག་གནས་དང་དཔལ་འབྱོར་བརྗེ་རེས་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་བསྟན།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་རྩོམ་འབྲི་བྱས་པའི་དཔེ་དེབ་ལ་རིགས་གསུམ་ཡོད་དེ། རྣམ་གྲངས་འདི་ཡིས“གཙོ་གནད་མཉམ་འདུ་དང་ཕྱོགས་ཡོངས་ཁྱབ་སྤེལ། སྲ་བརྟན་མཐོར་འདེགས”ཀྱི་དུས་རབས་གསར་པའི་ཁྱབ་བསྒྲགས་ལས་དོན་གྱི་བྱེད་ཕྱོགས་གཞིར་བཟུང་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་སྐབས་འཕྲད་གནད་དོན་དག་ཐག་གཅོད་བྱེད་པ་གཙོ་འགན་དུ་བཟུང་ནས་ཀློག་པ་པོའི་དགོས་མཁོ་དངོས་གཞིར་བཟུང་སྟེ། ཏང་གི་ལོ་རྒྱུས་དང་ཁྲིམས་ལུགས་རྩ་དོན། བདེ་ཐང་རྒྱུན་ཤེས། འགྲིམ་འགྲུལ་རྒྱུན་ཤེས། ཁོར་ཡུག་སྲུང་སྐྱོབ། ལས་རིགས་ལག་རྩལ་སོགས་ཀྱི་ཤེས་བྱ་གང་མགྱོགས་ངང་ཁོང་དུ་ཆུད་པར་བྱས་ནས་སྤྱི་ཚོགས་ཀྱི་ལས་དོན་དུ་ཞུགས་ཐུབ་རྒྱུ་དེ་རེད།
ཚོགས་ཐོག་ཏུ། ཆེད་མཁས་པ་རྣམས་ཀྱིས་མི་འགྱངས་པར་རྩོམ་འབྲི་བྱ་བའི་དཔེ་དེབ་ཀྱི་དཔེ་སྐྲུན་རིན་ཐང་དང་དོན་སྙིང་ལ་གདེང་འཇོག་དང་། རྒྱལ་ཁབ་ཀྱི་སྤྱི་སྐད་ཁོང་དུ་ཆུད་པ་ཡིས་ཕྱོགས་ཡོངས་ནས་བོད་འབྲེལ་ས་ཁུལ་གྱི་མང་ཚོགས་ཀྱི་རྒྱལ་དམངས་སྤུས་ཚད་དང་ཚན་རིག་རིག་གནས་ཀྱི་འཕེལ་རྒྱས། སྤྱི་ཚོགས་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་སོང་ནས་ས་ཁུལ་ཁག་གི་མི་རིགས་བར་གྱི་འབྲེལ་འདྲིས་དམ་ཟབ་ཏུ་ཕྱིན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་འགྲོ་བར་གལ་ཆེའི་དོན་སྙིང་ལྡན་པའི་དགོངས་འཆར་བཏོན་ཡོད། །