ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་སྤུས་ཚད་མཐོན་པོས་མཉམ་འཛུགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-31


སི་ཁྲོན་དང་ཁྲུང་ཆིང་གིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཇུས་འགོད་བྱས་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་མཉམ་དུ་བསྐྲུན་པ་བརྒྱུད། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་སྤུས་ཚད་མཐོན་པོས་མཉམ་འཛུགས་བྱེད་བཞིན་པ།

       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ནུབ་རྒྱུད་དུ་སྤུས་མཐོའི་གོང་འཕེལ་གྱི་འཕར་སྣེ་གལ་ཆེན་ཞིག་ཆགས་པ་བྱ་དགོས་ཞེས་ནན་གསུངས་གནང་ཡོད། ཉེ་བའི་ལོ་ཤས་ནང་། སི་ཁྲོན་དང་ཁྲུང་ཆིང་ས་ཆ་གཉིས་ཀྱིས་གྲོང་ཁྱེར་གཉིས་ཀྱི་འཛུགས་སྐྲུན་ལ་དང་དོད་ཆེན་པོ་བྱེད་པ་དང་དཔལ་འབྱོར་ཁུལ་མཉམ་དུ་འཛུགས་པ་བརྒྱུད། རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་ཆེན་པོ་དེ་ལྷན་དུ་སྐྲུན་བཞིན་ཡོད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མཉམ་དུ་ཇུས་བཀོད་དང་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་མཉམ་དུ་བསྐྲུན་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་ཁྱབ་ཁོངས་ཁག་གི་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་སུ་གཏོང་བཞིན་ཡོད།

        ཁྲུང་ཆིང་ཅང་གཉིས་ཁུལ་གསར་ཡུས་ཧྥུའུ་བཟོ་ལས་གླིང་གི་ནུས་རྒྱུ་གསར་པའི་རླངས་འཁོར་ཁེ་ལས་ཤིག་གི་གྲངས་འཛིན་ཅན་གྱི་སྒྲིག་སྦྱོར་འཁོར་ཁང་ནང་དུ་འཕྲུལ་འཁོར་དག་གིས་བར་མེད་འགུལ་སྐྱོད་བྱས་ནས་བྲེལ་འཚུལ་ཀྱི་རྣམ་པས་ཁེངས་ཤིང་ཐོན་སྐྱེད་བྱས་པའི་ཐོན་རྫས་དག་གིས་རྒྱལ་ནང་ཁྲོམ་རའི་དགོས་མཁོ་སྐོང་བ་དང་ཆབས་ཅིག་ད་དུང་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་བརྩོན་ལེན་ཧུར་ཐག་བྱེད་བཞིན་ཡོད། ཁེ་ལས་ཀྱི་འགན་འཁུར་བ་ཏེང་ཁྲེང་ཧའོ་ཡིས། སི་ཁྲོན་དང་ཁྲུང་ཆིང་ས་ཆ་གཉིས་ཀྱིས་བཙུགས་པའི་རླངས་འཁོར་ཐོན་ལས་སྦྲེལ་ཐག་གི་མཁོ་འདོན་དང་དགོས་མཁོའི་ཆ་འཕྲིན་འབྲེལ་མཐུད་ཀྱི་སྟེགས་བུ་བེད་སྤྱོད་བྱས་ནས་ཁྲེང་ཏུར་ཁོང་ཚོས་ལག་རྩལ་གྱི་དགོས་མཁོ་དང་མཐུན་པའི་མཁོ་སྤྲོད་ཚོང་པ་རྙེད་ཡོད་པ་དང་། རླངས་འཁོར་དཔེ་གསར་གྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། སི་ཁྲོན་དུ་རླངས་འཁོར་གྱི་རྒྱུ་ཆ་གསར་པ་ཞིབ་བཟོའི་ཐད་བཟང་ཆ་ལྡན་ཡོད་པ་དང་། ཡང་ཁྲུང་ཆིང་དུ་རླངས་འཁོར་ཞིབ་འཇུག་གསར་སྤེལ་དང་ཆ་སྒྲིག་ཐད་བཟང་ཆ་ལྡན་ཡོད། ང་ཚོའི་ཐོན་རྫས་གསར་པ་དག་སྤུས་ཀ་ཡག་པོའི་ཐོག་ནས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་མགྱོགས་པོ་དེ་འདྲ་བྱེད་ཐུབ་དོན་ནི་ས་ཆ་གཉིས་པོའི་རླངས་འཁོར་ཐོན་ལས་མཐུན་སྦྱོར་གསར་སྐྲུན་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་གསུངས་ཡོད།

