ཀླུ་ཚང་བྱམས་ཚེས་བྲིས་ཤིང་པར་མཁོ་འདོན་བྱས།
1.སྣང་རའི་གསེར་ཁང་ཆེན་མོ།
ཤར་ཕྱོགས་རིགས་པའི་དཔའ་བོ་ཆོས་ཀྱི་རྗེས། །བྱ་ཁྱུང་གདན་ས་འཚོལ་བའི་ཕེབས་ལམ་དུ། །འདིར་བྱོན་སྣང་རའི་དོན་གྲུབ་སེངྒེ་ཡིས། །སྦྱིན་བདག་མཛད་དེ་བཞེངས་པ་ཐོས་ལགས་སམ། །བསོད་ནམས་བྱ་བར་ཙི་ནའི་ཇུ་ཐིག་པས། །ལུང་བསྟན་སྤྲུལ་པའི་ཁྲ་ཡི་རྗེས་བསྙེགས་པས། །འདི་གའི་ས་འབུར་སྟེང་ལ་བབས་པ་ལས། །བཞེངས་པར་གྲགས་པའི་སྒྲོས་ཀྱང་གསན་ལགས་སམ། །ཕྱིས་སུ་བྱ་ཁྱུང་ལྷ་ཁང་གྲུབ་པ་ལ། །རབ་གནས་མཛད་དུས་བྱིན་རླབས་མེ་ཏོག་ཆར། །འདི་ཡི་སྟེང་ལ་དངོས་སུ་བབས་པ་ཡང་། །གཏེར་གྱི་སྒྲོམ་དུ་བཞུགས་པ་མཇལ་ལགས་སམ། །དབུས་ཀྱི་རྟེན་དུ་དུས་གསུམ་སངས་རྒྱས་དང་། །ཉེ་བའི་སྲས་ཆེན་བརྒྱད་སོགས་བརྟེན་པ་བཞུགས། །གནམ་རྒྱན་དུད་པའི་དྲེག་པས་ཟིན་གྱུར་ཀྱང་། །ཚེ་དཔག་མེད་སོགས་རིས་སྣང་མཇལ་ལགས་སམ། །དེ་ཡི་བར་སྐོར་གཡས་གཡོན་ལོགས་བྲིས་སུ། །ཆོས་རྗེའི་ཤངས་ཁྲག་གིས་བཞེངས་དམ་ཅན་གྱི། །ཤིན་ཏུ་གཉན་ཆ་ཆེ་བའི་རྟེན་ཐང་དང་། །རྒྱལ་བ་རིགས་ལྔ་ལ་སོགས་བཞུགས་པ་ལ། །ད་ལྟའི་བར་དུ་བགྲང་བྱ་དྲུག་བརྒྱ་དང་། །བདུན་ཅུ་ལྷག་ཙམ་ཐལ་བར་གྱུར་ན་ཡང་། །འགྲོ་བའི་བསོད་ནམས་དཔལ་དུ་ལྷམ་མེ་བ། །དད་གསུམ་སྣང་བས་རྩེ་གཅིག་མཇལ་ལགས་སམ། །ལྷ་ཁང་གཡས་སུ་འདུ་ཁང་རྣམ་གཉིས་དང་། །གཡོན་དུ་ཀུན་མཁྱེན་འཇིགས་མེད་དབང་པོ་ཡིས། །ཡུམ་གྱི་དགེ་རྩར་བཞེངས་པའི་བྱམས་སྐུ་སོགས། །རྟེན་དང་བརྟེན་པ་དང་བས་མཇལ་ལགས་སམ། །
2.སྣང་རའི་སྟོང་དཔོན་གྱི་གཞིས་ཀ །
མངའ་བདག་ཁྲི་རལ་གདུང་རྒྱུད་གྲགས་པ་ཡི། །སྣང་རའི་དཔོན་རབས་ཐ་མ་དབང་ཆེན་གྱིས། །བགྲང་བྱ་དགུ་ཡི་རིང་ལ་བཞེངས་པ་ཡི། །གཞིས་ཀ་ངོ་མཚར་ཅན་ཡང་མཇལ་ལགས་སམ། །མཁར་གྱི་རྔམས་མཐོ་ཁང་མིག་བརྒྱ་རྩ་ཡང་། །ཐོག་སོའི་རྣམ་པ་ར་བ་སྟོད་སྨད་དུ། །ཕྱེ་བའི་བློས་བསླངས་བཀོད་པ་སྣ་ཚོགས་པས། །ཡིད་ལ་ངོ་མཚར་ལྟད་མོ་སྐྱེད་ལགས་སམ། །
