སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་ས་གནས་ཁག་ཏུ་ལན་ཆ་ཆེན་པོ་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-13


        ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་པར་བྱ་དགོས་ཞེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་ཆེན་པོ་བྱུང་བ།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། དུས་རབས་གསར་པའི་ལོ་བཅུའི་ནང་། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས། གྲི་དངོ་ནང་གཏད་དང་རུས་གཞོག་དུག་སེལ། སྨན་ཤུགས་ཆེན་པོ་བཏང་ནས་གཅོང་ནད་སེལ་བ་དང་ཁྲིམས་ནན་པོས་ཟང་ཟིང་བཅོས་སྐྱོང་བཅས་བྱས་ཏེ། ཏང་འདི་ཉིད་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་དེ་བས་འགྱུར་མེད་སྟོབས་ལྡན་དུ་གྱུར་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ལན་ཆ་ཆེན་པོ་བྱུང་བ་དང་། ཚང་མས། གསུང་བཤད་ཀྱི་དགོངས་དོན་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བྱས་ཐོག ནན་པའི་དགོངས་གཞི་དང་། ནན་པའི་བྱེད་ཐབས། ནན་པའི་ངང་ཚུལ་བཅས་ཡུན་རིང་མཐའ་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། དུས་རབས་གསར་པའི་ལོ་བཅུའི་ནང་། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་པའི་ཆོས་ཉིད་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་ཅིག་རགས་ཙམ་བཙུགས་ཡོད་ཅེས་གསུངས་པ་རེད།

        རྒྱ་ཆེའི་ཏང་ཡོན་ལས་བྱེད་པས། མ་ལག་ཅན་དུ་འགྱུར་རྒྱུར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དེ་ནི་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་ལ་ངོས་འཛིན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་ཞིག་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་སྟོབས་ཆེར་གཏོང་བ་དང་ཏང་དར་རྒྱས་གཏོང་བའི་ལག་ལེན་གལ་ཆེན་གྱི་བླང་བྱ་ཞིག་ཡིན་པས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་གསུངས་ཡོད།

        ཧུའུ་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་སྤྱི་ཚོགས་ཚན་རིག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་ཧོ་ཧྲའོ་ཧུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཛུགས་པ་ནི་ཁྱོན་ཡོངས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ལས་དོན་ཞིག་རེད་ཅེས་བསྟན་གནང་ཡོད། ཉེ་བའི་ལོ་ཤས་རིང་ལ། རང་རེའི་ཏང་གིས་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་དང་རྩ་འཛུགས་ཀྱི་མ་ལག ཏང་ནང་ཁུལ་གྱི་ལྟ་སྐུལ་མ་ལག རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་སོགས་འཛུགས་སྐྱོང་ཐད་འཚོལ་ཞིབ་ཧུར་ཐག་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་བརྒྱུད་རིམ་ལྡན་པའི་ལས་གཞི་དང་སྤྱི་ཡོངས་ཀྱི་ལས་གཞི་ཞིག་ཡིན་པས། མགོ་ན་ན་མགོ་སྨན་བཅོས་དང་རྐང་པ་ན་ན་རྐང་པ་སྨན་བཅོས་མི་བྱེད་པར། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། འཕར་ཚད་བཀག་འགོག་དང་བསགས་འབོར་གཙང་སེལ་གྱི་ལས་འགན་སྔར་བཞིན་ལྕི་པོ་ཡོད་ཅེས་ནན་སྟོན་གནང་ཡོད། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས། ལྟ་སྐུལ་འགན་ལེན་ལག་བསྟར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཐོག རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ནས། སྤྱོད་གཙང་གཞུང་དྲང་གི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

        ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་འགོ་འཛིན་གཞོན་པ་ལེའོ་པི་ཧུང་གིས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་གི་ངོས་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མུ་མཐུད་བཅོས་སྒྲིག་བྱ་རྒྱུ་ཡིན། མཚམས་དང་ཚོད་མ་ཟིན་མཁན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་གསུངས་ཡོད།

        ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཁང་དྲུག་པའི་ཀྲུའུ་རེན་ཝུའུ་ཡན་གྱིས། གོམ་སྟབས་རྗེས་མར་ང་ཚོས་རྒྱུན་གཏན་གྱི་ལྟ་སྐུལ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ལྟ་སྐུལ་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བྱེད་པ། གནད་དོན་གྱི་ཁུངས་སྣེའི་འབྱུང་ཁུངས་རྒྱ་ཆེར་གཏོང་བ་བཅས་བྱ་རྒྱུ་ཡིན། ལག་བསྟར་བྱེད་རིང་གདམ་ག་བྱེད་པ་དང་། མགོ་བདེ་པོ་བྱེད་པ། སྐུམ་འཐེན་བྱེད་པ་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱ་སྤྱོད་ལ་དམ་པོར་དམིགས་ནས། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། སྤྱོད་ཚུལ་ངན་པ་ནས་རུལ་སུངས་ལ་འགྱུར་རྒྱུ་དང་སྲོལ་ངན་དང་རུལ་སུངས་མཉམ་དུ་གནས་རྒྱུ་ནན་འགོག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྒྲིག་ཁྲིམས་ནི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་སྙུག་ལྕག་ལྟ་བུ་ཡིན་ལ། ཏང་ཡོན་དང་ལས་བྱེད་པས་རང་ཉིད་ཀྱི་བྱ་སྤྱོད་ཚོད་འཛིན་བྱེད་པའི་ཚད་གཞི་དང་གཞི་འཛིན་ས་ཡང་ཡིན་ཞེས་བསྟན་གནང་ཡོད། ས་གནས་ཁག་གི་ཏང་ཡོན་ལས་བྱེད་པས། ཚང་མས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ལྟ་སྐུལ་དང་ཚོད་འཛིན་ཐེབས་པའི་ཁོར་ཡུག་ཁྲོད་ལས་ཀ་དང་འཚོ་བ་སྐྱེལ་བའི་གོམས་གཤིས་སྔར་བས་ལེགས་པ་འཇགས་པར་བྱེད་དགོས་ཞེས་གསུངས་ཡོད།

        ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་ཧུའེ་མིན་རྫོང་ལི་ཀྲོང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཐེན་ཡུང་ཅན་གྱིས། ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ནི་བརྒལ་མི་རུང་བའི་དམར་ཐིག་ཅིག་ཡིན་པས། ང་ཚོས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་ཉིད་ཀྱི་གཏམ་སྤྱོད་ལ་ཚོད་འཛིན་ནན་པོ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། གཞི་རིམ་དཔུང་ཁག་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། འབྱུང་རྩ་ནས་དོགས་ཟོན་བྱ་རྒྱུར་སྣང་ཆེན་དང་། ཉེན་བརྡ་གཏོང་རྒྱུར་སྣང་ཆེན། མང་ཚོགས་ཀྱི་ལྟ་སྐུལ་ལ་སྣང་ཆེན་བཅས་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི“མཐའ་མའི་སྤྱི་ལེ་གཅིག”བརྟན་དུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཨན་དབྱི་རྫོང་ཝུན་ཧྥུང་སྡེ་ཁུལ་གྱི་གྲོང་མི་ཝན་དབྱིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གཏམ་བཤད་དེ་ནི་མི་རྣམས་ལ་སྐུལ་མ་ཐེབས་པ་དང་ངར་ཤུགས་སློང་ཐུབ་པ་ཞིག་ཡིན། ཏང་དང་སྲིད་གཞུང་གིས་མང་ཚོགས་ཀྱི་ཉེ་འགྲམ་དུགནས་པའི་“སྤྱོད་ཚུལ་ངན་པ་བཞི”དང་རུལ་སུངས་ཀྱི་གནད་དོན་ཡོ་བསྲང་དང་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་པ་དང་། “རུལ་སུངས་ཆུང་གྲས”ཀྱི་བར་སྟོང་ཇེ་ཆུང་དུ་བཏང་བས། མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1