༄༅། །ཏ་ལེན་མཚོའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་ནུབ་ཕྱོཊ་དབྱང་སྲེག་མཐོང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 01-28



        ཉེ་ཆར། གསར་འགོད་པས་རང་ཞིང་གི་ཏ་ལེན་མཚོའི་རང་བྱུང་སྲུང་སྐྱོབ་ཁུལ(可鲁克湖托素湖自然保护区)གྱི་ཞབས་ཕྱིའི་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། རང་ཞིང་གི་ཏ་ལེན་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་དང་པར་ལེན་པ་གཅིག་ལྕོག་གི་ལས་ཀ་བྱེད་པའི་ཧྲང་ཝུན་ཀྲུང་དང་ཚའེ་ཡུང་ཧྲེང་གཉིས་ཀྱིས་རྒྱུན་ལྡན་གྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་ཁྲོད་ནས་ཐེངས་དང་པོར་རྒྱལ་ཁབ་ཀྱི“གསུམ་ཡོད”སྲོག་ཆགས་ཏེ་ནུབ་ཕྱོགས་དབྱང་སྲེག(西方秧鸡)གིས་ཁ་ཟས་འཚོལ་བའི་ངོ་མཚར་ཉམས་འགྱུར་པར་ལེན་ཐུབ་པ་རེད།

        ཚན་སྤེལ་རྒྱུ་ཆ་ལ་ཞིབ་བཤེར་ལྟ་ཀློག་བྱས་པ་དང་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་བྱ་གཟིགས་མཐུན་ཚོགས་ཀྱི་ཆེད་མཁས་པ་ལ་བཀའ་འདྲི་ཞུས་པ་བརྒྱུད། ནུབ་ཕྱོགས་དབྱང་སྲེག་ནི་སྲུང་སྐྱོབ་ཁུལ་དེའི་ནང་གི་གསར་འཕར་དངོས་རིགས་ཤིག་ཡིན་པ་ངོས་འཛིན་བྱས་པ་དང་། མཚམས་སྦྱོར་བྱས་པར་གཞིགས་ན། ནུབ་ཕྱོགས་དབྱང་སྲེག་ནི་དབྱང་སྲེག་ཚན་པ་ནས་ཡིན། རྒྱུན་དུ་ན་འདམ་མམ་ཡང་ན་ཆུ་འགྲམ་གྱི་འདམ་རྩྭའི་ནང་དུ་འཚོ་ཞིང་། གོམ་འགྲོས་མགྱོགས་ནའང་མཐོན་པོར་འཕུར་མི་ཐུབ་པ་དང་། ཁ་ཟས་ནི་ས་འབུ་ནག་རིང་དང་འབུ་སྲིན་སོགས་ཡིན་པ་རེད། ནུབ་ཕྱོགས་དབྱང་སྲེག་གི་ཁྱབ་ཡུལ་ནི་ཡོ་རོབ་གླིང་དང་ཨེ་ཤ་ཡ། ཨ་ཧྥེ་རི་ཁའི་བྱང་རྒྱུད་བཅས་ཀྱི་སྔོ་ཁེབས་སྟུག་པའི་བརླན་སའི་ནང་དུ་རིགས་རྒྱུད་སྤེལ་བའི་བྱ་རིགས་ཤིག་ཡིན།

        ཉེ་བའི་ལོ་ནས་བཟུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བསྟུད་མར་ཏ་ལེན་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ལ་སྐུལ་འདེད་བྱས་ཏེ་བརླན་ས་སྲུང་སྐྱོབ་དང་ཞིག་གསོའི་ལས་གྲྭ་སྒྲུབ་ཤུགས་ཇེ་ཆེར་བཏང་བ་ན། བརླན་སའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ་མངོན་གསལ་ཡིན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ཇེ་མང་ལ་སོང་བ་གསལ་བོ་ཡིན། མིག་སྔའི་བར་དུ། སྲུང་སྐྱོབ་ཁུལ་ནང་གི་བྱ་རིགས་རྟོག་ཞིབ་ཀྱི་བྱ་བའི་ཁྲོད་དུ། བསྟུད་མར་ལྟ་ཞིབ་ཚད་ལེན་ཐུབ་པའི་བྱ་རིགས་ཀྱི་སྣ་ཁ148ལ་འཕར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1