3.ཀུན་མཁྱེན་འཇིགས་མེད་དབང་པོའི་འཁྲུངས་གཞིས།
སྣང་རའི་དཔོན་པོའི་གདུང་དུ་སྐུ་བལྟམས་ཤིང་། །མཁས་པས་རྗེས་བཟུང་གདམས་པའི་མཛོད་འཛིན་པ། །ས་སྟེང་མཁས་པའི་གཙུག་རྒྱན་ཀུན་མཁྱེན་པའི། །འཁྲུངས་གཞིས་བྱིན་རླབས་ཅན་ཡང་མཇལ་ལགས་སམ། །དེ་ན་ན་བཟའ་བཞུགས་ཁྲི་ང་འདྲ་མ། །ཡུམ་གྱི་སྐུ་གདུང་མཆོད་རྟེན་ལ་སོགས་པ། །བགྲང་བྱ་སུམ་བརྒྱར་ཉེ་ཙམ་ཐལ་ན་ཡང་། །ལྷམ་མེར་བཞུགས་པས་དད་པ་འཁྲུངས་ལགས་སམ། །
4.སྣང་རའི་མཆོད་རྟེན་ཆེན་མོ།
མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་གྱི། །ནང་ཚན་ཡིན་ཞེས་སྐྱེ་བོ་ཁ་ཅིག་སྨྲ། །སྣང་རའི་གསེར་ཁང་ཆེན་མོའི་དུས་མཉམ་དུ། །བཞེངས་པའི་སྒྲོས་ཀྱང་དམངས་ཀྱི་ངག་ན་སྣང་། །གང་ལྟར་ཀུན་མཁྱེན་འཇིགས་མེད་དབང་པོའི་སྡེས། །ཞིག་གསོས་མཛད་པའི་ཚུན་ལ་ལན་གསུམ་དུ། །ཆག་འཇིག་འོ་བརྒྱལ་མྱངས་ཀྱང་ལྷང་ངེ་བའི། །སྣང་རའི་མཆོད་རྟེན་ཆེན་མོ་མཇལ་ལགས་སམ། །
5.ལོ་རྡོ་རྗེ་བྲག །
ལྷ་ལུང་དཔལ་རྡོར་མཁས་པ་མི་གསུམ་དང་། །སྤྲེལ་ནག་སྒོམ་ཆེན་འཕྲིན་ལས་ཕུན་ཚོགས་སོགས། །ཕྱིས་ཀྱི་མཁས་གྲུབ་དུ་མའི་སྒྲུབ་པའི་གནས། །ལོ་བའི་རྡོ་རྗེ་བྲག་ཀྱང་མཇལ་ལགས་སམ། །ཤེས་རབ་མཆོག་གྱུར་ཤཱ་རིའི་བུ་ཡི་སྐུ། །བྱ་རྒོད་ཕུང་པོར་སྤྲུལ་ནས་བཞེངས་པ་ཡི། །ལོ་བའི་གསེར་ཡུམ་བྱིན་ཅན་བཞུགས་པ་ཡི། །ལོ་ཁོག་ཐོག་འཛིན་སྒྲུབ་ཕུག་མཇལ་ལགས་སམ། །དཔལ་གྱི་རྡོ་རྗེའི་མདའ་གཞུ་གཏེར་སྦས་ཤིང་། །སངས་རྒྱས་གླང་བོའི་རིང་བསྲེལ་བཞུགས་པ་ཡི། །ས་པཎ་ཡབ་སྲས་བྱིན་གྱིས་བརླབས་པའི་གནས། །འབུམ་ཁང་འཇའ་འོད་མ་ཡང་མཇལ་ལགས་སམ། །བྲག་ལ་རང་བྱོན་བརྐོས་པའི་སྐུ་བརྙན་དང་། །ཕ་