༄༅།། ཡིན་ན་བསམས་བྱུང་།

སྒྲོལ་མ་མཚོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-08


སྒྲོལ་མ་མཚོ།

མེ་ཏོག་སྟེང་འཐུང་དཀར་པོ། །

མཚན་ལ་ཟླ་བས་བཏབ་པ། །

ང་རང་མཚན་ལ་བཞད་པའི། །

ཀུ་མུད་ཡིན་ན་བསམས་བྱུང་། །

ཚིམ་བྱེད་ཙན་དན་གོས་སྔོན། །

དྲི་བཟང་ཤིང་གི་རིགས་རེད། །

ཞིམ་པའི་དྲི་བསུང་འཐུལ་བ། །

ཡལ་བ་མེད་ན་བསམས་བྱུང་། །

ང་རང་བདུད་འཇོམས་ཤིང་གི །

ལྕུག་ཕྲན་ཡིན་ན་བསམས་བྱུང་། །

མེ་ཏོག་ཨུ་དུམ་ཝ་ར། །

འཆར་རྒྱུ་བྱུང་ན་བསམས་བྱུང་། །

ཕར་འགྲོ་ཕ་གིར་ཤིག་ཤིག།

ཚུར་འོང་ཡིན་ན་བསམས་བྱུང་། །

དང་པོ་ཚུར་ལ་འདུས་པ། །

འབྲལ་བ་མེད་ན་བསམས་བྱུང་། །

ཉིན་མོ་ཁ་དཀར་ངོ་དཀར། །

ཨ་ཤེ་ཡིན་ན་བསམས་བྱུང་། །

དཀར་པོ་རང་གི་སེམས་པ། །

ནོགས་པ་མེད་ན་བསམས་བྱུང་། །

བྱང་སྟོད་སྐར་མ་སྨིན་དྲུག།

ཆེམ་ཆེམ་གནང་ན་བསམས་བྱུང་། །

འོད་ཀྱི་ཟེགས་མ་རེ་རེས། །

ལམ་སྟོན་གནང་ན་བསམས་བྱུང་། །

ལས་ཀྱི་དར་དཀར་མདུད་པ། །

བསོད་ནམས་ཅན་གྱིས་བཞེས་སོང་། །

རྣམ་དཀར་ཟླ་བའི་འོད་ཀོར། །

གཟིམ་པ་མེད་ན་བསམས་བྱུང་། །

བྲིས་པ་གསེར་རིས་དངུལ་རིས། །

ཡིད་ལ་བསྒོས་པའི་རི་མོ། །

ལག་རིས་ཆུ་དང་ཐིགས་པས། །

འཇིག་པ་མེད་ན་བསམས་བྱུང་། །

གསོམ་ཤུག་ཚང་ཚིང་སྐྱེས་པའི། །

ནགས་ལ་དབྱར་དགུན་མེད་པ། །

ང་རང་ནགས་ཀླུང་དེ་ཡི། །

བྱ་ཞིག་ཡིན་ན་བསམས་བྱུང་། །

ཆུ་དེ་ཆུ་བོ་སྐལ་ལྡན། །

ཤང་ཤང་རྣ་བར་ལྷུང་བ། །

ད་ཆ་རང་གི་སེམས་གཅོང་། །

ཆུ་མོས་འཁྱེར་ན་བསམས་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1