《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་ཉི་ཤུ་པའི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོའི་སྐབས་གནང་བའི་གསུང་བཤད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་2པའི་ནང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་ཉི་ཤུ་པའི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོའི་སྐབས་གནང་བའི་གསུང་བཤད》བཀོད་ཡོད་པ་རེད།
གསུང་རྩོམ་ནང་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་རེད། ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་ཐད་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་དམ་འཛིན་ཡག་པོ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཤེས་རྟོགས་དང་ཁོང་དུ་གཏིང་ཟབ་ཆུད་པར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱེད་རིམ་བཞིན་ང་ཚོས་ཏང་ཡོངས་ཀྱི་བློ་མཐུན་གྱིས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་་པ་དང་ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བརྟེན་ནས་འགག་སྒྲོལ་དཀའ་སེལ་དང་མཐུན་སྒྲིལ་དང་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། འདི་ནི་ཏང་གི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཞིག་རེད།
གསུང་རྩོམ་ནང་བསྟན་དོན། ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པའི་ཐད་ཤུགས་རྒྱག་དགོས། ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། གཏིང་ཟབ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱས་ཚེ། གཞི་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་ཐུབ་པ་དང་། གང་ཞིག་འགྲིག་པ་དང་། གང་ཞིག་བྱེད་པ། ཇི་ལྟར་བྱེད་པ་བཅས་གསལ་པོ་རྟོགས་ཏེ། ལག་བསྟར་དོན་འཁྱོལ་བྱེད་པར་རྨང་གཞི་བརྟན་པོ་འདིང་ཐུབ། དང་ཐོག་མ་རྩོམ་ཀློག་པ་དང་མ་དོན་རྟོགས་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་ཇི་མ་ཇི་བཞིན་དུ་བྱེད་པ་དང་ཆབས་ཅིག སྙན་སྒྲོན་སློབ་སྦྱོང་བྱེད་རྒྱུ་དང་ཚོགས་ཆེན་གྱི་གསུང་བཤད་རབ་དང་རིམ་པ་དང་འབྲེལ་ཡོད་ཡིག་ཆ་སློབ་སྦྱོང་བྱེད་རྒྱུ་ཟུང་འབྲེལ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་དང་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ནས་སྦྱོང་དགོས། སློབ་སྦྱོང་བྱེད་པ་དེ་ཐ་སྙད་དང་བརྗོད་ཚུལ་ཁ་ཤས་བློ་ལ་ངེས་པ་ཁོ་ན་བྱེད་མི་རུང་།
གསུང་རྩོམ་ནང་བསྟན་དོན། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པའི་ཐད་ཤུགས་རྒྱག་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ཤིང་། ཆབ་སྲིད་ཐད་གཟིགས་རྒྱང་རིང་བ་དང་རིགས་པའི་གཞུང་ལུགས་ཐད་བསམ་གཞིག་གཏིང་ཟབ་བྱས་ཡོད་ལ། དམིགས་ཚད་ཐད་ཚན་རིག་དང་མཐུན་པའི་གཏན་འཁེལ་དང་ལས་ཀའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། འདི་དག་ནི་ཕན་ཚུན་འབྲེལ་མཐུད་དང་གཅིག་གྱུར་དམ་ཟབ་ཐུབ་པ་ཞིག་རེད། ལོ་རྒྱུས་དང་དོན་དངོས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན། རྒྱལ་སྤྱི་དང་རྒྱལ་ནང་བཅས་ཕན་ཚུན་ཟུང་འབྲེལ་གྱི་བྱ་ཐབས་མཐའ་འཁྱོངས་བྱས་ནས་སྤྱི་ཡོངས་ནས་ཆ་ཤས་དང་། དེ་ནས་ཆ་ཤས་ནས་སྤྱི་ཡོངས་བར་བསམ་གཞིག་ཡང་ཡང་བྱས་ཚེ། གཞི་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་དེ་ཆ་ཤས་ཤེས་རུང་མང་ཆེ་བ་མ་ཤེས་པ་དང་དེ་འདྲ་ཡིན་པ་ཤེས་ཀྱང་དེ་འདྲ་ཡིན་ལུགས་མ་ཤེས་པ་མི་ཡོང་བ་བྱེད་ཐུབ།
གསུང་རྩོམ་ནང་བསྟན་དོན། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་ཐད་ཤུགས་རྒྱག་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འཆར་གཞི་དང་བཀོད་སྒྲིག་ཡོད་པར་བྱས་ནས་སྤྱིའི་དམིགས་ཚད་དང་། སྤྱིའི་ཁ་ཕྱོགས། སྤྱིའི་བླང་བྱ་བཅས་སྟངས་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དམིགས་ཚད་དང་ལས་འགན་ཁག་ཞིབ་ཚགས་སུ་བཏང་སྟེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ཇུས་གཞི་འདོན་པ་དང་། དུས་ཚོད་རེའུ་མིག་དང་ལས་ཀའི་འཆར་གཞི་ཁ་གསལ་བཟོས་ཏེ་མདུན་ཕྱོགས་སུ་སྐུལ་སྤེལ་ཏན་ཏིག་གཏོང་དགོས། གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་ཁ་གསལ་བཟོས་ནས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། མིག་སྔར་དམ་འཛིན་བྱེད་པ་དང་འབྲེལ་ཕུགས་ལ་དམིགས་ནས་རྨང་གཞི་བརྟན་གཏོང་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་བྱེད་དགོས།