        རླངས་འཁོར་ཐོན་ལས་ནི་ཁྲུང་ཆིང་གི་ཀ་རྟེན་ཐོན་ལས་ཡིན་པ་དང་། ཐོན་ལས་སྦྲེལ་ཐག་དེའི་གཡས་གཡོན་རྒྱབ་མདུན་ན་ཁེ་ལས་སྟོང་ལ་ཉེ་བ་ཞིག་འབྲེལ་ནས་ཡོད། བཟང་ཆ་ཕན་ཚུན་གསབ་རེས་གཏིང་ཟབ་པ་ཞིག་བྱ་རྒྱུའི་ཆེད་དུ་སི་ཁྲོན་དང་ཁྲུང་ཆིང་ས་ཆ་གཉིས་ཀྱིས་ལས་ཀའི་ཇུས་གཞི་བཏིང་བ་དང་། རླངས་འཁོར་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལས་ཕྱོད་ཆེན་པོས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་བཏོན་ནས། ཁྲི་དང་དུང་ཕྱུར་རིམ་པའི་རླངས་འཁོར་ཐོན་ལས་ཁྱུ་ཚོགས་མཉམ་དུ་འཛུགས་སྐྲུན་བྱེད་བཞིན་ཡོད། ཁྲུང་ཆིང་ཅང་གཉིས་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཅེ་ཡིས། སི་ཁྲོན་དང་ཁྲུང་ཆིང་གི་རླངས་འཁོར་ཐོན་ལས་ལ་རང་སོའི་བཟང་ཆ་ལྡན་ཡོད། གལ་ཏེ་གཞི་གཅིག་ཅན་གྱི་གོང་འཕེལ་གཏོང་ཐུབ་ན། བཟང་ཆ་དེ་གཉིས་ཕན་ཚུན་མཉམ་དུ་འཛོམས་ནས་སྔར་བས་ཤུགས་ཆེར་འགྲོ་ཐུབ་པ་དང་། ཆ་ཚང་བའི་ཐོན་ལས་སྦྲེལ་ཐག་གི་མ་ལག་གཅིག་ཡོད་པས། སི་ཁྲོན་དང་ཁྲུང་ཆིང་གི་རླངས་འཁོར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ལྡབ་ཀྱིས་གཏོང་ཐུབ་རྒྱུ་རེད་ཅེས་གསུངས་ཡོད།

        འདས་པའི་ལོ་ཤས་ནང་། སི་ཁྲོན་དང་ཁྲུང་ཆིང་ས་ཆ་གཉིས་ཀྱིས་ཐོན་ལས་རོགས་ལས་སྐོར་ལ་དམིགས་ནས་མཉམ་ལས་ཀྱི་གྲོས་ཆོད་མང་པོར་གྲོས་འཆམ་བྱུང་བ་དང་། ཡང་སྒོས་སུ་རླངས་འཁོར་དང་གློག་རྡུལ་ཆ་འཕྲིན་གྱི་ཁྱབ་ཁོངས་ན་ས་ཁོངས་ཧྲིལ་པོའི་ཆ་སྦྱོར་སྒྲིག་ཚད་༨༠%ལས་བརྒལ་ཡོད། ས་ཆ་གཉིས་པོས་ད་དུང་ཐོན་ལས་སྦྲེལ་ཐག་གིས་གསར་སྐྲུན་སྦྲེལ་ཐག་ལ་བཀོད་སྒྲིག་བྱེད་པའི་སྐོར་ལ་དམིགས་ནས་ནུབ་རྒྱུད་ཀྱི་ཚན་རིག་གྲོང་མཉམ་འཛུགས་བྱས་པ་དང་། སི་ཁྲོན་དང་ཁྲུང་ཆིང་གི་ཚན་རྩལ་གསར་སྐྲུན་མཉམ་ལས་འཆར་གཞི་ལག་ལེན་བསྟར་ཡོད། གློག་རྡུལ་ཚན་རྩལ་སློབ་ཆེན་ཁྲུང་ཆིང་གློག་རྡུལ་ཕྲ་རབ་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་གི་རྒྱུན་ལས་འགོ་འཛིན་གཞོན་པ་ཐང་ཧེ་ཡིས། མ་འོངས་པའི་ལོ་ལྔའི་ནང་ང་ཚོས་རྩེར་སོན་ཤེས་ལྡན་པ་བཅུ་ཡིས་སྣེ་ཁྲིད་བྱས་པའི་ཚན་ཞིབ་ཚོགས་པ་ཞིག་འཛུགས་རྒྱུ་དང་ཆབས་ཅིག་ང་ཚོས་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་དང་ཐོན་ལས་གསར་སྤེལ་གྱི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

        དེང་རབས་ཅན་གྱི་ཐོན་ལས་མ་ལག་མཉམ་དུ་དོན་གཉེར་བྱེད་པ་དང་ཆབས་ཅིག ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་ད་དུང་འགྲིམ་འགྲུལ་མཚོན་བྱེད་དུ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་གྱི་གྲས་ཤིག་རེད།

