སྒོ་མེ་དོན་གྲུབ་ཚེ་རིང་། མཚོ་ནུབ།
མདོ་ལ་རིང་མོའི་རྒྱུད་ནས་ལྷུང་ལྷུང་དུ་འབབ་པའི་ཆུ་བོ་ཞིག
ཁྱེད་ནི་ཡངས་པའི་ས་ཆེན་འདི་བསྐྱེད་པའི་ཡུམ་ཆེན་ཡིན།
མུ་རི། བུས་པ་ཞིག་དང་འདྲ་བར་མདོ་ལ་རིང་མོའི་ཕང་བ་རུ་ག་ལེར་ནར་སོན།
ཁྱེད་ཀྱི་ནར་སོན་གྱི་ལོ་ཟླས་རི་ཆུ་ལ་ལྗང་མདོག་གི་ཚེ་སྲོག་བསྐྲུན།
དུ་བ་གྱ་གྱུ་ཞིག་ནམ་མཁའི་སྤྲིན་ལ་འདྲེས།
དེ་ནི་ངའི་སྙིང་དུ་སྡུག་པའི་ཕ་གཞིས་ཡིན།
དཔྱིད་དཔལ་བུ་མོའི་ལང་ཚོ་རྒྱས་ཏེ་གོས་ལྗང་གི་འཕྱོར་གོས་མནབས།
དེ་ནི་མི་ཡུལ་གྱི་དག་ཞིང་གཞན་ཞིག
སྟོན་ཟླ་བརྒྱད་པའི་མུ་རིའི་མཁའ་དབྱིངས་སུ་སྤྲིན་དཀར་གྱི་འདབ་མ་རབ་ཏུ་རྒྱས།
སྔོ་ལྗང་གི་རྩྭ་ཐང་། གཡང་དཀར་གྱི་ལུག་ཁྱུ། མཛེས་སྡུག་གི་མེ་ཏོག
མཁས་མཛངས་ལྡན་པའི་མི་རབས་ཤིག་གི་བློ་ཕུག་ལ།
མུ་རི་ནི་བདེ་སྐྱིད་དཔལ་གྱིས་ཕྱུག་པའི་ཕ་གཞིས་ཤིག་ཏུ་འདོད།
མེས་རྒྱལ་ལ་དགའ་གུས་ནི་རྟག་བརྟན་གྱི་ཁ་ཕྱོགས་ཤིག
སྐྱེ་ཁམས་ལ་སྲུང་སྐྱོབ་ནི་འགྱུར་མེད་ཀྱི་དམིགས་འབེན་ཡིན།
རི་ཆུ་ནགས་གསུམ་བླ་དང་ཚེ་སྲོག་ཕྲ་རགས་མ་རུ་བཀུར་བ་དེ།
ངའི་ཚེ་རབས་ཀྱི་འགན་འཁྲི་དང་མཚོ་སྔོན་གྱི་མཛེས་སྡུག་མཐར་ཐུག་དེ་ཡིན།
དྭངས་གསལ་གྱི་ཆུ་བོ་དང་མཐོན་མཐིང་གི་ནམ་མཁའི་འབོད་པ་ཡིན་ནམ་ཅི་ཆ།
ལྷོ་བཞུད་ཀྱི་ཁྲུང་ཁྲུང་དག་གིས་མུ་རིའི་ལྗང་མདོག་གི་རི་དང་དྭངས་གསལ་གྱི་ཆུ་བོའི་བར་མཚམས་སུ།
རང་དབང་གི་གཤོག་པའི་གར་སྟབས་བསྒྱུར་ནས་ལྡིང་བསྐོར་བརྒྱབ།
མདོ་ལ་རིང་མོ་ནི་རི་ལ་ཆུ་བོས་བརྒྱན་ཞིང་ཆུ་ལ་རི་བོས་བརྒྱན།
མུ་རི་ནི་མི་ཡུལ་གྱི་ཤམ་བྷ་ལ་དེའོ།།
མཚོ་རེ་ན་ཀླུ་རེ་དང་རི་རེ་ན་ལྷ་རེ་གནས་པའི་འདུ་ཤེས་ཟབ་མོ་དེས།
ང་ཚོ་ལ་མཛེས་སྡུག་གི་ཕ་གཞིས་དྲོན་མོ་འདི་བསྐྲུན།
མི་དང་རང་བྱུང་ཁམས་ལ་སྐྱིད་སྡུག་མཉམ་མྱོང་ལས་མེད།
དེ་ཡིད་ཀྱིས་སྙོར་ཞིང་སེམས་ཀྱིས་བསྐྱངས་ཚེ།
ད་གཟོད་འཇིག་རྟེན་གྱི་ཆེས་སྙན་པའི་སྙན་ངག་འབྲི་ཐུབ།
“ལྟོ་གོས་ལ་རེ་བ”ནས“སྐྱེ་ཁམས་ལ་རེ་བའི” བར།
སྤྱིར་བཏང་གི་མི་སེར་ཚོས་བགྲང་བྱ་ཅི་ཙམ་ཞིག་ལ།
ལྗང་མདོག་གི་ཁྱིམ་གཞིས་ཤིག་བསྐྲུན་ནས།
དགའ་སྤྲོའི་ངང་དག་གཙང་གི་མཁའ་དབུགས་ཤིག་དང་།