བོང་མ་ཎི་ཡིག་དྲུག་རང་བྱོན་དང་། །ཐར་ཤུལ་དཔོན་སློབ་བཞུགས་ཁྲི་བྱིན་ཅན་སོགས། །མཇལ་བས་ཡིད་གཡོས་དད་པ་འཁྲུངས་ལགས་སམ། །རྗེ་བཙུན་གསེར་ཁང་བླ་ཁོ་རིན་པོ་ཆེ། །ཐར་ཤུལ་དཔོན་སློབ་ཡོངས་འཛིན་རྡོ་རྗེ་འཆང་། །སྐྱེས་ཆེན་དམ་པའི་གསུང་རྒྱུན་ལས་བྱུང་བའི། །གནས་མཆོག་འདི་ཡི་ཆེ་བ་ཐོས་ལགས་སམ། །
6.མགུར་གྱི་ཇོ་བོ།
ཁྲི་སྲོང་ལྡེ་བཙན་མངའ་བདག་ཁྲི་རལ་སྐབས། བོད་དམག་རྣམས་ཀྱིས་གནས་འདིར་གུར་བཏབ་པས། ཡུལ་མིང་གུར་དུ་ཐོགས་པ་ཟུར་ཉམས་ཏེ། །ཕྱིས་སུ་མགུར་ཞེས་གྲགས་པ་དྲན་ལགས་སམ། །ལ་མོ་བློ་གྲོས་རྒྱ་མཚོས་ཕྱག་བཏབ་པའི། །བདེ་ཆེན་མ་དགོན་རྨ་མགུར་རྣམ་རྒྱལ་གླིང་། །མདོ་སྨད་གཅན་ཚའི་ཡུལ་གྱི་དགོན་སྡེ་ཡི། །སྔ་གྲས་ཡིན་པའི་གཏམ་ཡང་ཐོས་ལགས་སམ། །ས་པཎ་གྱིས་བཞེངས་ཇོ་བོ་བརྒྱ་རྩ་དང་། །མདོ་སྨད་ཇོ་བོ་གསུམ་གྱི་ཡ་གྱལ་སྟེ། །ལྷ་ལྡན་ཇོ་བོར་སྐུ་ཚད་མཉམ་པ་ཡི། །མགུར་གྱི་ཇོ་བོ་བྱིན་ཅན་མཇལ་ལགས་སམ། །
7.གཅན་ཚའི་མ་ཎི་ཆུ་འཁོར་ཆེན་མོ།
རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ། །བཞུགས་པའི་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི། །འཁྲུངས་ཡུལ་དཀར་མོ་ཕུག་དང་ཉེ་བ་ཡི། །གཅན་ཚའི་མ་ཎི་ཆུ་འཁོར་མཇལ་ལགས་སམ། །དེ་ན་རྒྱལ་བའི་ཡབ་གྱུར་དོན་རིན་པའི། །གཟུངས་མཆོག་ཕྱག་འཁོར་ནང་རྟེན་བཞུགས་པ་ལ། །ཆོས་ཀྱི་རྗེ་དང་གྲུབ་དབང་ཀརྨ་པས། །རབ་གནས་མཛད་པའི་གཏམ་ཡང་གསན་ལགས་སམ། །ཐོག་མཐའ་དབུས་སུ་བཞུགས་པའི་འཁོར་ལོ་གསུམ། །དྲི་མེད་ཡན་ལག་བརྒྱད་ལྡན་ཡུར་ལམ་ནས། །འབེབས་པའི་ཤུགས་ཀྱིས་བསྐོར་བ་ལས་བྱུང་བའི། །གདུང་སེལ་བདུད་རྩི་དད་པས་འཐུང་ལགས་སམ། །
8.ཨ་ཆུང་གནམ་རྫོང་།
