ཚོ་བཞི་བ་རྡོ་རྗེ་དོན་གྲུབ།
ལྷོད་ཀྱིས་ཆས་ཤིང་།
ངང་གིས་བཞུར་གྱིན་པའི་སྐྱ་རེངས་བུ་མོ་དེ།
གསེར་ཞུན་ལྟ་བུའི་ནངས་མོ་དེར།
སུ་ཞིག་གི་སེམས་པ་དེ་གྲང་ཤུར་ཤུར་བཟོས།
དགུན་རླུང་གིས་གཙེས་པའི།
འཁྱགས་སོབ་སོབ་ཀྱི་གྲང་རྒྱུན་དྭངས་མོ་དེ།
ནངས་མོ་དེར་སྐྱ་རེངས་བུ་མོའི་མགུལ་རྒྱན་བཞིན།
ལྗིད་ཏིག་ཏིག་ཏུ་འཁྱིལ་ཞིང་ལྟེམས།
རང་ཚུགས་ཐུབ་པའི་གནམ་འདེགས་ཀྱི་ཀ་བ།
ཕྱི་རོལ་དུ་སྦྲུམ་པའི་ངལ་བ་བརྒྱ་ཕྲག་གི་དོད་དུ།
ཀྲོང་ལྷང་ངེར་ཞོགས་པའི་སྐྱ་རེངས་སེམས་ཀྱིས་ཀློག
ཁྱུང་ཆེན་གྱི་གཤོག་པ་དང་འདྲ་བའི་ཁ་བ་ལེབ་མོ་དག
སྐྱ་རེངས་བུ་མོའི་ལྷག་བསམ་ནང་བཞིན།
སྒང་པ་འདིའི་ཁུགས་སོ་གྲངས་མེད་ན།
མཁའ་ཁྱབ་ཀྱི་གྲང་རྒྱུན་ནས་ལྕུག་ལྕུག་ཏུ་འདར་ཞིང་།
འོད་ཆེམ་ཆེམ་དུ་མཁའ་དབྱིངས་ན་འཁྱུག
དངོས་པོའི་གཤིས་ལུགས་ཀྱིས།
བགྲོད་སྟངས་ཤིག་གི་ཚད་གྲུབ་ནས།
འབྲས་དུས་ཀྱི་ལྗང་སེར་ཕབ་པའི་ལོ་མ་བཞིན།
སྐད་ཅིག་མའི་བདག་ཉིད་ཀྱི་མཛེས་ཆོས་དེ་ལ།
དང་དད་ཀྱི་མིག་ཆུས་བརླན་བྱུང་།
ནངས་མོ་དེར་སྐྱ་རེངས་བུ་མོས།
འགྱུར་བ་སྟོང་གི་བཅུད་ཀྱིས་གསོས་པའི་དགའ་ཚོར་དེ།
འཇིག་སླ་བའི་གཡེར་བག་གི་ལང་ཚོ་བཞིན།
དགུ་ཚིགས་ཆུ་རྒྱུན་གྱི་ཕར་ངོགས་ལ་བཏབ་པའི།
ཚོར་སྐྱེན་གྱིས་བལྟམས་པའི་མེ་ཏོག་རྐང་གཅིག་གི་མཆོད་པ་རུ་གྱུར།