དྭངས་གཙང་གི་ཆུ་མོ་ཞིག་ལ་ཅི་དགར་རོལ་བར་རེ་ལྟོས་བྱས།
“འཚོ་གནས་ཡོང་ཐབས”ནས“སྐྱེ་ཁམས་ཡོང་ཐབས” བར།
རྒྱལ་སྐྱོང་སྲིད་གཉེར་གྱི་ཁྲིམས་སྲོལ་ལས་འཕེལ་རྒྱས་ཁྲོད་ནས་སྲུང་སྐྱོབ་དང་།
སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་གཏོང་བའི་འདུ་ཤེས་གནད་དུ་བཟུང་སྟེ།
རི་བོ། ཆུ་མོ། རྣང་ཞིང་། མཚེའུ། བྱེ་ཐང་སོགས་སུ་མཛེས་སྡུག་གི་ལྗང་མདོག་བསྐྲུན།
གསར་སྤེལ། བེད་སྤྱོད། སྲུང་སྐྱོབ་ལ་བརྟན་སྲུང་གི་ཚད་གཞི་གསལ་པོར་བཟོས།
མི་རྣམས་ཀྱིས་རང་གི་མིག་བཞིན་དུ།
རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་།
རང་གི་ཚེ་སྲོག་བཞིན་དུ།
མུ་རིའི་མཐིང་མདོག་གི་ནམ་མཁའ་དང་སྔོ་ལྗང་གི་རྩྭ་ཐང་ལ་སྲུང་སྐྱོབ་བྱས་ཏེ།
མཛེས་སྡུག་གི་རི་ཆུ་མིག་ལམ་དུ་མངོན་པར་བྱེད་དགོས།
སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་གོམ་སྟབས་འདིའི་ཁྲོད།
གདོང་ལ་དགའ་བའི་འཛུམ་མདངས་རྒྱས་ཏེ།
མུ་མཐའ་མེད་པའི་ཨ་སྔོན་དབྱིངས་སུ་ཡང་བསྐྱར་སྐར་ཚོགས་ཁྲ་ཆིལ་ལེར་མངོན་པར་བྱེད་པ་དང་།
ཡངས་ཤིང་ཆེ་བའི་དོག་མོ་ས་རུ་ཡང་བསྐྱར་སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་བར་བྱེད།
འདི་ནི། སྲིད་ཏང་ཞིག་གི་རྩེ་རིམ་ཇུས་འགོད་ཡིན།
འདི་ནི། དུས་རབས་ཤིག་གི་མཐོ་འཛེགས་རྒྱང་ལྟ་ཡིན།
འདི་ནི། རྒྱལ་ཁབ་སྟོབས་ལྡན་ཞིག་གི་འཐབ་ཇུས་བཀོད་སྒྲིག་ཡིན།
འདི་ནི། མི་རིགས་ཤིག་གི་ཡུན་རིང་འཕེལ་རྒྱས་དང་།
སྐྱེ་ཁམས་དཔལ་ཡོན་ལ་སྐུལ་འདེད་གཏོང་བ།
མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་བུའི་སྟེང་གི
མིག་མངས་ཆེན་པོ་ཞིག་ཡིན།
མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི།
དམངས་སེམས་གཅིག་ཏུ་བསྒྲིལ་ནས་བྲིས་པའི་རི་མོ་ཞིག་ཡིན།
དེ་ནི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཡིན།
དེང་སྐབས་ཀྱི་མུ་རིས།
ཁོའི་སྔར་ཡོད་ཀྱི་མཛེས་སྡུག་མངོན་པར་བྱས་ནས།
དུས་རབས་ཉེར་གཅིག་པར་ཁ་ཕྱོགས་ཏེ།
རང་ཉིད་ཀྱི་ཡིད་དུ་འོང་བའི་ཕུགས་འདུན་དེ་མངོན་འགྱུར་བྱེད་བཞིན་ཡོད།