མདོ་སྨད་རྫོང་བཞིའི་ཡ་གྱལ་ཕྱི་དར་གྱི། །བསྟན་པའི་འབྱུང་གནས་ཨ་ཆུང་གནམ་རྫོང་གི། །མཚན་ཟུར་བྲག་རི་འ་ཡིག་རང་བྱོན་གྱི། །དབྱིབས་ལ་བལྟོས་ཏེ་ཐོགས་པ་ཐོས་ལགས་སམ། །རྩེ་ན་མཁས་པ་མི་གསུམ་སྒྲུབ་ཕུག་དང་། །ཟངས་མདོག་དཔལ་གྱི་རི་བོའི་སྒྲུབ་ཕུག་དང་། །མ་སངས་འགེངས་པའི་ཕུག་པ་ལ་སོགས་པ། །བསྐལ་པར་མ་ཉམས་བཞུགས་པ་མཇལ་ལགས་སམ། །རྐེད་ན་མཁས་པ་མི་གསུམ་གནམ་རྫོང་རྩེར། །ཕེབས་པའི་སྐུ་ངལ་གསོ་བའི་བསྟི་གནས་སུ། །བླ་སྡོང་སྤུན་གསུམ་འཁྲུངས་པ་དུས་འཁྲུག་སྐབས། །བཅད་པའི་ཤུལ་ཙམ་གསལ་བ་མཇལ་ལགས་སམ། །འགབ་ཀྱི་བཀྲ་ཤིས་ཐང་དུ་རྣམ་རྒྱལ་གླིང་། །རྣམ་ཐར་ཐང་དུ་གསང་སྔགས་བསྟན་རྒྱས་གླིང་། །མཆོད་རྟེན་ཐང་དུ་བསམ་གཏན་འཕེལ་རྒྱས་གླིང་། །གསར་རྙིང་གྲུབ་མཐའི་དགོན་སྡེ་མཇལ་ལགས་སམ། །སྟོད་ན་དཀར་པོ་ལྷ་ཡི་རྫོང་དྲུག་དང་། །བར་ན་དམར་པོ་བཙན་གྱི་རྫོང་དྲུག་དང་། །སྨད་ན་སྔོན་མོ་ཀླུ་ཡི་རྫོང་དྲུག་བཅས། །རྫོང་ཆེན་བཅོ་བརྒྱད་གྲངས་ཀྱིས་མ་རྨོངས་སམ། །འདི་དང་མི་རིང་ལྷོ་ཕྱོགས་འུག་རྫོང་གི། །ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་དབར། །འོད་ཟེར་དཀར་པོ་ཞིག་གིས་སྦྲེལ་བའི་ཚུལ། །དག་པ་དུ་མས་གཟིགས་ཚུལ་ཐོས་ལགས་སམ། །ཀོའུ་བ་ཆོས་རྒྱམ་རྒྱལ་མཆོག་བདུན་པ་དང་། །རྐ་ཕུག་བློ་དོན་ཆོས་རྗེ་གསེར་ཁང་པ། །དགུ་རོང་སྤྲུལ་སྐུ་གཏེར་སྟོན་བསོད་རྒྱལ་སོགས། །འདིར་ཕེབས་བྱིན་གྱིས་བརླབས་པ་གསན་ལགས་སམ། །གྱེན་དང་ཐུར་ལ་ཤིང་དང་ལྕགས་ཀྱི་སྐས། །བཙུགས་པའི་བཤུལ་ལས་འབབ་འཛེགས་བགྱིས་པ་ཡིས། །དབུགས་དང་དོན་སྙིང་ཕན་ཚུན་འགྲན་པ་ཡི། །ཟློས་གར་རྩེན་པའི་རྣམ་ཐར་མ་བསྐྱངས་སམ། །ཆོས་འབྱུང་ལོ་རྒྱུས་རྣམ་ཐར་དཀར་ཆག་དང་། །ཕྱིས་ཀྱི་གྲོང་པའི་ངག་སྒྲོས་ཚུན་ཆད་ཀྱང་། །ཐོས་ཚད་གུང་བསྒྲིགས་ཙམ་གྱི་རེག་ཟིག་འདི། །མ་སླེབས་ཕྱི་དལ་ཅན་ཚོའི་སྤྱན་སྔར་འབུལ། །