        ཁྲེང་ཏུའུ་དང་ཁྲུང་ཆིང་གི་དབུས་ལམ་མྱུར་བགྲོད་ལྕགས་ལམ་གྱི་འགོ་ཚུགས་བབས་ཚུགས་འཛུགས་སྐྲུན་བྱ་ཡུལ་དུ། འཕྲུལ་ཆས་ཆེ་གྲས་བཅུ་ལྷག་ཙམ་གྱིས་ཚ་ཚ་འུར་འུར་ངང་ལས་ལ་བྲེལ་ནས་ཡོད། མ་འོངས་པར་འདི་ནས་རྡོག་ཐོན་བྱས་ནས་སྐར་མ་༥༠ཙམ་ལ་ཁྲུང་ཆིང་དུ་འབྱོར་རྒྱུ་རེད། རྣམ་གྲངས་གལ་ཆེན་རབ་དང་རིམ་པ་མཉམ་དུ་དོན་འཁྱོལ་ཡོང་བ་དང་བསྟུན་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་དེ་སྔར་ལས་དར་ཞིང་རྒྱས་པའི་སྒོ་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པས། སྐམ་སའི་དབུས་ཁུལ་གྱི་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་དང་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ནུས་ཆེའི་སྦྲེལ་མཐུད་ཐུབ་རྒྱུ་རེད།

        ན་ནིང་སྤྱི་ཟླ་༡༢པའི་ཚེས་༣༠ཉིན། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་སི་ཁྲོན་དང་ཁྲུང་ཆིང་གི་སྤྱིའི་དབོར་འདྲེན་བྱེད་ཚད་འབུམ་དྲུག་ལས་བརྒལ་བའི་ཚད་ལྡན་སྒམ་གྱི་རླངས་འཁོར་གཏོང་བའི་མཛད་སྒོ་དེ་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་དང་ཁྲུང་ཆིང་མཐུན་སྒྲིལ་གྲོང་ཚོའི་ལྟེ་བའི་ས་ཚིགས་སུ་མཉམ་དུ་གཉེར་ཡོད། སྤྱི་ལོ་༢༠༢༢ལོར་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་ཤར་གཏོང་ཐུབ་པའི་ལམ་ཐིག་༧༨ཟིན་ནས། བགྲོད་ལམ་གཉེར་སྐྱོང་ལོ་༥རིང་གི་ཟིན་ཐོ་གསར་པ་བཏོད་ཡོད། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་ཟོག་འགྲེམས་དང་གཉེར་སྐྱོང་སྒྲིག་འཛུགས་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཝུའེ་ཡིས། སི་ཁྲོན་དང་ཁྲུང་ཆིང་གིས་སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེ་སོགས་ཐད་ཀྱི་གསར་གཏོད་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་ནས། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་དེ་དག་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་མིག་དཔེར་ཧུར་ཐག་གཏོད་རྒྱུ་རེད་ཅེས་གསུངས་ཡོད།

        ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་སྤུས་མཐོའི་གོང་འཕེལ་གྱིས་ས་གནས་གཉིས་ཀྱི་མང་ཚོགས་ཀྱི་སྤུས་མཐོའི་གྲོང་ཁྱེར་གཉིས་ཀྱི་འཚོ་བ་དེ་དོན་ངོ་མར་མངོན་འགྱུར་ཡོང་བཞིན་ཡོད། སྤྱི་ལོ་༢༠༢༢ལོའི་ལོ་མཇུག་བར། ཁག་གསུམ་པའི་སི་ཁྲོན་དང་། ཁྲུང་ཆིང་མཉམ་སྒྲུབ་དོན་ཚན་༡༠༡ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད་པ་དང་། མཉམ་སྒྲུབ་བྱས་པའི་དོན་དག་༣༡༡ཙམ་ཟིན་ཡོད། སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྲོང་གཉིས་སྲིད་ཇུས་མཐུན་སྦྱོར་ཁྲུའི་ཁྲུའུ་ཀྲང་ལུའོ་ཕེང་གིས། ང་ཚོས་སྟོབས་ཤུགས་གཉིས་མཉམ་འགུལ་དང་། ཁུལ་གཉིས་མཉམ་འགུལ། གཤོག་ཟུང་གཞོགས་འདེགས་བཅས་བྱེད་པ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་འཐུས་ཚང་དུ་གཏོང་བ། བཟང་ཆ་ལྡན་པའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་སྐྱེད་སྲིང་བཅས་བྱས་ནས། སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དང་། འཐབ་ཇུས་ཀྱི་རོགས་ལས་དང་། སྲིད་ཇུས་ཀྱི་མཐུན་སྦྱོར། ལས་ཀའི་མཐུན་སྦྱོར་བཅས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་རེད་ཅེས་གསུངས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1